བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

སོ་སོས་གང་ཤེས་པ་དེ་མི་གཅིག་ལས་མེད་ན་ཡང་སློབ་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧ལོའི་ཟླ་༧ཚེས་༢༤ཉིན་སྤེལ། གཞན་ལ་ཕན་ཐོགས་བྱེད་ཐུབ་ཀྱི་འདུག་བསམ་པ་དེས་སེམས་ལ་བདེ་བ་ཐོབ་ཀྱི་ཡོད་པ་དངོས་ཡོད་རེད་འདུག ཅེས་བོད་པའི་བུ་མོ་ཞིག་གི་སེམས་ཀྱི་འབོད་སྒྲ་ཞེས་པའི་རྩོམ་པ་པོ་དང་ཡོ་ག་སློབ་ཁྲིད་པ་བསམ་འགྲུབ་སྒྲོལ་མ་ལགས་ཀྱིས་འདི་ག་གསར་ཁང་གིས་བཅར་འདྲི་ཞུ་སྐབས་འགྲེལ་བརྗོད་གནང་སོང༌།

Tibet-Yoga-0༡། ཐོག་མར་ཁྱེད་རང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས།
ལན། ངའི་མིང་ལ་བསམ་འགྲུབ་སྒྲོལ་མ་ཟེར་གྱི་ཡོད། ཕ་ཡུལ་མདོ་སྨད་ནས་ཡིན། ཕྱི་ལོ་ཉིས་སྟོང་གཉིས་ལོར་རྐང་ཐང་ལ་བརྟེན་ནས་རྒྱ་གར་དུ་སླེབས་པ་ཡིན། སྐབས་དེར་རང་ལོ་དྲུག་ལ་སོན་ཡོད། ཉིས་སྟོང་བཅོ་ལྔ་ལོར་མ་སུ་རིའི་བོད་ཁྱིམ་སློབ་གྲྭ་ནས་སློབ་མཐར་ཕྱིན། དེ་རྗེས་རྐྱེན་ཞིག་གི་དབང་གིས་མུ་མཐུད་མཐོ་སློབ་འགྲོ་ཐུབ་ཡོད་མ་རེད། དེར་བརྟེན་ངས་ཆུང་དུས་ནས་བྲིས་པའི་ང་རང་གི་མི་ཚེ་དང་འཚོ་བའི་སྐོར་ལ་དབྱིན་ཡིག་གི་རྩོམ་ཐུང་ཞིག་བྲིས་ཡོད་པ་དེ་ཕྱི་ལོ་ཉིས་སྟོང་བཅུ་དྲུག་ལོར་དཔར་བསྐྲུན་བྱ་ཐུབ་པ་བྱུང་སོང༌། དེབ་དེའི་མིང་ལ་༼(བོད་པའི་བུ་མོ་ཞིག་གི་སེམས་ཀྱི་འབོད་སྒྲ་) (The Inner voice of a Tibetan girl) དེ་དང་མཉམ་དུ་ལོ་གཉིས་ནང་ཡོ་ག་ཡང་སྦྱང་པ་ཡིན། ངའི་ཐོག་མའི་དགེ་རྒན་ཚེ་འདས་རྒན་བློ་བཟང་དོན་ལྡན་ལགས་རེད་རྒན་ལགས་ཀྱི་དྲུང་ནས་ཡོ་ག་སློབ་སྦྱོང་བྱས་ དེ་རྗེས་(Haridwar ) དུས་ (swami ram dev) དྲུང་དུ་བསྐྱར་དུ་རླུང་སྦྱོང་སྐོར་སྦྱངས་བ་ཡིན། དེ་རྗེས་རྒན་ལགས་ཀྱིས་ཡོ་ག་སློབ་རྒྱུའི་གོ་སྐབས་སྤྲད་རྗེས་ད་ལྟ་བར་ཡོ་ག་བསླབས་དང་སློབ་བཞིན་ཡོད་པ་མ་ཟད་ད་ལོ་དགེ་རྒན་འོས་སྦྱོར་བྱས་ཟིན་པ་ཡིན།

། ཡོ་ག་ཟེར་བ་དེ་དོན་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་སམ།
ལན། སྤྱིར་བཏང་ཡོ་ག་ཡི་དོན་དེ་ཧ་ཅང་གིས་རྒྱ་ཆེན་པོ་ཞིག་རེད། འོན་ཀྱང་ངའི་བསམ་པར་ཆ་བཞག་ན་ལུས་སྦྱོང་གཅིག་པུ་མ་ཡིན་པར་སྒོམ་བརྒྱབ་སྟངས་དང༌། དམིགས་བསལ་གྱིས་སོ་སོའི་ལུས་ངག་ཡིད་གསུམ་མཉམ་དུ་ཟུང་སྦྲེལ་བྱས་ཏེ་ལུས་དང་སེམས་གཉིས་ལ་འགྱུར་བ་གཏོང་བའི་ཐབས་ལམ་ཡག་པོ་ཞིག་རེད་འདུག སྤྱི་ཡོངས་ནས་བཤད་པ་ཡིན་ན་ཡོ་ག་ལ་འགྲེལ་བཤད་བརྒྱབ་སྟངས་དེ་༼གཅིག་སྒྲིལ། སྒྲིག་གཞི་༽ཞེས་པ་སོགས་རེད་འདུག ཆིག་སྒྲིལ་དེ་གང་ཆགས་ཡོད་པ་རེད་དམ་ཞེ་ན། དབུགས་གཏོང་ལེན་བྱེད་སྟངས་དང་བསམ་བློའི་འཁྱེར་གསོ་གཉིས་མཉམ་དུ་ཟུང་སྦྲེལ་བྱས་ཏེ་ལུས་སྦྱོང་བྱས་པ་ཡིན་ན་གོ་ཆོད་པ་ཞིག་ཆགས་ཡོད་པ་དེ་རེད་འདུག ད་དུང་གཟུགས་པོ་འཁྱེར་སྟངས་བཅས་ཟུང་སྦྲེལ་བྱེད་དགོས་པ་ཞིག་ཡིན་པ་མྱོང་འཚོར་བྱུང།

Tibet-Yoga-1༣། དེང་སང་ཡོག་ལ་དོ་སྣང་བྱེད་མཁན་དང༌། སློབ་སྦྱོང་བྱེད་མཁན་ལོ་རེ་བཞིན་མང་དུ་མང་དུ་འགྲོ་བཞིན་ཡོད་པར་བརྟེན་ཡོ་ག་སྦྱོང་བའི་སྐབས་ཟམ་ནན་བྱེད་དགོས་པ་ག་རེ་ཡོད་དམ།
ལན། ལོ་ཚད་ལ་དཔག་པའི་ཡོ་ག་རྩེད་སྟངས་ཀྱང་མི་འདྲ་བ་ཡོད་པ་རེད་ལ་དུས་ཚོད་ཀྱང་མི་འདྲ་ཡོད་པ་རེད། དཔེར་ན་ཡོ་ག་རྩེད་སྐབས་དབུགས་བཀག་ནས་སྡོད་པའི་རིགས་ལ་ཆ་བཞག་ན་ལོ་ཆེན་པོ་ཡིན་ན་དབུགས་རྒྱུན་རིང་པོ་བཀག་ནས་སྡོད་ཐུབ་ཀྱི་ཡོད་པ་མ་རེད། དེ་བཞིན་ས་མཐིལ་དུ་རྡོ་རྗེ་དཀྱིལ་དཀྲུང་བྱས་ཏེ་སྡོད་དགོས་པར་ཁྱབ་པ་མེད་པ་བཞིན་ལོ་ཚོད་དང་བསྟུན་ནས་རྩེད་དགོས་པ་དེ་གལ་ཆེན་པོ་རེད། མ་ཟད་རང་ཉིད་ཀྱི་གཟུགས་པོའི་ནུས་པ་ལ་བརྟེན་ནས་རྩེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་ཡོ་ག་རྩེད་མཁན་སོ་སོར་ན་ཚ་གང་ཡོད་པ་དེ་ལ་གཞིགས་ནས་ཟམ་ནན་བྱེད་དགོས་པ་མི་འདྲ་བ་མང་པོ་ཡོད་པ་རེད། གཙོ་བོ་དེ་ཡོ་ག་ཡིས་ཕན་ཡོན་དང་འགག་བྱ་གང་ཡིན་ཤེས་པ་ཡིན་ན་མི་སུ་འདྲ་ཞིག་གིས་རྩེད་རུང་དཀའ་ངལ་མེད་བསྡད་པ་ཞིག་རེད།

༤། ཡོ་ག་སྦྱོང་མཁན་གྱི་སློབ་མ་ཞིག་ཡིན་ན་ཡོ་ག་སྦྱོང་བའི་སྐབས་སུ་ཀུན་སློང་གང་འཁྱེར་དགོས་པ་རེད་དམ།
ལན། ངའི་དགེ་རྒན་བློ་བཟང་དོན་ལྡན་ལགས་རེད། ཚང་མས་མཁྱེན་གསལ་ལྟར་རྒན་ལགས་ཀྱིས་སོ་སོ་ལ་ཕན་ཐོགས་ན་བསམ་པའི་བསམ་བློ་སྤུ་ཙམ་ཞིག་ཡོད་མ་རེད། ཐེངས་ཤིག་ཁོང་གིས་གང་གསུངས་ཡོད་པ་རེད་དམ་ཞེ་ན། སོ་སོས་གང་ཤེས་པ་དེ་མི་གཅིག་ལས་མེད་ན་ཡང་སློབ་དགོས་པ་ལས་ཚུར་ལ་རེ་བ་བརྒྱབ་རྒྱུ་མེད། ག་དུས་ཡིན་ན་ཡང་གཞན་ཕན་གྱི་བསམ་བློ་ཡོད་ན་སོ་སོ་སྐྱེད་པོ་ཡོང་གི་རེད། སྐྱིད་པོ་བྱུང་བ་དེའི་འབྲས་བུ་རེད་ཟེར་བ་དེ་ཁོང་གིས་རྒྱུན་ལྡན་ནས་གསུང་གི་རེད། དེར་བརྟེན་བསླབ་བྱ་དེ་ག་རང་ཡིད་ལ་བཟུང་ནས་གཞན་ལ་ཕན་ན་བསམ་པའི་ཀུན་སློང་དེ་འཁྱེར་དུས་ཡོ་ག་སྦྱོང་མཁན་ཡང་མང་པོ་ཞིག་ཡོང་གི་འདུག་ལ། ཡོ་ག་སྦྱོང་མཁན་མང་པོ་ཞིག་ལ་ཕན་འབྲས་ཐོན་ཐུབ་པ་དེ་འདྲ་མིག་མཐོང་ལག་ཟིན་བྱུང་བ་དེས་ངས་གཞན་ལ་ཕན་ཐོགས་བྱེད་ཐུབ་ཀྱི་འདུག་བསམ་པ་དེས་སེམས་ལ་བདེ་བ་ཐོབ་ཀྱི་ཡོད་པ་དངོས་ཡོད་རེད་འདུག འོན་ཀྱང་སློབ་མའི་ཀུན་སློང་འཁྱེར་སྟངས་ཐད་བཤད་ན། རང་ཉིད་ཀྱི་སྦྱོང་ལྟར་བྱེད་སྐབས་བསམ་བློ་གུ་ཡང་པོ་དང་དོ་སྣང་བྱས་ཏེ་ཕན་གི་རེད་བསམ་པའི་ཡིད་ཆེས་ཡོད་རྒྱུ་དེ་ཤིན་ཏུ་གལ་ཆེ་པོ་རེད་འདུག གང་ཡིན་ཞུས་ན་ང་ཚོའི་བསམ་བློའི་བྱ་བ་མང་པོ་ཞིག་ལ་འགྱུར་བ་གཏོང་ཐུབ་ཀྱི་ཡོད་པ་དངོས་ཡོད་གནས་ཚུལ་རེད། དགེ་རྒན་ཞིག་ཡིན་པའི་ཆ་ནས་བཤད་ན་ཀུན་སློང་གཙང་མ་དང་གཞན་ཕན་གྱི་བསམ་བློ་ཡོད་ན་ཏན་ཏན་རང་གི་དགོངས་ཚུལ་ལྟར་ལེགས་འགྲུབ་ཡོང་གི་རེད།

Tibet-Yoga-2༥། ཁྱེད་རང་ཡོ་ག་སྦྱོང་བའི་རྒྱུད་རིམ་ནང་དཀའ་ངལ་ཆེ་ཤོས་དེ་གང་བྱུང་སོང་ངམ།
ལན། ཐོག་མར་རྒན་ལགས་ཀྱིས་ང་ལ་ཡོ་ག་སློབ་པའི་གོ་སྐབས་སྤྲོད་དུས་སློབ་ཕྲུག་དྲུག་མ་གཏོགས་མེད། སློབ་ཕྲུག་དྲུག་པོ་དེ་ལ་རྒྱུན་རིང་སློབ་རྒྱུར་འབད་བརྩོན་བྱས་པ་ཡིན། ང་རང་སྒེར་ལ་དམིགས་བསལ་དཀའ་ངལ་བྱུང་མ་སོང་ཡང་མི་མང་ཚོའི་ངོས་ནས་འཕྲོད་བསྟེན་ལ་བསམ་ནས་ཡོ་ག་ལ་དོ་སྣང་བྱེད་མཁན་མེད་པ་དེ་དཀའ་ངལ་ཞིག་རེད་འདུག་ འོན་ཀྱང་དེང་སང་ཧ་ཅང་གི་ས་དོ་སྣང་བྱེད་མཁན་མང་དུ་སོང་འདུག

༦། ལོ་གཉིས་རིང་ཡོ་ག་སློབ་པའི་དུས་ཡུན་ནང་ཁྱོན་བསྡོམས་སློབ་མ་ག་ཚོད་ཙམ་ལ་ཡོ་ག་བསླབས་ཐུབ་པ་བྱུང་ཡོད་དམ།
ལན། ངས་ཡོ་ག་སློབ་ཁྲིད་བྱས་པའི་རྒྱུད་རིམ་དེ་གང་དུ་རེད་དམ་ཞེ་ན། ཐོག་མར་དེ་ལ་སྐད་འཕྲིན་ཚོགས་པ་མང་པོ་ཞིག་ཡོད་པ་རེད། དེ་རྒྱུད་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ལ་ཡོ་གའི་གོ་རྟོགས་ཞིག་སྤྲད་ཐུབ་པ་བྱུང་སོང་ཕྱིས་སུ་དེ་མེད་པ་བཟོས་ནས་གཏར་འཕྲིན་(telegram)བཟོས་ཡོད་པ་རེད། གང་ཡིན་ཟེར་ན་སྐད་འཕྲིན་དེ་རྒྱ་ནག་དང་འབྲེལ་བ་ཡོད་པ་ཡིན་དུས་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་པ་རེད་འདུག སྔོན་མ་སྐད་འཕྲིན་སྤྱོད་པའི་སྐབས་སུ་ཆ་བཞག་ན་ཚོགས་པ་དྲུག་ཡོད་པ་རེ་རེའི་ནང་མི་ལྔ་བརྒྱ་ཡོད་པ་རེད། དེ་མ་ཡིན་པར་ཚོགས་པ་ཆུང་ཆུང་གསུམ་བཞི་ཙམ་ཞིག་ཡོད་པ་རེད་ལ་ཡུ་ཀྲུབ་(YouTube: VOS. Voice Of SamdupDolma ནང་ལ་ཡང་མང་པོ་ཞིག་ལ་སློབ་ཁྲིད་བྱེད་བཞིན་པ་བཅས་ཁྱོན་བསྡོམས་སློབ་མ་ལྔ་སྟོང་ལྷག་ཙམ་ལ་ཡོ་ག་སློབ་ཁྲིད་བྱེད་ཐུབ་པ་བྱུང་ཡོད།

༧། བརྒྱུད་ལམ་འདི་རྒྱུད་ནས་བོད་གཞིས་བྱེས་གཉིས་སུ་བཞུགས་པའི་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ལ་ཡོ་ག་དང་འབྲེལ་བའི་སྐོར་ལ་གལ་གནད་ཆེ་བའི་དགོངས་འཆར་གང་ཡོད་དམ།
ལན། ཡོ་ག་དེ་འཕྲོད་བསྟེན་གྱི་ལམ་ཁ་ཡག་ཤོས་ཤིག་ཆགས་ཡོད་པ་རེད། དེ་སང་འཛམ་གླིང་ནང་ཡོ་ག་དེ་སྐད་གྲགས་ཆེན་པོ་ཆགས་ཡོད་པ་རེད། གཙོ་བོ་དེ་སོ་སོས་ཡག་པོ་སློབ་ཐུབ་དང་མ་ཐུབ་དེ་ཆགས་ཡོད་པ་རེད། འཕྲོད་བསྟེན་དེ་ང་ཚོའི་མི་ཚེའི་ནང་གལ་ཆེ་ཤོས་དང་ཨང་དང་པོ་དེ་ཆགས་ཡོད་པ་རེད་ཞུ་རྒྱུ་ཡིན། མཉམ་དུ་ལུས་རྩལ་གཅིག་པུ་མ་ཡིན་པར་ཟས་དང་སྤྱོད་ལམ་ཐོག་རྒྱུན་ལྡན་ནས་ལག་ལེན་བསྟར་དགོས་པ་དང་དེའི་ཐོག་ཡར་རྒྱས་གཏོང་དགོས་པ་དེ་ཧ་ཅང་གིས་གལ་ཆེན་པོ་རེད་འདུག འཕྲོད་བསྟེན་ཡག་པོ་ཡོད་ན་སོ་སོའི་མི་ཚེའི་ནང་གི་རེ་བ་དང༌། རྨི་ལམ། འཆར་གཞི་གང་ཡིན་ཡང་དེ་དག་ལེགས་འགྲུབ་ཡོང་བའི་གོམ་པ་དང་པོ་དེ་ཆགས་ཡོད་པ་རེད། དེར་བརྟེན་རང་ངོས་ནས་འཕྲོད་བསྟེན་གྱི་ཐོག་ལ་གང་ཐུབ་ཐུབ་ཀྱིས་དོ་སྣང་མང་ཙམ་གནང་རོགས་གནང་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།།

གསར་འགོད་པ་ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།