30.03.2010 01:03:51
འཆམ་ར་དྲི་མེད་རྒྱལ་མཚན།

༄། །ཁམས་པའི་རྣམ་བཤད།།
༼ཚན་བ་དང་པོ༽
༡༽ཨ་རོགས་ཁམས་པ་ཤ་ལ་དགའ་ཟེར།།
ཤ་དང་ཤྭ་གཉིས་ནོར་གྲབས་བྱེད་ཀྱི།།
ཤྭ་རྒྱན་དཀྱིལ་ནས་ཀི་སྒྲ་འཐེན་སོང་།།
ཀི་སྒྲའི་རྔ་མ་གྲི་རྩེས་བསྡུས་སོང་།།


༢༽ ཨ་རོགས་ཁམས་པ་བོག་ལ་དགའ་ཟེར།།
བོག་དང་བག་གཉིས་ནོར་གྲབས་བྱེད་ཀྱི།།
བག་རྩེད་ཁྲོད་ཀྱི་ཁ་ཕོ་རེ་རེས།།
གཞིས་ཆུང་དྲོན་མོ་རྒྱན་ལ་བཞག་སོང་།།

༣༽ ཨ་རོགས་ཁམས་པ་རྟ་ལ་དགའ་ཟེར།།
རྟ་དང་སྟུ་གཉིས་ནོར་གྲབས་བྱེད་ཀྱི།།
སྟུ་ཚོང་བུ་མོའི་བསླུ་བྲིད་ཁ་ནས།།
མཐོང་དང་ལུས་པོ་རྡོ་ལ་བརྡབས་སོང་།།
༤༽ ཨ་རོགས་ཁམས་པ་ཚོང་ལ་དགའ་ཟེར།།
ཚོང་དང་གྱོང་གཉིས་ནོར་གྲབས་བྱེད་ཀྱི།།
གྱོང་ཉེན་ཆེ་བའི་ནག་ཚོང་ཁྲོད་ནས།།
མི་ཚེ་ནག་ཁུང་སྦུག་ལ་བསྐྱལ་སོང་།།

༥༽ ཨ་རོགས་ཁམས་པ་ཆོས་ལ་དགའ་ཟེར།།
ཆོས་དང་ཆས་གཉིས་ནོར་གྲབས་བྱེད་ཀྱི།།
ཆས་གོས་གྲི་དང་ལྤགས་པའི་གསེབ་ནས།།
རང་གི་རིགས་ལ་རྨ་ཁ་བཟོས་སོང་།།

༦༽ ཨ་རོགས་ཁམས་པ་དྲང་པོ་དགའ་ཟེར།།
དྲང་པོ་གྲོགས་གཉིས་ནོར་གྲབས་བྱེད་ཀྱི།།
གྲོགས་པོའི་གཡོ་སྒྱུ་ཤོག་གདུགས་ནང་ནས།།
ཁམས་པ་རོ་ཅོག་ཆར་བས་བརྡུང་སོང་།།

༧༽ ཨ་རོགས་ཁམས་པ་ཟས་ལ་དགའ་ཟེར།།
ཟས་དང་ཟ་གཉིས་ནོར་གྲབས་བྱེད་ཀྱི།།
ཟ་མཆུ་ངན་པ་དངུལ་ལ་ཟུགས་ཏེ།།
མེས་པོའི་ཞབས་རྗེས་ལག་གསུབ་བྱས་སོང་།།

༨༽ ཨ་རོགས་ཁམས་པ་ནོར་ལ་དགའ་ཟེར།།
ནོར་དང་ནག་མོ་ནོར་གྲབས་བྱེད་ཀྱི།།
ནག་མོ་གསུམ་བཞིའི་ནུ་འབུར་བར་ནས།།
ཆོས་སྲིད་མངའ་ཐང་རླུང་ཁར་སྤུར་སོང་།།

༩༽ ཨ་རོགས་ཁམས་པ་དགྲ་ལ་དགའ་ཟེར།།
དགྲ་དང་གྲོགས་གཉིས་ནོར་གྲབས་བྱེད་ཀྱི།།
གྲོགས་ཀྱི་དང་མ་རང་རིགས་སྲོག་ལ།།
ཕྱིར་ཡོང་མེད་པའི་སྡོམ་རེ་བརྒྱབ་སོང་།།

༡༠༽ ཨ་རོགས་ཁམས་པ་ལྷ་ལ་དགའ་ཟེར།།
ལྷ་དང་འདྲེ་གཉིས་ནོར་གྲབས་བྱེད་ཀྱི།།
འདྲེ་ངན་རྒྱལ་འགོང་གདུག་པའི་ཁ་ནས།།
གངས་ཅན་ལྗོངས་ལ་ཞབས་འདྲེན་བཞག་སོང་།།

༡༡༽ ཨ་རོགས་ཁམས་པ་ལ་རྒྱ་དགའ་ཟེར།།
ལ་རྒྱ་ལུང་བ་ནོར་གྲབས་བྱེད་ཀྱི།།
ལུང་ཚན་སྒྲིག་པའི་ཁ་ཕོའི་གསེབ་ནས།།
ཁམས་པའི་བྱས་རྗེས་ས་ལ་གཡུག་སོང་།།

༡༢༽ ཨ་རོགས་ཁམས་པ་མཐུན་པོ་དགའ་ཟེར།།
མཐུན་པོ་འཐོར་གཉིས་ནོར་གྲབས་བྱེད་ཀྱི།།
འཐོར་ས་མང་བའི་ཚོགས་སྡེ་བཙུགས་ནས།།
གཞན་སེམས་དགའ་བའི་ནང་དམེ་བྱས་སོང་།།

༡༣༽ ཨ་རོགས་ཁམས་པ་འཆམ་པོ་དགའ་ཟེར།།
འཆམ་པོ་འཁྱམ་ཉུལ་ནོར་གྲབས་བྱེད་ཀྱི།།
འཁྱམ་གཡེངས་མི་ཚེ་མིག་དཔེར་བཟུང་ནས།།
མ་འཇོན་བྲེལ་ལ་(མ་ཇུ་ཏྲི་ལ)ཁམས་པས་བཀང་སོང་།།

༡༤༽ ཨ་རོགས་ཁམས་པ་གྲོགས་ལ་དགའ་ཟེར།།
གྲོགས་དང་བྲན་གཉིས་ནོར་གྲབས་བྱེད་ཀྱི།།
བྲན་གཡོག་འོག་གི་ལོ་ཟླ་རྒས་ནས།།
ཤེས་རྟོགས་མེད་པ་རྗེས་ལུས་ཐེབས་སོང་།།

༡༥༽ ཨ་རོགས་ཁམས་པ་བླ་མ་དགའ་ཟེར།།
བླ་བ་བརླ་གཉིས་ནོར་གྲབས་བྱེད་ཀྱི།།
བརླ་ཤའི་གླང་ཆེན་མཆེ་བའི་བར་ནས།།
ཕྱིར་ཡོང་མེད་པ་ཕྱིར་ལ་ཕེབས་སོང་།།

༡༦༽ ཨ་རོགས་ཁམས་པ་ཁོག་ཆེན་དགའ་ཟེར།།
ཁོག་ཆེན་ཁང་བ་ནོར་གྲབས་བྱེད་ཀྱི།།
ཁང་ཆེན་བརྩིག་པའི་བྲེལ་ལའི་གསེབ་ནས།།
ཤོག་ངོས་ལོ་རྒྱུས་ཀློག་མཁན་མི་འདུག།།

༡༧༽ ཨ་རོགས་ཁམས་པ་བདེན་པ་དགའ་ཟེར།།
བདེན་པ་གླེན་པ་ནོར་གྲབས་བྱེད་ཀྱི།།
གླེན་རྟགས་ཚ་བའི་ཡིད་ཆེས་རེ་རེས།།
རྗེས་མའི་སེམས་པ་དུ་བུར་གཏོར་སོང་།།

༡༨༽ ཨ་རོགས་ཁམས་པ་བུ་ལ་དགའ་ཟེར།།
བུ་དང་བོག་གཉིས་ནོར་གྲབས་བྱེད་ཀྱི།།
བོག་ཁ་གཟན་པོ་ནང་ལ་བསྐོར་ཏེ།།
མགོ་ནག་མི་ཡི་སྲོག་རྩ་བཅད་སོང་།།

༡༩༽ ཨ་རོགས་ཁམས་པ་ཇ་ལ་དགའ་ཟེར།།
ཇ་དང་ཇག་གཉིས་ནོར་གྲབས་བྱེད་ཀྱི།།
ཇག་པའི་ལག་པ་འགུལ་ཐེངས་གཅིག་གིས།།
གྱོད་དང་མི་ཁ་ཡོང་ལ་བཀྲམས་སོང།།

༢༠༽ ཨ་རོགས་ཁམས་པ་རྒྱུ་ལ་དགའ་ཟེར།།
རྒྱུ་དང་རྒྱ་གཉིས་ནོར་གྲབས་བྱེད་ཀྱི།།
རྒྱ་འབྲེལ་དམ་པོའི་གཟའ་འདོད་ཁ་ནས།།
ཁང་ཆུང་གྲུ་བཞི་རྡོ་འདེད་བྱས་སོང་།།
༢༠༡༠་༣་༢༩།

  
 

30.03.2010 03:14:35

འཆམ་ར་དྲ་ཐོག་ན་ཡོད་པ་ཤེས་སོང། འདྲ་མི་འདྲ་མ་བཤད་མ་གཏོགས་་་་་་་་་་་་ངས་་་་་ཁྱེདདདདད

 
 
30.03.2010 03:18:32

འབའ་བ་གྲོགས་པོ།
ང་དྲྭ་ཐོག་ཡོད་པ་ཤེས་པ་དེའང་བསོད་ནམས་རེད་ད་ཧཧཧ
ཁམས་པའི་རྣམ་བཤད་འདི་ཁྱོད་ཀྱི་ཐུགས་ལ་ཆུ་ལ་ཆུ་ཐིམ་གྱི་རང་བཞིན་དུ་བྱུང་སོང་ངམ།
དུས་ཚོད་བྱུང་ན་ད་རུང་འཇུག་སྐྱོང་འདོད་ཡོད།
ཁྱེད་ལ་བསམ་ཚུལ་ཅི་ཡོད།

 
 
30.03.2010 05:44:41

ཇོ་བོ་བཀའ་གདམས་པའི་གསུང་ཞིག་ལས། གདམས་ངག་གི་མཆོག་ཚང་ཐོག་ཏུ་རྒོལ་བ་ཞེས་གསུངས་པ་དྲན་སོང་།

 
 
31.03.2010 05:36:28

གྲོགས་བསྟན་པ་ལགས།
གུས་པའི་ཁྱིམ་གཞིས་འདིར་ཕེབས་པར་དགའ་བསུ་ཞུ།

ད་རུང་བཀའ་གདམས་པའི་གསུངས་བྱིན་ཅན་དག་ཁྱེད་ཀྱིས་དྲན་ནས་ང་ཚོར་ལ་མཇལ་ཁ་གནང་བར་ཐུགས་རྗེ་ཆེ་ཞུ།

 
 
30.03.2010 05:51:45

ཨེ་མ་ཧོ། སྤུན་ཟླ་དྲི་མེད་རྒྱ་མཚན་ལགས། དེ་འདྲ་སྙན་པ་ལ། དངོས་གནས་ཡིན། བསྟོད་ཀྱང་བསྟོད་འདུག དམད་ཀྱང་དམད་འདུག དེ་འདྲ་ཡིན་ན་ལེགས་སྤེལ་ཉེས་འགོག་ཡོང་རེ་ཡོད། ཧཧཧཧ། མུ་མཐུད་མཇུག་སྐྱོང་རོགས། ཨ་ཕོ་ཕོ་ལུ་ཕོ་དགའ། ཧཧཧཧ།

 
 
31.03.2010 05:41:36

ཨ་ཞེ་མཛེས་མ་ལགས། ངས་སྙན་པོ་ཞིག་ཅང་འབྲི་མི་ཤེས་མོད། ཁ་སྔོན་གུས་པའི་གྲོགས་པོ་རྒན་ཞིག་གིས་རང་ངོས་ནས་འདི་ལྟར་རྒོལ་བ་དང་ འབྲི་ཐུབ་ན་ལེགས་ཆའི་བཀའ་སློབ་དག་སྙིང་ལ་བཅངས་པ་དང་ དངོས་ཡོད་ཀྱི་གནས་ཚུལ་ཁག་འགའ་ལའང་གཞི་བཅོལ་བའི་གྲུབ་འབྲས་ཤིག་རེད་སྙམ། དེང་སང་གི་ཁམས་པ་ཚོར་བསམ་ན་རང་ངོ་མ་ཟིན་པ་རང་འགར་འཆོང་རྒྱུག་གིས་མི་ཚེ་སྐྱེལ་བཞིན་པ་དང་། བག་མེད་ཀྱི་ཐོག་ནས་ནམ་ཟླ་བསྐྱལ་ཏེ་རྗེས་ལུས་ཀྱི་རི་སུལ་ཞིག་ལ་འདུག་གྲབས་བྱེད་ཀྱིན་པ་དག་ཀྱང་ བཟོད་ཐབས་མེད་པ་རེ་རེད་སྙམ། ཡིན་ནའང་རང་རང་གི་ས་ནས་གོ་ཚགས་བསྡུ་སྟེ་དཔུང་པ་མཉམ་བཤིག་བྱེད་རྒྱུའང་ལས་འགན་རེད་དྲན་ ཧཧཧ ཁྱོད་ཀྱིས་བསྟོད་ར་མ་མང་མ་གཏོགས། ང་ཚ་ཚི་གེ་ཆགས་ཀྱིན་འདུག་ད་་་་་་་་་་་་ཧཧཧཧ

 
 
01.04.2010 09:37:52

འཆམ་ར་དྲི་མེད་རྒྱལ་མཚན་ལགས་
ཨ་རོགས་ཁམས་པར་འདི་འདྲ་རང་ཨ་ཡིན་ནམ་ཧཧཧཧཧཧ

 
 
03.04.2010 01:11:20

བཤད་སྒྲུབ་ལགས།
ཁྱེད་ཀྱི་ཨ་རོ་ཁམས་པ་གང་འདྲ་ཡིན་ནམ།
ཧཧཧ
ངས་ལན་ལ་སྒུག་ནས་ཡོད་ཤག་པོ་ལགས།

 
 
06.04.2010 12:54:30

དྲ་གྲོགས་འཆམ་རྭ་དྲ་མེད་ལགས་ ཁྱོད་དྲ་ཚིགས་འདིར་བཞུགས་ཡོད་པར་གོ་དུས་དགའ་སྤྲོའི་ངང་རང་ཉིད་ཀྱང་འདིར་ཐོ་བཀོད་བྱས་པ་ཡིན་
མ་ཟད་ཁྱོད་ཀྱི་རྩོམ་ཡིག་དག་རེ་རེ་བཞིན་ཞིབ་ཀློག་བྱས་རྒྱུ་བྱུང་བས་ཧ་ཀྱང་དགའ་བྱུང་

 
 
27.04.2010 08:04:12

ངའི་རྒྱང་རིང་གི་གྲོགས་མཆོག་དམ་པ། རྒྱལ་ཐང་པ་ཡོན་ཏན་ལགས།

ཁྱོད་ཁམས་བཟང་ཞུ། ད་རུང་ངའི་རྩོམ་ཡིག་རྣམས་ཀློག་ཀྱིན། གུས་པ་འདུར་ཀྱིན་པའི་གཤིན་ས་འདིར་སྤྲོ་སྣང་གིས་འབྱོར་བར་དགའ་བསུ་ཞུ།། གྲོགས་པོ། ལ་ཆེ་ས་བརྒྱབ་ནས་རི་མཐོ་སར་འཛེགས་ཏེ་ཤོག་ཨ། ངས་ཀྱང་རེ་བ་དང་ཡིད་ཆེས་རུམ་ནས་ཁྱོད་ལ་སྒུག་འདུག

 
 
05.11.2010 01:48:12

ཆབ་རྭ་དྲི་མེད་ལགས་ཁམས་བཟང་།ང་ཁྱོད་ཀྱིས་རྩོམ་ཡིག་ལ་དགའ་པོ་ཞེ་དྲགས་ཡོད།ད་རིང་ང་དྲ་ལམ་འདི་ནང་ཡོང་བའང་དང་པོ་ཡིན།ཁྱེད་ཀྱིས་ཁམས་པའི་རྣམ་བཤད་དེ་ཧ་ཅང་སྙན་པོ་འདུག།ངོ་མ་དེ་འདྲ་ཞིག་རེད།ཁྱོད་ཀྱིས་ད་དུང་འབྲི་ཆོག་གསུངས་འདུག།གུས་པས་རེ་དགུག་བྱ་རྒྱུ་ཡིན།
ཞུ་རྒྱུ་ཞིག་ལ་ཨ་རོ་ཡི་རོ་དེ་རོགས་་མ་བྲིས་པའི་རྒྱུ་མཚན་གང་ཡིན་ནམ་།

 
 
05.11.2010 02:18:04

ཧོར་བུ་ཡེ་ཤེས་ལགས། ཁམས་བཟང་ཞུ། ངས་ཁྱེད་ཉིད་ལ་ཚོད་དཔག་བྱས་ན། བང་ཆེན་ནང་གི་ཟིན་བྲིས་པ་དེ་ཡིན་ནམ། ཁྱེད་ཉིད་གུས་པའི་རྩོམ་ཡིག་ལ་དགའ་པོ་ཡོད་པར་ཁ་དྲོ་ཞུ་རྒྱུ་ཡིན།
ཁྱེད་ཀྱིས་གསུངས་པ་ལྟར་རེད། ངས་ཁམས་པའི་རྣམ་བཤད་འདི་མཇུག་ཞིག་སྐྱོང་རྒྱུའི་ཁས་ལེན་ཞིག་རྩོམ་པ་པོ་གངས་ལྷ་སོགས་ཀྱིས་རེ་བསྐུལ་ལྟར་བྱས་པ་ཡིན།
དེ་བཞིན་གུས་པས་ཀྱང་། ཁམས་པའི་རྣམ་བཤད་ཚན་པ་གཉིས་པ་ཞིག་བྲིས་ཏེ། ཟིནབྲིས་འདིའི་ནང་བཀོད་ཡོད་ལ། རྩོམ་ཡིག་འདི་གཉིས། དྲྭ་ཚིགས་འདི་ནས་ཆེས་ཀློག་མཁན་མང་པའི་གྲལ་དུ་འདུག

ཁྱེད་ཀྱིས་གསུངས་པ་ལྟར། ངས་དང་ཐོག་ཨ་རོ་ཁམས་པ་ཞེས་ཁ་སྐད་ཟོལ་གྱིས་བྲིས་མོད། ཚན་པ་གཉིས་པ་དེ་ཁ་སྔོན་ནས་ཨ་རོགས་ཞེས་པའི་ཐོག་བསྒྱུར་ཟིན་ཡིན། རེད་དེ། ཚན་པ་དང་པོ་འདི་ད་བར་ལེ་ལོའི་ངང་ལུས་སོང་། དེ་རིང་ཁྱེད་ཀྱིས་དྲན་བསྐུལ་གནང་བ་ལྟར་བསྒྱུར་ངེས་ཡིན་ལ། གོ་སྐབས་འདི་བཟུང་ནས་ངས་ཐུགས་རྗེ་ཆེ་ཞུ། ཁམས་པའི་རྣམ་བཤད་ཚན་པ་གཉིས་པའི་ནང་ཕེབས་པར་དགའ་བསུ་ཞུ། དྲྭ་ཐག་འདི་ཡིན། http://www.shambalapost.com/blog/viewpost/2046 རྗེས་ཕྱོགས་ཀྱང་འདི་ལྟར་བསམ་འཆར་ཡོང་བར་ཁ་དྲོ་ཞུ།

གུས་པའི་མིང་ལ་འཆམ་ར་དྲི་མེད་རྒྱལ་མཚན་ཞེས་འབོད་པ་ལས། ཆབ་རྭ་ཞེས་འབྲི་གིན་མེད་ཞུ།

 
 
རྩོམ་ཡིག་འདིར་ལན་འདེབས།
མྱུག་མིང༌།:

E-mail:

  གཡོན་དུ་གསལ་བའི་ཚིག་འབྲུ་བྲིས།:
 



| -