རྒྱ་མི་ ༡༠༠ ལྷག་གླས་ཡོང་སྟེ་བོད་མི་ས་སྲུང་བར་རུབ་རྡུང་།

 པར་འདེབས།

 

ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༢ ཉིན་སྤེལ། འདི་ཟླའི་ཚེས་ ༡༧ ཉིན་མདོ་སྨད་མཚོ་སྔོན་ཞིང་ཆེན། མཚོ་བྱང་ཁུལ། མདོ་ལ་རྫོང་། ཨ་རིག་བྲག་དཀར་སྡེ་བ་དང་། རྒྱ་ནག་ཀན་སུ་ཞིང་ཆེན། མེན་ལི་རྫོང་། ཚོ་མེན་གྲོང་བརྡལ་གཉིས་ཀྱི་བར་དུ་ས་མཚམས་རྩོད་རྙོག་གི་འཁྲུགས་འཛིང་ཤོར་ཏེ། བྲག་དཀར་སྡེ་བའི་སྡེ་དཔོན་རབ་བརྟན་གཙོས་བོད་མི་ ༡༧ ལ་རྨས་སྐྱོན་ཚབ་ཆེན་ཕོག་ཡོད་འདུག

དེ་ཡང་ཨ་རིག་འགྱུར་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་གསལ། ལོ་བཅུ་ཕྲག་འགའི་སྔོན་ནས་བཟུང་
བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་། བོད་རིགས་ཨ་རིག་བྲག་དཀར་སྡེ་བ་དང་། ཀན་སུའུ་ཞིང་ཆེན་རྒྱ་རིགས་མེན་ལི་རྫོང་གཉིས་ཀྱི་བར་དུ་ས་མཚམས་རྩོད་རྙོག་གི་འཁྲུག་འཛིང་ཐེངས་མང་ཤོར་མྱོང་ཡོད་པ་ལྟར། ཐེངས་འདི་ཡང་མདོ་ལ་རྫོང་གི་བོད་རིགས་ས་སྲུང་བའི་སྡོད་གུར་རྒྱག་ཡུལ་འཁྱག་ལུང་དུ་ཚོ་མེན་གྲོང་བརྡལ་གྱི་རྒྱ་རིགས་ཚོས་ཀན་སུའི་གྲང་ཡང་ས་ཁུལ་ནས་རྒྱ་མི་ ༡༠༠ ལྷག་ལ་དངུལ་སྒོ་ ༡༠༠༠ རེ་སྤྲད་ནས་གླས་ཡོང་སྟེ་བོད་མི་ས་སྲུང་བ་ཚོར་རུབ་རྡུང་བྱེད་དུ་བཅུག་སྟབས། སྡེ་དཔོན་རབ་བརྟན་གཙོས་བོད་མི་ ༡༧ ལ་རྨས་སྐྱོན་ཚབ་ཆེན་ཕོག་ཡོད་འདུག

སྐབས་དེར་ས་སྲུང་ཁུལ་དུ་ བོད་མི་༣༠ ཡོད་ཙམ་ཡོད་ཀྱང་༡༠ རིར་བྲོས་ནས་ཐར་ཡོད་ན་ཡང་། བྲག་དཀར་སྡེ་བའི་སྡེ་དཔོན་རབ་བརྟན་ལགས་ཀྱི་རྐང་ལག་བཞི་བོ་བཅག་ཡོད་འདུག་ལ། བོད་མི་བསམ་འགྲུབ་དང་ཞོའོ་ཀྲང་གཉིས་ཀྱི་མགོ་དང་རྐང་པར་རྨས་སྐྱོན་ཚབས་ཆེན་བཟོས་ཏེ། ཁོང་གསུམ་ད་ལྟ་ཀན་སུའུ་ཀྲང་ཡེའི་སྨན་ཁང་ཆེན་པོ་ཞིག་ཏུ་མྱུར་སྐྱོབ་བྱེད་ཀྱིན་ཡོད་ཀྱང་ཚེ་སྲོག་གི་ཉེན་ཁར་ཐུག་ཡོད་འདུག གཞན་མི་ ༡༤ ཡི་མགོ་དང་རྐང་ལག་བཅག་པ་སོགས་རྨས་སྐྱོན་ཚབ་ཆེན་ཕོག་པ་བརྟེན་ད་ལྟ་རྫོང་མི་མང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་འདུག

ཕ་ཡུལ་ཡུལ་མི་ཞིག་གིས་འགྲེལ་བརྗོད་གནང་གསལ་ལ་གཞིགས་ན། འདས་པའི་ལོ་མང་སྔོན་ནས་སྡེ་གྲོང་གཉིས་བར་ས་མཚམས་རྩོད་ཉོག་གི་འཁྲུག་འཛིང་ཡང་ཡང་ཤོར་གྱི་ཡོད་ཀྱང་། བོད་མི་ཚོར་ད་ཐེངས་འདི་ལྟ་བུ་ཚབས་ཆེའི་ཉེས་རྡུང་དང་གྱོང་གུད་ཕོག་མྱོང་མེད་པ་ཡིན་འདུག

ཐེངས་འདིར་རྒྱ་མི་ཚོས་དབྱུག་པའི་སྣེ་མོར་ལྕགས་འཛེར་མང་པོ་བཙུགས་པའི་མཚོན་ཆ་ཞིག་བཟོས་ཡོད་པ་དེས། བོད་མི་ཚོར་གཞུས་ཏེ་ཤ་གསེང་དུ་ཟུག་རྗེས་ཕྱིར་འཐེན་སྐབས་ཤ་གཙབ་རལ་བཏང་ཡོད་འདུག་ལ། གཞན་རྡོ་དང་དབྱུག་པ་སོགས་ལག་ཏུ་གང་ཡོང་གིས་ཉེས་རྡུང་བཏང་ཡོད་འདུག

གནས་ཚུལ་དེ་བྱུང་རྗེས་ཨ་རིག་བྲག་དཀར་སྡེ་བར་ཡོད་པའི་ཉེན་རྟོག་པ་དང་མེན་ལི་རྫོང་གི་ཉེན་རྟོག་པ། རྫོང་ཁག་གཉིས་ཀྱི་མགོ་ཁྲིད་ཁག་ཅིག་བཅས་ས་གནས་སུ་འབྱོར་སྐབས། རྒྱ་མི་ཚོས་ཚུར་ཕྱོགས་ཀྱི་ཉེན་རྟོག་པར་ཉེས་རྡུང་གཏོང་རྩིས་བྱས་སྐབས། རྫོང་གཉིས་ཀའི་མགོ་ཁྲིད་ཚོས་ཐབས་མཁས་བསྟུན་ཤེས་ཀྱིས་གསལ་བཤད་བྱས་མཐར་འཁྲུག་འཛིང་མ་ཤོར་ཙམ་བྱུང་ཡོད་འདུག

སྤྱིར་མདོ་ལ་རྫོང་ཨ་རིག་བྲག་དཀར་སྡེ་བ་དང་མེན་ལི་རྫོང་ཚོ་མེན་གྲོང་རྡལ་གཉིས་བོད་རྒྱའི་ས་མཚམས་ལ་ཁེལ་ཡོད་སྟབས། ལོ་ལྟར་དབྱར་ཀར་བསླེབས་ཐེངས་རེར་བོད་རིགས་དང་རྒྱ་རིགས་བར་ས་མཚམས་རྩོད་ཉོག་གི་འཁྲུག་འཛིང་ལན་མང་ཤོར་བཞིན་ཡོད་ཀྱང་། ཞིང་ཆེན་དང་ཁུལ་རིམ་པས་ད་བར་གནས་ཚུལ་ཐག་གཅོད་གང་ཡང་བྱས་མེད་པ་རེད་འདུག

ཐེངས་འདིར་ཨ་རིག་བྲག་དཀར་སྡེ་བའི་མང་ཚོགས་ཀྱིས་ཡུལ་དམག་བསྡུས་ཏེ། ཕར་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད་ཀྱང་། མདོ་ལ་རྫོང་གི་མགོ་ཁྲིད་ཚོས་ཉིན་ ༥ རིང་ནང་གང་མགྱོགས་གནད་དོན་ཐག་གཅོད་ཐུབ་པ་བྱ་རྒྱུའི་ཁས་ལེན་བྱས་སྟབས། གནས་སྐབས་རིང་བཀག་འགོག་བྱེད་ཐུབ་པ་བྱུང་ཡོད་འདུག
གསར་འགོད་པ་དོན་འགྲབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།