བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

རི་མོ་བ་སྐད་གྲགས་ཅན་ཞིག་གིས་བོད་དོན་ལས་འགུལ་སྤེལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༨།༠༡ཉིན་སྤེལ། ང་ཚོ་མི་ཞིག་ཡིན་པའི་ཆ་ནས་ཕར་ཕྱོགས་སུ་མི་གཞན་པ་ཞིག་གམ་ཡང་ན་རྒྱལ་ཁབ་གཞན་པ་ཞིག་གིས་དཀའ་ངལ་མྱང་བཞིན་པར་ལྟད་མོར་བལྟས་ནས་བསྡད་པ་དེ་ནོར་བ་རེད་བསམ་གྱི་འདུག

Nityam-2017དེ་ཡང་འདས་ཟླའི་ཕྱི་ཚེས་༣༡ཉིན་གྱི་སྔ་དྲོ་ཡོལ་ཟིན་པའི་སྐབས་སུ། རྒྱ་གར་གྱི་རི་མོ་བ་སྐད་གྲགས་ཅན་ཞིག་གིས་བཞུགས་སྒར་ངྷ་རམ་ས་ལའི་དཔའ་བོའི་རྡོ་རིང་གི་གི་མདུན་ནས་ལམ་ལ་ཆས་ཏེ། རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་བར་དུ། ཁོང་རང་ཆིག་རྐྱང་གིས་སྦག་སྦག་བཞོན་སྟེ་བོད་དོན་ཆེད་དུ་ཞི་བའི་ལས་འགུལ་སྤེལ་འཆར་གྱི་ལས་གཞི་ཞིག་སྤེལ་འགོ་བཙུགས་པར། འདི་ག་གསར་ཁང་གིས་དངོས་སུ་ཁོང་ལ་བཅར་འདྲི་ཞུས་པའི་སྐོར་གཤམ་གསལ་དུ་གཟིགས་རོགས།


༡ ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། ངའི་མིང་ལ་ནཱེ་ཐི་ཡམ་སེངྒ་རོ་ཡེ་(Nityam Singharoy)དང་། རྒྱ་གར་ཤར་ཕྱོགས་སུ་ཡོད་པའི་བེ་སི་བྷེན་ཀོལ་(West Bengal )དུ་སྐྱེས་ཤིང་། ང་ལས་ཀ་ནི་རི་མོ་བ་(Visual Artist)ཞིག་ཡིན།

༢ བོད་ཀྱི་བདེན་དོན་སྐོར་ཁྱོད་ཀྱིས་ཇི་ལྟར་དོ་སྣང་དང་ཉན་འཇོག་བྱས་པ་ཡིན།
ལན། རྒྱ་གར་སྲིད་འཛིན་ནེ་རོའི་སྐབས་སུ་༧གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཤིང་། ང་རང་སྐྱེས་དུས་ངའི་ཕ་མ་གཉིས་ཀྱིས་ང་ལ་བོད་དོན་སྐོར་མང་པོ་བཤད་མྱོང་ཡོད་ལ། ང་རང་ཆུང་དུས་ནས་བཟུང་བོད་དོན་སྐོར་ཅུང་ཙམ་ཤེས་ཀྱི་ཡོད། ཡིན་ནའང་། སེམས་གཏིང་ནས་བོད་དོན་སྐོར་གྱིས་ང་རང་སེམས་འགུལ་ཐེབས་སུ་བཅུག་པའི་སྐབས་ནི། ཉེ་ལམ་ཝཱར་ན་རུ་བོད་ཀྱི་སློབ་ཕྲུག་ཅིག་གིས་བོད་དོན་ཆེད་དུ་རང་ལུས་མེར་བསྲེགས་གནང་བ་དེའི་སྐོར་གྱི་གནས་ཚུལ་མཐོང་བས་ན། ང་རང་ཧང་སང་སྟེ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ང་རང་གི་ངོས་ནས་བོད་དོན་རྒྱབ་སྐྱོར་གང་ཐུབ་བྱེད་དགོས་པའི་བསམ་བློ་སྐྱེས་སོང་ལ། ང་ཚོ་མི་ཞིག་ཡིན་པའི་ཆ་ནས་ཕར་ཕྱོགས་སུ་མི་གཞན་པ་ཞིག་གམ་ཡང་ན་རྒྱལ་ཁབ་གཞན་པ་ཞིག་གིས་དཀའ་ངལ་མྱང་བཞིན་པར་ལྟད་མོར་བལྟས་ནས་བསྡད་པ་དེ་ནོར་བ་རེད་བསམ་གྱི་འདུག

༣ ཁྱོད་རང་གཅིག་པུས་སྦག་སྦག་ཞོན་སྟེ་བཞུགས་སྒར་ངྷ་ས་ནས་རྒྱ་གར་རྒྱལ་ས་ལྡི་ལའི་རྒྱ་ནག་གཞུང་ཚབ་བར་དུ་འགྲོ་བའི་སེམས་ཤུགས་ཇི་ལྟར་སྐྱེས་སོང་།

ལན། སེམས་ཤུགས་ཡོད་མེད་གཅིག་པུ་མ་ཡིན་པར་འདི་ནི་ང་རང་གི་ལས་འགན་ཞིག་རེད། མི་ཞིག་གིས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་ཆེད་བློས་གཏོང་བྱས་དུས། འཛམ་གླིང་ཡུལ་གྲུ་ཀུན་གྱིས་མ་ཐོས་མ་གོ་བའི་ཁུལ་ཀྱིས་ཁུ་སིམ་མེར་གནས་ཀྱིན་འདུག གྲྭ་བ་ཞིག་གི་ཆུ་ཚོད་ཡོད་ཚད་ལྷ་ལ་ཕྱག་མཆོད་གསོལ་འདེབས་ཀྱི་ལས་སུ་རོལ་གྱིན་པ་ཡང་ཡུན་རིང་ན་ཟུག་གི་བཟོད་སྲན་མ་བཟོད་པར་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེར་རུ་ཞུགས་དགོས་པ་ནི་ཧ་ཅང་ཡ་ང་བ་ཞིག་རེད། ཅིག་ལ་རྒྱལ་ཁབ་ཞིག་གི་གནད་དོན་ཆེན་པོ་སེལ་གྱི་ཡིན་པའི་བསམ་ཤེས་ཡོད་པའི་སྐབས་སུ་འདི་འདྲིའི་དོན་དག་ཆུང་ཆུང་ཞིག་ལ་བསམ་ཤེས་བྱེད་མ་ཐུབ་པ་རེད། ཐ་ན་རང་ཉིད་གཙོར་བཟུང་གིས་འགྲོ་བ་མིའི་རིགས་ཀྱི་འདུ་ཤེས་གལ་ཆེན་པོར་བརྩི་བ་ནི་དྲང་བདེན་མ་རེད། འཛམ་གླིང་གི་སེམས་ཅན་ཐམས་ཅད་ཡོངས་རྫོགས་ཀྱི་འཚོ་གནས་སུ་རོལ་བའི་བདེ་སྡུག་གཅིག་པ་རེད།  འགྲོ་བ་མིའི་བདེ་དོན་བརླགས་ན་རྒྱུ་ནོར་གཅིག་པུས་མ་འོངས་པར་ཕན་ཐོག་ག་རེ་བྱུང་ཡོད་མེད་ངས་ཧ་གོ་ཡི་མེད།

Tibet-tserinsamdup-2017༤ ཁྱོད་རང་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་ཆེན་ལ་འབྱོར་དུས་ཅི་ཞིག་བྱེད་ཀྱི་ཡིན།

ལན། ངའི་ལས་འགུལ་འདི་ནི་ཞི་བའི་ངོ་རྒོལ་ཞིག་ཡིན། སོ་སོའི་བསམ་བློའི་ནང་བཞིན་སྒྲུབ་ཐུབ་པ་ཡིན་ན། འདི་ནས་ལྡི་ལི་བར་དུ་ཉིན་གཉིས་ཀྱི་ཆུ་ཚོད་བེད་སྤྱོད་གཏོང་རྒྱུ་དང་། ཉིན་གཉིས་རིང་ལམ་ཁའི་ས་གནས་གང་མང་དུ་བོད་དོན་གྱི་གོ་རྟོགས་སྤེལ་གྱི་ཡིན། ལྡི་ལིར་འབྱོར་བའི་ཐོག་མར། རྒྱ་གར་རང་གི་དབུས་གཞུང་ལ་སྐོར་བ་ཞིག་རྒྱག་གི་ཡིན། དེ་རྗེས་ལྡི་ལི་རྒྱ་ནག་གཞུང་ཚབ་ལ་འགྲོ་ཡི་ཡིན།

༥ ཁྱོད་ཀྱིས་རི་མོའི་ལས་རིགས་ག་རེ་སྐོར་འབྲི་བཞིན་ཡོད།
ལན། ང་རང་རི་མོའི་ནང་གི་དེང་རབས་རི་མོ་འབྲི་མཁན་ཞིག་ཡིན་པས་ན། ངའི་ལས་ཀར་དམིགས་གསལ་སྣ་གཅིག་རང་བཞིན་ཅན་མིན་པར། སོ་སོ་རང་ཉིད་ལ་སེམས་ཤུགས་དང་ཚོར་བ་ཇི་ཡོད་ལ་བརྟེན་སྟེ་རི་མོ་འབྲི་བཞིན་ཡོད།

Nityam-1-2017 ༦ ཁྱོད་རང་གིས་རྒྱ་ནག་གཞུང་ཚབ་ལ་བརྡ་ལན་ག་ར་སྤྲད་བརྩིས་ཡོད།

ལན། སྐད་ཆ་དྲང་པོར་བཤད་ན། ངས་སྐད་ཆ་ག་ཚོད་བཤད་ཀྱང་ཁོ་ཚོའི་ཨ་འབྱོག་ནང་དུ་འཛུལ་སྟེ་ལེན་ཐུབ་གྱི་མ་རེད། ཡིན་ནའང་། ངའི་རེ་སྐུལ་ཆེ་ཤོས་ནི་འགྲོ་བ་མིའི་རིགས་ཀྱི་རིན་ཐང་མཐོ་ཤོས་སུ་འཇོགས་རོགས། སྤྱིར་བཏང་རྒྱ་ནག་ནི་རིག་གཞུང་ཕྱུག་པོ་ཡོད་པ་ཞིག་རེད་ལ། ཁོ་ཚོས་སོ་སོའི་རིག་གཞུང་རྩ་ཆེན་པོར་བརྩི་ཡི་ཡོད་ན། མི་རིགས་གཞན་གྱི་རིག་གཞུང་ག་རེ་བྱས་ནས་འཕྲོ་བརླགས་དང་གཏོར་བཅོམ་བྱེད་དགོས་པ་རེད། མི་གཞན་གྱི་རིག་གཞུང་ལ་ཡང་བརྩི་བཀུར་བྱེད་པ་གལ་ཆེན་པོ་རེད། འདི་མ་གཏོགས་སྐད་ཆ་གསར་བ་ཅི་ཡང་མེད། གཙོ་བོ་བོད་དེ་བོད་མིར་སྤྲད་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
ང་རང་གིས་བོད་མི་རྣམས་སུ་བཤད་རྒྱུ་ཞིག་ལ། བོད་པ་རྣམས་ཀྱིས་སོ་སོའི་ལུང་པའི་ཆེད་དུ་རང་གི་ཚེ་སྲོག་ཡན་ཆད་འདོར་ཐུབ་པའི་སྙིང་སྟོབས་འདི་ནི། མི་ཚང་མས་བྱེད་ཐུབ་པ་ཞིག་མིན་པས་ན། ངས་ལག་པ་ཐོད་ལ་བཞག་སྟེ་གུས་འདུད་ཞུ།

༨ ཁྱོད་ཀྱིས་བོད་པ་དང་འབྲེལ་བའི་རི་མོ་དེ་འདྲ་འབྲི་མྱོང་ཡོད་དམ།
ལན། ད་ལྟ་བར་དུ་བོད་པ་མཚོན་པའི་རི་མོ་འབྲི་མྱོང་མེད། བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བ་མཐོང་སྟེ་སེམས་སུ་ཚོར་བ་ཤུགས་ཆེན་པོ་ཞིག་སླེབས་ཤིང་།  རྗེས་སུ་བོད་དོན་མཚོན་པའི་རི་མོ་འབྲི་བའི་འཆར་གཞི་བཏིང་གི་ཡིན།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།