དགེ་འདུན་པ་གཉིས་ལ་བཙོན་འཇུག་གི་ཁྲིམས་ཆད།

 པར་འདེབས།

ཕྱི་ལོ་༢༠༡༣ ཟླ་༦ ཚེས་༤ ཉིན། བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་གིས་བོད་མདོ་སྨད་མཚོ་སྔོན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་བིས་མདོ་དགོན་པའི་དགེ་འདུན་པ་གཉིས་ལ་ལོ་གསུམ་རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་འདུག

རྒྱ་ནག་གཞུང་གིས་སྔར་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༢༡ ཉིན་མཚོ་སྔོན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་རྐང་ཚ་ཞང་དུ་རང་ལུས་མེར་བསྲེཊ་གནང་སྟེ་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་པ་དབང་ཆེན་ནོར་བུ་ལཊ་ཀྱི་ནང་མིར་མྱ་ངན་ཞུར་འགྲོ་སྐབས། བིས་མདོ་དགོན་པའི་གྲྭ་བརྩོན་འགྲུས་དང་དགེ་འདུན་ཚུལ་ཁྲིམས་གཉིས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་ལྟར། འདི་ལོའི་བོད་ཟླ་ ༣ པའི་ཚེས་ ༨ ཉིན་ནང་མི་དང་ཁྲིམས་རྩོད་པ་སོགས་ཅི་ཡང་མེད་པའི་ཐོག་ཁོང་གཉིས་ལ་ལོ་གསུམ་རེའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

ཡང་འབྲེལ་ཡོད་མི་སྣས་བརྗོད་དོན་ལྟར་ན། ཐེངས་འདིར་རྒྱ་ནག་གཞུང་གིས་རང་ལོ་ ༢༧ ཡས་མས་ཡིན་པའི་བིས་མདོ་ཞང་ཆུ་རྐྱལ་གོང་མ་སྡེ་བའི་གྲྭ་བརྩོན་འགྲུས་ལགས་སུ། དགོན་པའི་ནང་རྒྱལ་གཅེས་པ་དབང་ཆེན་ནོར་བུ་ལཊ་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ་གོ་སྒྲིག་གནང་མཁན་དང་། ས་གནས་སུ་བསྔོ་སྨོན་གསུང་སྐབས་དབུ་མཛད་ཀྱི་འགན་འཁུར་མཁན་བཅས་ཡིན་པའི་ཉེས་མིང་འོག་ ཕྱི་ཚེས་༢༡ ཉིན་རྫོང་གི་མགོ་ཁྲིད་དང་ལས་བྱེད། ཉེན་རྟོག་པ་བཅས་ཀྱིས་བཀག་འགོག་བྱས་ཏེ་ལོ་༣ ཁྲིམས་ཆད་དང་།

བིས་མདོ་ཞང་གཤོངས་ཡུལ་སྡེ་བའི་རང་ལོ་༣༠ ཡས་མས་ཡིན་པའི་དགེ་འདུན་ཚུལ་ཁྲིམས་ལཊ་སུ། སྐབས་དེར་གྲྭ་བ་ཚོ་རྐང་ཚ་ཞང་དུ་འགྲོ་སྐབས་འབྲེལ་བ་བྱེད་མཁན་དང་ཞལ་འདེབས་བསྡུ་རུབ་བྱེད་མཁན། རླངས་འཁོར་གོ་སྒྲིག་གནང་མཁན་བཅས་ཀྱི་ཉེས་མིང་འོག་ལོ་༣ གྱི་་ཁྲིམས་ཆད་བཅས་བཅད་ཡོད་འདུག  ཉེ་ལམ་ཁོང་གཉིས་ཟི་ལིང་དུ་ཁྲིད་རྗེས་ཟླ་༣ རིང་དམག་སྦྱོང་བྱེད་དགོས་པ་དང་ནང་མིར་ཐུག་འཕྲད་བྱེད་མི་ཆོག་པའི་བརྡ་ལན་སྤྲད་ཡོད་སྟབས། ད་ཆར་ནང་མི་ཚོས་ཁོང་གཉིས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལུས་ཡོད་འདུག

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་༡༡ ཚེས་༡༩ ཉིན་མཚོ་སྔོན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་རྐང་ཚ་ཞང་དུ་རྒྱལ་གཅེས་པ་དབང་ཆེན་ནོར་བུ་ལཊ་ཀྱིས། རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་རྗེས། བིས་མདོ་དགོན་ཆེན་དུ་གྲྭ་བ་ཚོས་མ་སྐུལ་དང་བླངས་ཐོག་མཆོད་འབུལ་སྨོན་ལམ་གསུང་ཡོད་པ་མ་ཟད། ཕྱི་ཚེས་༢༡ ཉིན་བིས་མདོ་དགོན་ཆེན་དང་དགོན་སྡེ་གཞན་གྱི་གྲྭ་བ་རྣམས་རྒྱལ་གཅེས་པ་ཁོང་ལ་གདུང་སེམས་མཉམ་སྐྱེད་དང་ནང་མིར་མྱ་ངན་ཞུ་ཆེད་རྐང་ཚར་བསྐྱོད་ཡོད་ཀྱང་། སྐབས་དེར་རྫོང་གི་མགོ་ཁྲིད་དང་ལས་བྱེད། ཉེན་རྟོག་པ། བིས་མདོ་དགོན་ཆེན་གྱི་བླ་མ་བཅས་ཡོང་སྟེ་རྐང་ཚ་ཞང་གི་ཉེ་འདབས་གསེར་སྒའི་ཉག་ག་ཞེས་པའི་ས་ཆར་བཀག་འགོག་བྱས་རྗེས། གྲྭ་བ་ཚོས་ས་གནས་རང་དུ་བསྔོ་སྨོན་གསུང་དགོས་བྱུང་ཡོད།

ཕྱིས་སུ་རྫོང་དང་ས་གནས་ཉེན་རྟོག་པས་ས་གནས་ཀྱི་སྐྱ་སེར་མང་པོ་འཛིན་བཟུང་བྱས་པ་དང་འདྲི་གཅོད་སོགས་སུན་གཙེར་རབ་དང་རིམ་པ་བྱས་སྟབས།  གྲྭ་བརྩོན་འགྲུས་དང་དགེ་འདུན་ཚུལ་ཁྲིམས་གཉིས་ཀྱིས་སྐབས་དེའི་གནས་ཚུལ་ཁག་དང་འབྲེལ་བའི་ཉེས་པ་ཆ་ཚང་ཁས་ལེན་བྱས་ཡོད་འདུག
གསར་འགོད་པ་དོན་འགྲུབ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།