choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala

choemeeshambalachoemeeshambalachoemeeshambalachoemeeshambalachoemeeshambala


འགར་རྩེ་འཇིགས་མེད་ཀྱིས་བརྩམས་པའི་བཙན་པོའི་སྙིང་སྟོབས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༣ལོའི་ཟླ་༦ཚེས་༡༡ཉིན། བོད་རིགས་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ནང་གསལ་བའི་སྨྲ་བརྗོད་དང་རྩོམ་འབྲིའི་རང་དབང་སྤྱད་ནས་བོད་ནང་གི་དངོས་ཡོད་དཀའ་སྡུག་གནས་སྟངས་བརྗོད་པ་དེར།  རྒྱ་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་འཛུགས་འོག་ཁོང་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། གནས་སྟངས་དེས་རྒྱ་གཞུང་གིས་བོད་མིར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཙམ་ཡང་སྤྲོད་ཀྱིན་མེད་པ་གསལ་བོར་བསྟན་ཡོད།
དེ་ཡང་བཞུགས་སྒར་དུ་རྟེན་གཞི་བྱེད་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡ ཚེས་ ༡ ཉིན་ཕྱི་དྲོའི་ཆུ་ཚོད་ ༤ ཡས་མས་སུ་རྒྱ་གཞུང་གིས་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་ཀྱིས་བརྩམས་པའི་ ༼བཙན་པོའི་སྙིང་སྟོབས༽དེབ་ཕྲེང་གཉིས་པའི་ནང་ཁ་བྲལ་གྱི་བརྗོད་བྱ་ཡོད་པའི་ཉེས་འཛུགས་འོག་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་དང༌། སྔ་ཕྱིར་ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་ཁུལ་ཐོག་བཅས་སུ་བཀག་ཉར་འདྲི་གནོད་རིམ་པར་བྱས་མཐར།   ཕྱི་ཟླ་ ༥ ཚེས་ ༡༤ ཉིན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་འགར་རྩེ་འཇིགས་མེད་ལགས་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ད་ལྟ་རང་ལོ་ ༣༦ ཉིན་པའི་གཞོན་སྐྱེས་རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་ནི།  ཕྱི་ལོ་ ༡༩༧༦ ལོར་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་གི་ཁོངས་གཏོགས་མགོན་ཤུལ་ཚོ་བ་བཅུའི་ནང་ཚན་སྒར་བ་རུ་སྐྱེས་ཤིང༌།  ཕྱི་ལོ་ ༡༩༩༥ ལོར་གྱ་ས་འགར་རྩེ་དགོན་པའི་ཆོས་སྒོར་ཞུགས་ཏེ་མདོ་ཕྱོགས་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞིའི་མཚོན་ཐ་སྙད་རིག་གནས་ཀུན་ལ་སྦྱངས།  ཕྱི་ལོ་ ༢༠༠༢ ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག  རིམ་བཞིན་རྩོམ་རིག་གི་ལས་ལ་ཞུགས་ཏེ་སྦྲང་ཆར་དང་བློ་སྲོག  བོད་ཀྱི་སློབ་གསོ་སོགས་དུས་དེབ་ཁག་གི་སྟེང་རྩོམ་ཡིག་ ༢༠༠ ལྷག་སྤེལ་ཡོད་ལ། ཕྱི་ལོ་ ༢༠༠༥ ལོར་ཁོང་གི་བརྩམས་ཆོས་ཐོག་མ་༼བསམ་གཞིགས་ཉུལ་བའི་ཟིན་ཐོ༽པར་འགྲེམས་བྱས་པར་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད།  ཕྱི་ལོ་ ༢༠༠༨ ལོར་ཁོང་གིས་༼བཙན་པོའི་སྙིང་སྟོབས༽དེབ་ཕྲེང་དང་པོ་པར་འགྲེམས་བྱས་ཏེ། བོད་ནང་གི་བོད་མིའི་དངོས་ཡོད་དཀའ་སྡུག་གནས་སྟངས་གསལ་འདོན་བྱས་སྟབས། རྒྱ་གཞུང་གིས་ཁོང་ལ་སྔ་ཕྱིར་འདྲི་གཅོད་གནོན་ཤུགས་རིམ་པར་སྤྲད་མཐར་གློད་ཡོད་པ་རེད།

དེ་བཞིན། རྩོམ་པ་པོ་འགར་རྩེ་འཇིགས་མེད་ལགས་ཁོང་ས་ཕྱོགས་གཞན་དུ་རིག་གནས་འཆད་འཁྲིད་ཀྱི་དགེ་རྒན་ལ་ཐེངས་འགར་ཕེབས་ཡོད་པ་མ་ཟད།  ཁོང་གིས་སྔ་ཕྱིར་སློབ་གསོའི་བྱ་དགའ་དང་རྩོམ་རིག་བྱ་དགའི་རྣམ་གྲངས་བཅུ་ལྷག་སྤེལ་མྱོང༌།  ༢༠༡༠ ལོར་ཁོང་གིས་སྐབས་དང་པོའི་བོད་ཀྱི་སྒེར་གཉེར་རྩོམ་སྒྲིག་ཚོགས་པ་བསྡུས་ཤིང་ཚོགས་པ་དེའི་ཚོགས་གཙོར་བདམས་ཐོན་བྱུང་བ་དང༌། ༢༠༡༢ ལོར་ཁོང་གིས་སྐབས་གཉིས་པའི་བོད་ཀྱི་སྒེར་གཉེར་རྩོམ་སྒྲིག་ཚོགས་པ་བསྡུས་ཏེ།  བོད་ནང་གི་རྩོམ་པ་པོ་ཁག་ཅིག་ལ་སྐབས་དང་པོའི་དཔལ་བེའུ་གཟེངས་རྟགས་བྱ་དགའ་ཕུལ་ཡོད།  ཁོང་ལ་བརྩམས་ཆོས་དེབ་གྲངས་ ༦ ཡོད་ལ། སྲིད་དོན་བརྩམས་ཆོས་ཁ་ཤས་འཇར་མན་ནས་དབྱིན་ཡིག་ཏུ་བསྒྱུར་ཏེ་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་པ་རེད།

ཉེ་སྔོན་ཁོང་གིས་བརྩམས་པའི་༼བཙན་པོའི་སྙིང་སྟོབས༽དེབ་ཕྲེང་གཉིས་པར་ཁྱོན་བསྡོམས་རྩོམ་ཡིག་ ༢༤ འདུག དེབ་དེའི་ནང་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་གཙོས།  རྒྱ་གཞུང་གིས་བོད་ས་ཡོངས་ལ་བཙན་གནོན་དབང་སྒྱུར་བྱས་པ་ནས་བཟུང་བོད་ནང་རིམ་པར་བྱུང་བའི་མི་མང་གི་ཞི་བའི་ངོ་རྒོལ་གྱི་གནས་སྟངས་དང༌། ྋགོང་ས་མཆོག་དང་ྋཔཎ་ཆེན་རིན་པོ་ཆེ་རྣམ་གཉིས་གཙོས་བོད་པའི་བླ་མ་དང་དཔོན་པོ།  མཁས་པ་དང་རྩོམ་པ་པོ། གླུ་བ། ལས་བྱེད། སློབ་ཕྲུག་སོགས་ཀྱི་ཐོག་ལ་རྒྱ་གཞུང་གིས་འཛིན་པའི་ཆབ་སྲིད་ཀྱི་ལྟ་སྟངས།  བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མི་རིགས་ཀྱི་སྐད་ཡིག་རིག་གནས།  རང་བྱུང་ཁོར་ཡུག་བཅས་ཀྱི་ཉམས་ཆག  ད་ལྟའི་བོད་པའི་དགོན་སྡེ་དང་སློབ་གྲྭ།  ཚོང་ལས་དཔལ་འབྱོར་བཅས་ཀྱི་ཡ་ང་བའི་གནས་སྟངས་སོགས་གསལ་བོར་བཀོད་འདུག
བོད་ནང་རང་ལུས་མེར་བསྲེགས་ཀྱི་ཐད་ལ་རྩོམ་པ་པོ་ཁོང་གིས།  “རྒྱལ་གཅེས་དཔའ་བོ་འདི་དག་གིས་རང་ལུས་མཆོད་མེ་རུ་བཞག་ནས་རེ་བ་གང་ཞིག་འདོན་གྱི་ཡོད་དམ་ཞེ་ན།  མི་སྣ་དགུ་བཅུ་ལྷག་གིས་ྋགོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང༌། བོད་ལ་རང་དབང་དགོས་པའི་འབོད་སྐུལ་ཞུས་པ་དེ་རེད། མི་གཅིག་གིས་བོད་རང་བཙན་གྱི་འབོད་སྐུལ་གནང་འདུག” “རང་ལུས་མཆོད་མེ་རུ་འབུལ་མཁན་གྱི་མི་སྣ་འདི་དག་ནི་ཚོགས་པ་གང་རུང་ཞིག་དང་ཡང་ན་བླ་སྤྲུལ་གང་རུང་ཞིག་གིས་སྐུལ་སློང་བྱས་ཏེ་རང་ལུས་ཞུགས་འབུལ་བྱས་པ་མ་ཡིན་པར་བོད་མི་ས་ཡ་དྲུག་གི་བརྒྱ་ཆའི་གོ་བརྒྱད་ཀྱི་དཀའ་སྡུག་གི་ལོ་ཟླ་དང་རེ་བའི་ཕུགས་བསམ་དང་དུ་བླངས་པའི་རླབས་ཆེན་གྱི་རྒྱལ་གཅེས་དཔའ་བོ་ཡིན།” ཞེས་བརྗོད་དེ། པེ་ཅིན་སྲིད་གཞུང་གིས་ ྋགོང་ས་མཆོག་དགྲ་རུ་འཛིན་པ་དང༌། རང་ལུས་ཞུགས་འབུལ་གནང་མཁན་རྣམ་པའི་རེ་བ་སྣང་མེད་དུ་བཞག་པ་ནི་བོད་མི་ས་ཡ་དྲུག་གི་བརྒྱ་ཆའི་དགུ་བཅུ་ལྷག་དགྲ་རུ་བཟུང་བ་དང༌། ཁོང་རྣམ་པའི་རེ་བ་དང་དཀའ་སྡུག་སྣང་མེད་དུ་བཞག་པ་ཞིག་དང༌། བོད་མི་ས་ཡ་མང་པོའི་བསམ་བློ་དང་དད་འདུན་ལ་དབྱེ་ཞིབ་ཕྲན་བུ་ཙམ་ཡང་བྱས་མེད་པའི་མངོན་རྟགས་ཕྱིར་བུད་པ་ཞིག་ཡིན་སྐོར་གསལ་འདོན་བྱས་ཡོད་པ་མ་ཟད། ཁོང་གིས་ “ང་ཚོ་བོད་མི་རིགས་ལ་དཀའ་སྡུག་མནར་གཅོད་གཏོང་མཁན་པེ་ཅིན་སྲིད་གཞུང་ཡིན་པ་དེ་བཞིན། དཀའ་སྡུག་འདི་སེལ་མཁན་ཡང་པེ་ཅིན་སྲིད་གཞུང་ཁོ་ན་ཡིན་པས།  ངས་པེ་ཅིན་སྲིད་གཞུང་ལ་མིག་ཆུ་དང་ངུ་སྐད་ཀྱིས་དཀའ་སྡུག་འདི་ངེས་པར་དུ་སེལ་དགོས་ཞེས་སེམས་གཏམ་འབོད་སྐུལ་གྱི་རེ་ཞུ་བྱས་པ་ཡིན།” ཞེས་བརྗོད་འདུག

དེབ་ཀྱི་མཇུག་གཏམ་ནང་དུ་རྩོམ་པ་པོ་ཁོང་གིས “ངས་རང་གི་མི་རིགས་ལ་ཆབ་སྲིད་གོ་གནས་འདྲ་མཉམ་ཞིག་ཐོབ་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ངས་རང་གི་མི་རིགས་ལ་སྨྲ་བརྗོད་རང་དབང་ངོ་མ་ཞིག་ཐོབ་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ངས་མི་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་གཞུང་གིས་རང་གི་སྐད་ཡིག་བཀོལ་སྤྱོད་གཙོ་བོར་བྱེད་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན། ” ཞེས་དང༌།  “མདོར་ན་ངས་བོད་རིགས་མི་དམངས་ལ་འགྲོ་བ་མིའི་ཐོབ་ཐང་ངོ་མ་ཞིག་ཐོབ་པའི་བར་དུ་འདི་ལྟར་སེམས་ཀྱི་ན་ཟུག་བརྗོད་ངེས་ཡིན།  བྱ་བ་འདི་མ་འགྲུབ་ན་ངས་རང་གི་ཚེ་སྲོག་མ་འགག་བར་དུ་བོད་རིགས་མི་དམངས་ཀྱི་དཀའ་སྡུག་བརྗོད་ངེས་ཡིན། འོན་ཀྱང༌། ངས་སྨྱུ་གུ་དང་བསྒྲགས་དར་བཟུང་ནས་བརྗོད་པ་ལས་མེ་མདའ་དང་འགད་རྫས་བཟུང་ནས་གཏན་ནས་བརྗོད་མི་སྲིད། ” ཅེས་བྲིས་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༦༢༠༡༨༢༠༢༥
མར་མེ།
དངོས་ནས་ཡག་བྱུང་། བཙན་པོ་སྙིང་སྟོབས་ཀྱི་གློག་རྡུལ་འཕྲུལ་དེབ་གང་ནས་ཕབ་ལེན་བྱེད་དགོས། གསུང་རོགས་གནང་།



བརྗོད་གཞི་གཞན་ཁག་ལ་གཟིགས།