choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


འབྲུ་རུ་འབྲོང་སྣ་དགོན་གྱི་དབུ་མཛད་ལ་ལོ་བརྒྱད་ཀྱི་ཁྲིམས་ཆད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤ལོའི་ཟླ་༣ཚེས་༣༠ཉིན་སྤེལ། འདི་ག་གསར་ཁང་དུ་ཁུངས་ལྡན་གནས་ཚུལ་འབྱོར་བར་གཞིགས་ན། འབྲོང་སྣ་དགོན་གྱི་དབུ་མཛད་དང་འགན་འཛིན་གཅིག་ལྕོགས་པ་ལོ་ངོ་བཅོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག

དེ་ཡང་སྤྱི་ལོ་༢༠༡༤ཟླ་བ་དང་པོའི་ནང་ལ་མདོ་ཁམས་ནགས་ཤོད་འབྲི་རུ་འབྲོང་སྣ་དགོན་པའི་དབུ་མཛད་དང་འགན་འཛིན་༼རྒྱ་སྐད་དུ་ཀྲུའུ་རེན་༽གཅིག་ལྕོགས་དགེ་ཐར་འདོད་རྒྱལ་མཚན་ལགས་ཆབ་སྲིད་ཀྱི་ནག་ཉེས་འོག་ལོ་ངོ་བཅོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཁོང་ནི་ཡབ་འབྱུང་གནས་དང་ཡུམ་ཨ་སྒྲོལ་གཉིས་ཀྱི་སྲས་སུ་ཤར་སྣེ་གྲོང་དུ་སྤྱི་ལོ་ ༡༩༦༠ ཡོལ་ཙམ་ལ་འཁྲུངས་ཡོད་ཅིང༌།  ཡབ་འབྱུང་གནས་ནི་ ༡༩༦༩ ལོར་སླར་ཡང་འབྲི་རུའི་མི་དམངས་ཀྱིས་ཆོས་དང་རིག་གཞུང༌། རྒྱལ་ཁབ་དང་ལུང་པ་སོགས་སྲུང་སྐྱོབ་ཆེད་དུ་སྐྱེས་པ་ཕོ་ལོ་བཅོ་བརྒྱད་ཡན་ཆད་དང་དྲུག་བཅུ་མན་ཆད་ཡོངས་རྫོགས་དམག་ལ་བཞུགས་ནས་འབྲི་རུ་རྫོང་ཐོག་ཏུ་རྒྱ་དམག་དང་འཐབ་འཁྲུག་སྐབས་སྤུན་ཟླ་སྟོང་ཕྲག་མང་པོའི་ཚེ་སྲོག་ཕྲོགས་པའི་ཁྲོད་དུ་རྒྱ་དམག་གིས་བཀྲོངས་ཡོད་པ་དང༌། ཁོང་གི་ཨ་ཁུ་བཀྲ་ཤིས་སྲིད་ཐར་ཞུ་བ་ཞིག་སྐབས་དེའི་དོན་རྐྱེན་འོག་སྲོག་ཁྲིམས་ཕོབ་པའི་རྐྱེན་གྱིས་ལོ་ངོ་གསུམ་ཙམ་རིང་རི་ལ་བྲོས་བྱོལ་དུ་ཕྱིན་ནས་མཐར་སྲིད་རྒྱུད་ཅུང་གུ་ཡངས་སོང་པའི་དབང་གིས་སྲོག་ཁྲིམས་ཕྱིར་འཐེན་བྱས་ཡོད་པ་རེད།

དབུ་མཛད་ཁོང་ནི་དགུང་ལོ་གཞོན་སྐབས་གདན་ས་ཆེན་པོ་དགའ་ལྡན་དུ་ཆོས་བཞུགས་གནང་སྟེ་ནང་པ་སངས་རྒྱས་པའི་གཞུང་ལུགས་ལ་ཐོས་བསམ་གནང་ཡོད་པ་དང༌། སྤྱི་ལོ་ ༡༩༩༢ ལོ་ནས་འབྲོང་སྣ་དགོན་པའི་དབུ་མཛད་ཀྱི་ཐུགས་འགན་དང་ ༡༩༩༨ ལོ་ནས་ཀྲུའུ་རེན་གི་ཕྱག་ལས་གནང་བ་མ་ཟད། ཁོང་གིས་འབྲོང་སྣ་དགོན་པའི་ཤེས་ཡོན་སློབ་གསོ་དང༌། འདོན་རྟ་དབྱངས། ཐུན་མོང་མ་ཡིན་པའི་བྱེད་སྒོ་ཁག་བཅས་མདོར་ན་དགོན་པའི་ཆོས་དང་ཆབ་སྲིད་གང་ཅིའི་ཐད་ལ་ཐུགས་ཁུར་ཆེན་པོས་ཕྱག་ལས་གནང་ཡོད་པས་སྡེ་དགོན་གཉིས་ཀས་དད་མོས་ཆེན་པོ་ཞུ་སའི་སྐྱེས་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

འབྲོང་སྣ་དགོན་བདེ་ཆེན་དཔལ་འབར་གླིང་ནི་དུས་རབས་བཅུ་གཅིག་པའི་ནང་ཕྱག་བཏབ་པ་དང༌། དུས་རབས་ཉི་ཤུའི་དཀྱིལ་གྱི་རྒྱ་དམར་གྱི་བོད་ཀྱི་ཆོས་དང་རིགས་གཞུང་གཏོར་བཤིག་བྱེད་པའི་སྲིད་ཇུས་འོག་ནས་འབྲོང་སྣ་དགོན་པའང་རྩ་གཏོར་དུ་ཕྱིན་ཡོད་པ་དང༌། རྗེས་སུ་དགོན་པ་དེའི་མཁན་པོ་མཁྱེན་རབ་ཆོས་གྲགས་དང་དབུ་མཛད་བསྟན་འཛིན་དབང་ཕྱུག་སོགས་གནས་བརྟན་བགྲེས་སོན་རྣམས་ཀྱིས་དགོན་པའི་རྟེན་དང་བརྟེན་པ་བཞིག་གསོ་གནང་ནས་ད་ལྟ་དགེ་འདུན་གྱི་ཞལ་གྲངས་ ༩༠ ཙམ་ཡོད་པ་དང༌། མཁན་པོ་མཁྱེན་རབ་ཆོས་གྲགས་ནི་ཐར་འདོད་ཀྱི་ཨ་ཁུ་ཡིན་ཞིང༌། རྒྱ་དམར་གྱིས་བོད་བཙན་བཟུང་མ་བྱས་གོང་འབྲོང་སྣ་དགོན་པའི་མཁན་པོ་ཡིན་པ་དང་དུས་ཟིང་སྐབས་དམ་པ་ཁོང་ཡང་ལོ་ངོ་ ༡༥ རིང་ཆབ་སྲིད་བཙོན་འཇུག་དང་མནར་གཅོད་ཚད་ལས་འདས་པ་མྱངས་དགོས་བྱུང་ཡོད་པ་རེད།

སྤྱི་ལོ་ ༢༠༡༣ གྱི་ལོ་སྨད་དང་ ༢༠༡༤ ཡི་འགོ་སྟོད་དུ་འབྲི་རུ་རྫོང་གི་སེར་སྐྱ་མང་པོས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང་བོད་ཀྱི་རིག་གཞུང་བདག་སྐྱོང་གི་ལས་འགུལ་སྤེལ་བ་སོགས་ཀྱི་རྐྱེན་གྱིས་བོད་མི་མང་པོ་འཛིན་བཟུང་བཙོན་འཇུག་དང་རྡུང་རྡེག་ཚ་ནན་བཏང་བ་སོགས་ཀྱི་བྱ་སྤྱོད་ཁོངས་སུ་འབྲོང་སྣ་དགོན་པའི་རིག་གནས་དགེ་རྒན་སྐལ་བཟང་དོན་གྲུབ་གཙོ་བྱས་ཏེ་གྲྭ་རྒྱུན་ཁ་ཤས་བཙན་བཟུང་བྱས་ཡོད་ཅིང༌། སྔ་ལོའི་ལོ་མཇུག་ལ་དགོན་པའི་ནང་དུ་རྒྱ་དམག་གིས་གྲྭ་ཤག་ཁག་སྔོག་བཤེར་བྱས་ནས་མཐར་གྲྭ་ཤག་དང་དགོན་པ་སྒོ་ཐེལ་བརྒྱབས་པའི་གནས་ཚུལ་བྱུང་ཡོད་ལ། ད་ལྟའི་གནས་སྐབས་སུ་ཡང་དགོན་པའི་དགེ་འདུན་པ་རྣམས་ཚོགས་འཚོག་རྒྱུ་ལ་སོགས་པའི་རྒྱུན་ལྡན་གྱི་བྱེད་སྒོ་ཁག་ཀྱང་བྱེད་དབང་མེད་པར་ལྷག་ཡོད་པའི་གནས་ཚུལ་ཐོན་ཡོད།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།