choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


སྡེ་དགེ་དང་མཚོ་ལྷོ་དུ་གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༨ ཉིན་སྤེལ། བོད་ཁམས་སྡེ་དགེ་དང་མདོ་སྨད་མཚོ་ལྷོ་ཕྱོགས་སུ་རྒྱ་ནག་གཞུང་གིས་གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་དང་སྒྲིག་གཤོམ་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

འདི་ལོ་ཉེ་ཆར་ཟླ་བ་སྔོན་མ་ནས་བཟུང་བོད་ཀྱི་ས་ཁུལ་ཁ་ཤས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་ཆོག་གི་ཡོད་པའི་སྐོར་ཡོངས་གྲགས་དང་མངོན་གསལ་མེད་པའི་སྒོ་ནས་ཚོགས་འདུ་འཚོགས་པ་སོགས་རྒྱུད་ལམ་སྣ་ཚོགས་ནས་གནས་ཚུལ་བརྒྱུད་བསྒྲགས་བྱུང་ཡོད་པར་བརྟེན་།

རྒྱ་ནག་སྲིད་གཞུང་གིས་དབྱེ་བའི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། ཁམས་སྡེ་དགེ་དཔལ་ཡུལ་རྫོང་། གཏེར་ལུང་ཆུས། གཏེར་ལུང་ཤང་ནང་དང་ཧེ་པ་ཤང་གཉིས་ཀྱི་མི་མང་ཚོས་ཏི་ནུ་ལྦ་ཞེས་པའི་ས་གནས་སུ་བཞུགས་ཁྲི་བཤམས་པའི་ཐོག་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་འདི་ལོ་ཉེ་ཆར་ཕྱི་ཟླ་ ༦ པའི་ཚེས་ ༢༢ དང་བོད་ཟླ་ལྔ་པའི ཚེས་ ༡༤ ནས་ཉིན་ཤས་རིང་ལ་རྟ་རྒྱུགས་དང་གཞས་སྣ་ཁྲབ་སྟོན་སོགས་ཀྱི་སྒོ་ནས་དབྱར་སྐྱིད་དགའ་སྟོན་གནང་ཡོད་པ་རེད།

ཡིན་ཡང་བོད་ཟླ་ལྔ་པའི་ཚེས ༡༧ ཉིན་རྫོང་ནས་ཉེན་རྟོག་པའི་རླངས་འཁོར་ ༡༥ ཙམ་ཞིག་ས་གནས་ལ་འབྱོར་ཏེ་སྐུ་པར་འཕྲོག་པ་དང་སྐུ་པར་སྒྲིག་གཤོམ་བྱེད་མཁན་སུ་ཡིན་མིན་སོགས་རྩད་གཅོད་བྱས་ཡོད་འདུག

དེ་ཡང་ས་གནས་དེའི་ཡུལ་མི་ཡིན་པ་རྒྱ་གར་ལྷོ་ཕྱོགས་ལ་བཞུགས་པའི་དབྱངས་ཅན་ལགས་སུ་ས་གནས་ནས་ཞིབ་ཕྲའི་གནས་ཚུལ་འབྱོར་བ་འདི་གར་འགྲེལ་བརྗོད་གནང་བ་ལ་གཞིགས་ན།               
རྒྱ་གཞུང་གིས་སྐུ་པར་བཤམས་ཆོག་ཟེར་མཁན་སུ་ཡིན་མིན་དང་གཤོམ་མཁན་སུ་ཡིན་མིན་སོགས་བརྩད་གཅོད་བྱེད་སྐབས་སྐྱེས་པ་གཉིས་ཀྱིས་ཚང་མ་བྱེད་མཁན་ཁོ་གཉིས་ཡིན་པའི་ངོས་ལེན་བྱས་ཡོད་འདུག ཁོང་གཉིས་རྫོང་དུ་སྐད་བཏང་ཏེ་ཉིན་ཤས་རིང་ལ་དྲི་བརྩད་དང་བཀག་ཉར་བྱས་རྗེས་ཕྱི་ ཟླ་༦ པའི ཚེས་ ༢༩ དང་བོད་ཟླ་ལྔ་པའི ཚེས་༢༢་ཉིན་ཕྱིར་བཏང་ཡོད་པ་དང་སྐབས་དེར་ཕྱི་དྲོ་ས་གནས་ནང་གྲོང་སྡེ་དགུ་ཡོད་པའི་འགོ་འཛིན་རྣམས་མཉམ་འཛོམས་ཏེ་ཁོ་གཉིས་ཀྱི་བྱ་སྤྱོད་ལ་སྔགས་བརྗོད་བྱས་པ་དང་སྦྲགས་ད་ནས་བཟུང་གནད་དོན་གང་ཞིག་ལྷག་ཀྱང་ཚང་མས་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་ཡིན་པའི་ཁས་ལེན་ཡང་བྱས་ཡོད་པ་རེད་འདུག

གཞན་ཡང་ཁ་སང་དེ་རིང་མདོ་སྨད་མཚོ་སྔོན་མཚོ་ལྷོ་ཁུལ་དུ་ཡང་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་མི་ཆོག་པའི་འཐབ་རྩོད་ཞིག་ཀྱང་བྱེད་བཞིན་ཡོད་འདུག དེ་ཡང་དཔེར་ན་མཚོ་ལྷོ་བདེ་སྐྱིད་ཐང་དགོན་པར་ཉེ་ཆར་ཉེན་རྟོག་པ་མང་བོ་འབྱོར་ཏེ་གྲྭ་ཤག་ལ་སྔོག་གཤེར་དང་བཙན་གནོན་བྱེད་བཞིན་ཡོད་པ་མ་ཟད། དགེ་འདུན་པ་ཚོར་གལ་སྲིད་བཀའ་དང་ལེན་མི་བྱེད་ན་འཛིན་བཟུང་བྱེད་རྒྱུའི་འཇིགས་སྐུལ་ཡང་བྱེད་བཞིན་ཡོད་པ་དང་ཉེན་རྟོག་པ་རྣམས་དགོན་པའི་ནང་གུར་རྒྱབ་ནས་བསྡད་ཡོད་འདུག

དེའི་སྐོར་ལ་ས་གནས་དེའི་ཡུལ་མི་ཡིན་པ་དང་ད་ལྟ་རྒྱ་གར་ནང་བཞུགས་པའི་བསྟན་འཛིན་ལགས་ནས་ས་གནས་འབྲེལ་ཡོད་མི་སྣ་རྒྱུད་གནས་ཚུལ་འབྱོར་བ་འདི་གར་འགྲེལ་བརྗོད་གནང་དོན  འོན་ཀྱང་ཉེ་བའི་བདུན་ཕྲག་གསུམ་ཙམ་གྱི་གོང་དུ་དགོན་པ་དེ་གར་སྲིད་གཞུང་གི་ལས་བྱེད་པ་ཡོང་སྟེ། ད་ནས་བཟུང་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་ཆོག་ཅེས་བཤད་ཡོད་འདུག ཁ་སང་ཕྱི་ཚེས་ ༤ ནས་བཟུང་ཉེན་རྟོག་པ་རྣམས་དགོན་པའི་ནང་དུ་སྡོད་གུར་བརྒྱབ་སྟེ་ཞག་སྡོད་བྱེད་ཀྱི་ཡོད་འདུག་ལ། ཕྱི་ཚེས་ལྔ་ཉིན་རྒྱ་མིའི་པཎ་ཆེན་ལགས་མཚོ་ལྷོ་ཁུལ་དུ་འབྱོར་གྱི་ཡོད་པ་རེད་འདུག 

གཞན་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།
རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་གཞོན་པ་སྟེ་ཕ་ཡུལ་ཡུལ་ཤུལ་ནས་ཡིན་པའི་བོད་རིགས་འགོ་ཁྲིད་སྐུ་ཞབས་པད་མ་ལགས་དང་། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་དང་། ཁུལ་དང་རྫོང་གྲོང་རྡལ་བཅས་རིམ་པ་སོ་སོའི་འགོ་ཁྲིད་མི་སྣ་ཉི་ཤུ་ལྷག་ལྷན་དུ། ཉེ་ཆར་ཕྱི་ཟླ་ ༧ པའི ཚེས་ ༣ ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་བྱ་དར་དགོན་པར་ཕེབས་ནས་བོད་བརྒྱུད་ནང་བསྟན་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བར་ཕན་ཚུན་མཐུན་སྦྱོར་བྱེད་པའི་ཐབས་ལམ་སྐོར་ལ་ཕན་ནུས་ངེས་ཅན་ལྡན་པའི་བསམ་འཆར་དང་རེ་བ་བསྡུ་ལེན་བྱེད་པར་ཡོང་ཡོད་འདུག  

དགོན་དེའི་དགེ་འདུན་པ་ཚོས་གཅིག་རྗེས་གཉིས་མཐུད་ཀྱི་སྒོ་ནས་ནང་བསྟན་ཆོས་ལུགས་ཀྱི་ཐོག་མའི་སྲོལ་འབྱེད་ནི་སྟོན་པ་ཤཱཀྱ་ཐུབ་པ་ཡིན་ལ་ནང་བསྟན་དེ་ཉིད་བོད་ནང་དུ་ད་ལྟའི་བར་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གཙོ་བོ་ནི་༧རྒྱལ་བ་པཎ་ཆེན་རྣམ་གཉིས་ཡིན་ལུགས་སྐོར་འགྲེལ་བརྗོད་ཐོག ༡ དགོན་སྡེ་ཁག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་སྒྲིག་གཤོམ་ཆོག་པ་དང་། ཕན་ཚུན་ཆེས་མཐོའི་དབུ་ཁྲིད་རྣམས་ཀྱིས་ཞི་བའི་གྲོས་མོལ་གནང་སྟེ་༧གོང་ས་མཆོག་བོད་ནང་ཕེབས་དགོས་ཚུལ་སྐོར།

༢ ༧པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་མི་ཤེས་པའི་སྣང་ཚུལ་མེད་པར་བཟོས་ཏེ། རྒྱལ་ཁབ་ཀྱིས་ངོས་འཛིན་བྱས་པའི་པཎ་ཆེན་ཡང་སྲིད་དང་༧གོང་ས་མཆོག་གི་ངོས་འཛིན་གནང་བའི་༧པཎ་ཆེན་ཡང་སྲིད་གཉིས་གང་ལ་གང་མོས་ཀྱིས་ཞལ་མཇལ་ཕྱག་འབུལ་བྱེད་ཆོག་པ་དགོས་ཚུལ།

༣ བོད་ལ་སོགས་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དེ་རང་ས་གནས་ཀྱི་སྲིད་གཞུང་དང་མི་སྒེར་གང་ཡིན་ཡང་བེད་སྤྱོད་གཏོང་དགོས་པར་མ་ཟད་རྒྱལ་བཙུགས་མཐོ་རིམ་དང་འབྲིང་རིམ་སློབ་གྲྭ་ཁག་ཏུ་སྐད་ཡིག་བསླབ་དེབ་ཁོ་ན་མ་གཏོགས་པའི་གཞན་རྣམས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོག་ནས་བསླབ་གཞི་ཡོད་དགོས་པ་དང་། རྒྱུགས་སྤྲོད་སྐབས་སོ་སོར་སྐར་གྲངས་སྙོམས་པོ་ཡོང་བ་བྱེད་དགོས་ཚུལ།

༤ རི་ཆུ་མཛེས་ལྗོངས་ཀྱི་མཐོ་སྒང་ཁོར་ཡུག་བཟང་བོ་སྲུང་སྐྱོབ་བྱེད་པ་ལས། གཏེར་ཁ་སྔོག་འདོན་དང་ས་རྐོ་རྡོ་སློག་སོགས་གཏོར་བཤིག་སྦགས་བཙོག་གང་མང་བཟོ་བཞིན་པ་དེ་ངེས་པར་མཚམས་འཇོག་དགོས་སྐོར་བཅས་དགོས་འདུན་བཏོན་གནང་ཡོད་འདུག

གཞན་ཡང་དགོན་སྡེ་སོ་སོའི་དཀའ་ཁག་དང་དགོས་འདུན་སྐོར་སོགས་རྣམ་འགྱུར་ཡག་པོ་དང་ངག་སྒོ་འཇམ་པོས་དགོངས་འཆར་གང་མང་གནང་ཡོད་འདུག  དགོངས་འཆར་དེ་དག་བཏོན་རྗེས་སྐུ་ཞབས་པད་མ་ལགས་ཀྱིས། ཁྱེད་ཚོའི་བསམ་འཆར་འདི་དག་དེ་རིང་འཕྲལ་དུ་ཐག་གཅོད་བྱེད་པའི་དབང་ཆ་ང་རང་ཉིད་དང་གཞན་སུ་ལའང་མེད་མོད། འདི་དག་གོང་རིམ་ལ་སྙན་ཞུ་འབུལ་རྒྱུའི་དབང་ཆ་དང་འོས་འགན་ང་རང་ལ་ཡོད་ངེས་རེད། ཅེས་བརྗོད་ཡོད་འདུག
གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།