བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བོད་ཡིག་ཡར་རྒྱས་སུ་གཏོང་དགོས་ན་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༦།༣༠ཉིན་སྤེལ། རང་དབང་ལུང་པར་བསྡད་ཡོད་དུས་སུ་མ་མཐའ་ཡང་འཛིན་གྲྭ་བཅུ་བ་བར་དུ་བོད་ཡིག་ཡོད་སའི་སློབ་གྲྭ་ཞིག་ཏུ་བྱིས་པ་རྣམས་འཇོག་དགོས་པ་གལ་ཆེན་པོ་རེད། ཅེས་ལྟ་གྲུབ་དགེ་རྒན་གྱིས་གསུང་སོང་།

Tibet-Teacher-with-students-2017འདི་ག་གསར་ཁང་གིས་ངྷ་ཞོལ་དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་དགེ་རྒན་སྤྲུལ་སྐུ་ཐུབ་བསྟན་ཆོས་འཕེལ་ལགས་སུ་ཆེད་བཅར་གྱིས་ཁོང་གིས་བརྩམས་པའི་བརྡ་དག་གི་འགྲེལ་བ་དཔེ་རིས་ཅན་དང་འབྲེལ་སྟེ། བཙན་བྱོལ་བོད་ཀྱི་གཞི་རིམ་འཛིན་གྲྭ་ཁག་གི་སློབ་དེབ་དང་གཞུང་གི་ཤེས་ཡོན་སྲིད་བྱུས་ཀྱིས་ཁྱབ་ཚད་སྐོར་ལ་བཅར་འདྲི་ཞུས་ཤིང་། ཁོང་གིས་ལྟ་གྲུབ་དགེ་རྒན་བྱས་པའི་ཉམས་མྱོང་དང་སློབ་མའི་བློ་ངོར་འཕྲོད་པའི་འཁྲིད་ཐབས། བྱིས་པ་དག་ཡིག་སློབ་མར་འཁྲིད་སྐབས་ཀྱི་ཐབས་ལམ་གསར་གཏོད་ཀྱིས་འགྲེལ་བཤད་ཀྱི་དེབ་ཞིག་བརྩམས་པ་སོགས་ཀྱི་སྐོར་ནས་བཅར་ལན་བཏབ་ཅིང་རེ་སྐུལ་ཞུས་སོང་བ་གཤམ་གསལ་ཏུ་རིམ་བཞིན་གཟིགས་འབུལ་ཞུས་པ་བཞིན་དུ་ལྟ་ཀློག་གནང་རོགས།

༡ ཐོག་མར་ཁྱེད་རང་ངོ་སྤྲོད་ཅིག་གནང་རོགས།

དྲིས་ལན།    ངའི་མིང་ལ་ཐུབ་བསྟན་ཆོས་འཕེལ་ཟེར་ཞིང་། ང་སྐྱེས་ས་གསེར་རྟ་ནས་ཡིན། གཞིས་དགོན་གསེར་རྟ་སེ་ར་དགོན་པ་དང་།  ཕྱི་ལོ་༡༩༩༨ལོར་བཙན་བྱོལ་དུ་འབྱོར། འབྲས་སྦུངས་སྒོ་མང་གྲྭ་ཚང་ནས་སློབ་གཉེར་བྱས། ཕྱི་ལོ་༢༠༠༩ནས་ད་བར་དགེ་རྒན་བྱས་ནས་བསྡད་པ་ཡིན་ལགས།

༢ ཁྱེད་རང་བཙན་བྱོལ་ལ་འབྱོར་བ་ནས་བཟུང་བོད་སྐད་ཡིག་ཐོག་དོ་སྣང་ཇི་ལྟར་བྱུང་སོང་།

དྲིས་ལན། ང་གྲྭ་སར་ཡོང་བའི་སྐབས་སུ། མཚན་ཉིད་རིག་པ་མ་གཏོགས་སུམ་རྟགས་དག་གསུམ་ཐོག་ལ་དོ་སྣང་ཆེན་པོ་མེད།  ཡིན་ནའང་། ང་རང་ལ་དགེ་རྒན་བྲ་ཉེ་བསྟན་འཛིན་རྒྱ་མཚོ་ཟེར་བ་ཞིག་ཡོད། ཁོང་གིས་ང་ཚོར་ངལ་གསོའི་སྐབས་དང་ཆོས་ར་གྲོལ་ཚར་བའི་རྗེས་དགོང་མོའི་ཆུ་ཚོད་༡༡ནས་༡༢བར་དེར་སུམ་རྟགས་དག་གསུམ་འཁྲིད་པའི་འཛིན་གྲྭར་ཞུགས་ཏེ། དང་པོ་བློ་གསལ་འཇུག་ངོགས་དང་ལེགས་བཤད་ལྗོན་དབང་། པྲ་ཏི་དང་སི་ཏི་ལ་སོགས་པའི་སུམ་རྟགས་ཆ་ཚང་ཞིག་ཞུས་ཤིང་། དེ་རྗེས་སྙན་ངག་ལེའུ་གཉིས་པ་ཆ་ཚང་བར་དཔེ་བརྗོད་བཞག་པ་ཡིན་ཞིང་། ང་དང་ཐོག་རྒྱ་གར་ལ་ཡོང་དུས་ངས་རང་ཉིད་ཀྱི་མིང་གི་དག་ཆ་ཡང་བོད་སྐད་ཡིག་ཐོག་ནས་ཡག་པོ་འབྲི་མི་ཤེས་མཁན་ཞིག་ཡིན།

༣ ཁྱེད་རང་ལྟ་གྲུབ་དགེ་རྒན་བྱེད་པའི་འདུན་པ་ཇི་ལྟར་སྐྱེས་སོང་།

དྲིས་ལན། ཕྱི་ལོ་༢༠༠༧ནམ་ཡང་༢༠༠༨ཞིག་ལ། ༧གོང་ས་མཆོག་གིས་རྒྱུད་སྨད་དུ་འཇིག་བྱེད་ཀྱི་བཀའ་དབང་ཞིག་གནང་བའི་སྐབས་སུ། དགོན་པ་གྲྭ་ཚང་གདན་ས་ཁག་ཏུ་ཡོད་པ་ནང་ཆོས་ཤེས་མཁན་རྣམས་སྤྱི་ཚོགས་ནང་དུ་སོང་སྟེ། ནང་ཆོས་ངོ་སྤྲོད་དང་དགེ་རྒན་བྱེད་རྒྱུ་གལ་ཆེན་ཡིན་པའི་སྐོར་ནས་བཀའ་སློབ་སྩལ་བ་ལྟར། ང་རང་ལ་ལྟ་གྲུབ་དགེ་རྒན་བྱེད་ཆོག་པའི་དབུ་མ་རམ་འབྱམས་པའི་ལག་ཁྱེར་ཡོད་པས་ན། ༧གོང་ས་༧ སྐྱབས་མགོན་མཆོག་གིས་བཀའ་སྩལ་བའི་བཀའ་སློབ་ཀྱི་ཆ་ཤས་ཙམ་ཞིག་སྒྲུབ་ཨེ་ཐུབ་དང་། སོ་སོས་ནང་ཆོས་དོག་ཙམ་ཤེས་པ་དེ་ཉམས་ལེན་བྱེད་མ་ཐུབ་ཀྱང་མི་ལ་བཤད་ཐུབ་ན་དོག་ཙམ་ཕན་གྱི་རེད་བསམ་པའི་ཀུན་སློང་གིས་དགེ་རྒན་བྱས་པ་ཡིན།

༤ དགེ་རྒན་བྱས་པའི་བརྒྱུད་རིམ་ཁྲོད་དུ་ཁྱོད་རང་ལ་ཐོབ་པའི་ཉམས་མྱོང་ཅི་ཞིག་ཡོད།

དྲིས་ལན། ང་རང་ཐོག་མར་ཧམ་པ་ཚ་བོའི་སྒང་ནས་དགེ་རྒན་བྱས་པ་ཡིན་མོད། རྗེས་སུ་མ་འདང་བའི་ཆ་མང་པོ་ཡོད་པ་ཚོར་སོང་། ལྷག་པར་དུ་སློབ་ཁྲིད་བྱེད་དུས་སུ་ཉིན་རེའི་ནང་དུ་གསར་གཏོད་ཀྱི་རྣམ་པའི་སྟེང་སློབ་འཁྲིད་ཐབས་ལམ་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་དང་། དཔེར་ན། ངས་བྲིས་པའི་བློ་གསར་བྱིས་པའི་བརྡ་དག་ནང་བཞིན། བྱིས་པའི་སེམས་ཁམས་དང་བསྟུན་སྟེ་འགྱུར་བ་གཏོང་དགོས་པ་གལ་ཆེན་པོ་རེད་མ་གཏོགས། ངའི་དགེ་རྒན་གྱིས་འདི་ལྟར་འཁྲིད་ཀྱི་འདུག དགེ་རྒན་གཞན་ཞིག་གིས་འདི་ལྟར་འཁྲིད་ཀྱི་འདུག་ཟེར་བ་ཞིག་གཞིར་བཞག་ནས་འཁྲིད་པ་དང་། བྱིས་པས་ཤེས་ཀྱི་ཡོད་མེད་ལ་མ་ལྟོས་པར་སོ་སོས་གང་ཤེས་པ་དེ་བཤད་བསྡད་པ་ལ་སོགས་པའི་སྐྱོན་ཆ་མང་པོ་ཞིག་སོ་སོར་ཡོད་པ་ནི། རྗེས་ནས་ག་ལེར་ཉམ་མྱོང་གིས་རྟོགས་སོང་། འདི་ནི་ང་རང་དགེ་རྒན་བྱས་པའི་ཁྲོད་ཀྱི་ཕན་ཐོག་ཆེ་བའི་ཉམས་མྱོང་གི་ལེགས་སྐྱེས་ཤིག་ཡིན། སངས་རྒྱས་ཀྱི་གསུངས་ནང་དུ། གདུལ་བྱའི་ཁམས་དང་མོས་པ་བསམ་པ་བག་ལ་ཉལ་བ་ཇི་ལྟ་བུ་བཞིན་དུ་ཆོས་སྟོན་གསུང་བ་བཞིན། སློབ་ཕྲུག་མི་ཤེས་མཁན་ལ་ལྷག་པར་དུ་གཟབ་གཟབ་བྱས་ཏེ་ཤེས་སུ་འཇུག་པ་གལ་ཆེན་པོ་ཡིན་པས་ན། ངས་དེ་འདྲའི་ཐོག་ཏུ་ང་རང་གི་མྱོང་ཚོར་ལྟར་དགེ་རྒན་གྱི་ཐབས་ལམ་ལག་ལེན་བཅུ་བདུན་མ་ཟེར་བ་ཞིག་བྲིས་ཡོད།

༥ བཙན་བྱོལ་སློབ་གྲྭ་ཁག་གི་བོད་ཡིག་གི་སྤུས་ཚད་ཀྱིས་མ་འོངས་པར་བོད་ཀྱི་སྐད་ཡིག་ལ་ཕན་ཐོག་ཅི་འདྲ་ཞིག་འབྱུང་གི་རེད།

དྲིས་ལན། ངས་བལྟས་ན་སློབ་གྲྭ་ཁག་ཏུ་བོད་ཡིག་ཡོད་པ་ནི་ཧ་ཅང་ཡག་པོ་རེད་བསམ། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་ཤེས་རྒྱུ་ནི་ཧ་ཅང་གིས་གལ་ཆེན་པོ་རེད་ལ། བོད་ནང་དུ་དཀའ་ངལ་ཆེན་པོའི་འོག་ཏུ་ཡིག་རྨོངས་སེལ་བའི་ལས་འགུལ་སྤེལ་གྱི་ཡོད་ཅིང་། ང་ཚོ་ཡིན་ན། རང་དབང་ལུང་པར་བསྡད་ཡོད་དུས་སུ་མ་མཐའ་ཡང་འཛིན་གྲྭ་བཅུ་བ་བར་དུ་བོད་ཡིག་ཡོད་སའི་སློབ་གྲྭ་ཞིག་ཏུ་བྱིས་པ་རྣམས་འཇོག་དགོས་པ་གལ་ཆེན་པོ་རེད། འདི་ལས་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ཐོན་གྱི་ཡོད་མེད་མི་ཤེས་མོད། བོད་ཡིག་ཀློག་ཐུབ་པ་དང་བོད་སྐད་བཤད་ཐུབ་པ་ཞིག་ཡོང་གི་རེད་བསམ་ཀྱི་ཡོད། ལྷག་པར་དུ་འཛིན་གྲྭ་ལྔ་བ་བར་དུ་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་ཐུབ་པ་ཡིན་ན། མ་འོངས་པར་བཙན་བྱོལ་ནང་གི་བོད་ཡིག་ཅུང་ཙམ་ཡར་རྒྱས་སུ་འགྲོ་རྒྱུ་རེད་བསམ་པའི་ཚོར་བ་བྱུང་སོང་།

༦ ཁྱེད་རང་དགེ་རྒན་བྱས་ཏེ་བོད་ཀྱི་སློབ་ཕྲུག་རྣམས་སུ་བོད་སྐད་ཡིག་གི་སྤུས་ཚད་མཐོར་འདེགས་གཏོང་བའི་ཐབས་ལམ་ཇི་ལྟ་བུ་ཞིག་རྙེད་སོང་།

དྲིས་ལན། གཙོ་བོ་ནི་ང་ཚོས་དཀའ་ལས་རྒྱབ་བཞག་པའི་ཤེས་ཡོན་སྲིད་བྱུས་ནི་མཁས་དབང་མང་པོར་གྲོས་བསྡུར་བྱས་ཤིང་། ཉམས་མྱོང་ཅན་དང་ཡོན་ཏན་ཅན་རྒན་པ་རྣམས་སུ་བཀའ་འདྲི་ཞུས་ཏེ་གཏན་ལ་ཕབ་པ་ཞིག་ཡིན་པ་དང་། འདི་ནི་སློབ་གྲྭ་ཁག་གི་འཛིན་གྲྭ་ལྔ་བ་བར་དུ་ཆ་ཚང་ལག་ལེན་བསྟར་ཐུབ་པ་ཡིན་ན། ང་རང་དཔེ་སྟོན་སློབ་གྲྭར་བསྡད་པའི་ཉམས་མྱོང་དང་སློབ་གྲྭ་གཞན་ལ་བསྡད་པའི་ཉམས་མྱོང་ཚང་མ་བསྡུར་ཡོང་དུས་ཧ་ལས་པའི་ཡག་པོ་རེད་བསམ། དེ་ཡང་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་གྱི་ཡོད་ཟེར་བ་ཙམ་མ་ཡིན་པར། ཤེས་ཡོན་སྲིད་བྱུས་རང་གི་སྒང་ལ་ཐུགས་བསམ་རྒྱ་ཆེན་ཞིག་བཞེས་སྟེ་ཚིག་འབྲུ་རེ་རེ་ཡང་སྣང་མེད་དུ་མ་བཏང་བར་ལག་ལེན་བསྟར་ཐུབ་པ་ཡིན་ན། གྲུས་འབྲས་ཤིག་ཐོན་གྱི་རེད་བསམ་པའི་རེ་བ་ཡོད། གཙོ་བོ་བོད་ཡིག་ཡར་རྒྱས་སུ་གཏོང་དགོས་ན་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་རྒྱུ་དང་། དགེ་རྒན་ཚད་ལྡན་དགོས་རྒྱུ་གལ་ཆེན་པོ་རེད། གང་ལྟར་དགེ་རྒན་དེ་ཚོ་འདེམས་སྒྲིག་བྱེད་དུས་རྒྱུགས་ལེན་པ་སོགས་གང་ཞིག་བྱས་ཀྱང་རུང་། ཞིབ་འཇུག་དང་བརྟག་དཔྱད་བྱེད་དགོས་ཀྱི་རེད་མ་གཏོགས་དགེ་རྒན་ཞིག་སྙིང་རྗེ་ཟེར་ནས་བཞག་པ་ཡིན་ན། སློབ་ཕྲུག་མང་པོ་ཞིག་འདུན་ལམ་འཕྲོ་བརླགས་སུ་འགྲོ་ཡི་རེད་ལ། ཤེས་ཚད་ཀྱིས་གདེང་གི་མེད་པའི་དགེ་རྒན་གནས་སྤོར་སོགས་བྱས་ཏེ་དགེ་རྒན་ཚད་ལྡན་འཇོག་དགོས་རྒྱུ་དང་། དགེ་རྒན་རྣམས་སུ་མཐུན་རྐྱེན་ཡག་པོ་ཞིག་སྤྲད་ཐུབ་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་བསམ།

༧ བཙན་བྱོལ་གཞུང་གི་ཤེས་ཡོན་སྲིད་བྱུས་ཀྱིས་བཙན་བྱོལ་བོད་ཀྱི་གཞི་རིམ་སློབ་གྲྭ་ཁག་གི་སྤུས་ཚད་ལ་རམ་འདེགས་བྱེད་པར་ཕན་ཐོག་ཆེན་པོ་ཡོད་པ་ཁྱེད་ཀྱིས་གསུངས་སོང་བ་བཞིན་དུ། ཤེས་ཡོན་སྲིད་བྱུས་ནང་གི་ཕན་ཐོག་པ་ཁ་ཤས་ཤིག་ལུང་འདྲེན་བྱེད་རོགས།

དྲིས་ལན། ཤེས་ཡོན་སྲིད་བྱུས་ནང་གི་གཞན་ཕན། རྒྱུད་འཛིན། རང་དབང་། གསར་གཏོད་སོགས་ཀྱི་གྲོས་ནི་ཧ་ལས་པའི་གལ་ཆེན་པོ་རེད་བསམ། ཤེས་ཡོན་སྲིད་བྱུས་ནང་དུ། ཤེས་ཡོན་ཞེས་པ་ནི་ཕྱིའི་ཡུལ་ལ་བཀོད་རྒྱ་གཅོད་པ་ཙམ་མ་ཡིན་པར་ནང་གི་སེམས་རྒྱུད་ཀྱི་ཡོན་ཏན་ཡར་རྒྱས་སུ་གཏོང་བ་ཞིག་ཡིན། ཞེས་བྲིས་འདུག དང་པོ་ནས་མི་གཞི་བཟང་པོ་ཞིག་བཟོ་རྒྱུ་དང་ཤེས་ཡོན་དེ་ནི་འགྲན་རྩོད་ཀྱི་རྣམ་པ་མ་ཡིན་པར། སོ་སོས་གང་ཤེས་ཀྱི་ཡོད་པ་དེར་མཐོང་སྤྲོད་རྒྱུ་དང་། སློབ་ཕྲུག་རྣམས་སུ་ཆ་སྙོམས་ཀྱི་ཐོག་ནས་ལྟ་བ་འཛིན་རྒྱུ། རྒྱུགས་སྤྲོད་ཀྱི་དུས་སུ་ཨང་དང་པོར་བྱ་དགའ་སྤྲད་ཅིང་ཨང་མཐའ་མར་དམའ་འབེབས་བྱས་པ་ཞིག་མ་ཡིན་པར་རང་བཞིན་གྱིས་ཁོ་རང་གི་ཤེས་ཚད་ལ་ལྟ་བ་དང་མཐོང་སྤྲོད་པ་དང་། རྒྱུན་དུ་དགེ་རྒན་དབུས་བཞག་དང་། སློབ་ཁྲིད་སྐབས་སུ་སློབ་མ་དབུས་བཞག་དགོས་པ་སོགས་ནི་ཧ་ཅང་གིས་གལ་ཆེན་པོ་རེད་བསམ་གྱི་ཡོད།

༨ ཁྱེད་ཀྱིས་བལྟས་ན་བཙན་བྱོལ་སློབ་ཕྲུག་རྣམས་ཀྱིས་མ་འོངས་པའི་བོད་སྐད་ཡིག་གི་མདུན་ལམ་དང་རྒྱུད་འཛིན་ལ་ཕན་གྱི་རེད་དམ།

དྲིས་ལན། ང་རང་ཉམས་ཞིབ་པ་དེ་འདྲ་མིན་དུས་བརྒྱ་ཆའི་བརྒྱ་ཐག་གཅད་དེ་བཤད་ཐུབ་ཀྱི་མི་འདུག དཔེ་སྟོན་སློབ་གྲྭ་ལྟ་བུ་ཞིག་ཡིན་ན། སློབ་གྲྭ་དེ་གར་ང་རང་ལྟ་གྲུབ་དགེ་རྒན་བྱས་པ་ནས་འཛིན་གྲྭ་བཅུ་བ་ཐེངས་དང་པོ་དང་གཉིས་པ་གསུམ་པ་བཅས་ཐོན་སོང་པ་རེད། སྐབས་དེར་འཛིན་གྲྭ་བཅུ་བའི་བུ་མོ་དེ་ཚོས་དེབ་ཞིག་བཏོན་ཡོད་ཅིང་། ཁོ་རང་ཚོས་བྲིས་པའི་རྩོམ་དག་ལ་བརྟག་དཔྱད་བྱས་པ་ཡིན། དཔེ་སྟོན་སློབ་གྲྭ་ཐོན་བཞག་པའི་བུ་མོ་དེ་ཚོས་མ་འོངས་པར་མུ་མཐུད་དུ་བོད་ཡིག་ལ་ཤུགས་རྒྱབ་པ་ཡིན་ན་བོད་ཡིག་དགེ་རྒན་ཡོང་ས་རེད་བསམ། ཡིན་ནའང་། ཕྱིའི་ཁོར་ཡུག་དང་ནང་གི་མཐུན་རྐྱེན་བཀོད་སྤྱོད་བྱེད་ས་ཡོད་མེད་ཀྱི་ཐོག་ནས་བོད་ནང་ལ་བཞུགས་བའི་མཁས་དབང་རྣམ་པ་དེ་ཚོ་ནང་བཞིན་ཞིག་ཡོང་གི་ཡོད་མེད་མི་ཤེས་མོད། མ་འོངས་པར་བོད་ཡིག་དགེ་རྒན་བྱེད་རྒྱུ་དང་བོད་ཡིག་སློབ་ཁྲིད་བྱེད་པར་སྣང་དག་མི་འདུག་བསམ་གྱི་འདུག

༩ བཙན་བྱོལ་སློབ་གྲྭ་ཁག་གི་དཔེ་དེབ་ཀྱིས་སློབ་བུའི་སྤུས་ཀ་ཡར་རྒྱས་སུ་འགྲོ་བའི་ཁྱད་ཆོས་ག་འདྲ་ཞིག་འདུག

དྲིས་ལན། བཙན་བྱོལ་ནང་དུ་འགྲོ་སོང་མང་པོ་བཏང་སྟེ་ཀློག་དེབ་མང་པོ་ཞིག་བརྗེ་བོ་རྒྱབ་པ་ནི་ཡར་རྒྱས་ཀྱི་རྣམ་པ་དང་། ལྷག་པར་དུ་ཚན་རིག་དང་ཨང་རྩིས་སོགས་བོད་བསྒྱུར་བྱས་པ་འདི་ཡིས་བོད་ཡིག་ལ་ཕན་རོགས་བྱེད་ཐུབ་ཀྱི་རེད་བསམ། ཡིན་ནའང་། ཀློག་དེབ་སྒྲིག་དུས་མཁས་དབང་རྐྱང་རྐྱང་ལ་སྐད་ཆ་འདྲི་བ་གཅིག་པུ་མ་ཡིན་པར། སློབ་ཕྲུག་དང་དགེ་རྒན་ཚོར་སྐད་ཆ་དྲིས་ཏེ་ཁོ་ཚོའི་དགའ་མོས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པ་ཡིན་ན་ཡར་རྒྱས་སུ་འགྲོ་བར་ཕན་ཐོག་གི་རེད་བསམ། ད་ལྟ་གཞི་རིམ་སློབ་གྲྭ་ཁག་ཏུ་དཔེ་དེབ་དང་སྒྲུང་གཏམ་བརྩམས་ཀྱི་ཡོད་པ་སོགས་ནི་ཡག་པོ་རེད་བསམ།

༡༠ ཁྱེད་ཀྱི་དག་ཡིག་གི་འགྲེལ་བ་དེ་སོ་སོ་དགེ་རྒན་ཡིན་པའི་ཉམས་མྱོང་ཁྲོད་དུ་བརྩམས་པ་ཞིག་ཡིན་ན། དེ་ལས་གཞན་པའི་གཞི་རིམ་སློབ་དེབ་སོགས་ཀྱི་ནང་དུ་དགོས་དང་མ་དགོས་པའི་ལེ་ཚན་འདྲ་ཡོད་དམ།

དྲིས་ལན། སྔོན་མ་ངས་སློབ་དེབ་འཁྲིད་དུས་འཛིན་གྲྭ་ལྔ་བ་ལྟ་བུ་ཞིག་ཡིན་ན། མང་དྲག་པའི་སྐྱོན་ཞིག་ཏུ་མཐོང་སོང་། ལེགས་བཤད་ལྗོན་དབང་། བརྡ་དག ནང་ཆོས། སོགས་འདུག་ཅིང་། སློབ་དེབ་ནང་དུ་འདི་དགོས་ཀྱི་མི་འདུག་པར་གཡུགས་འཇོག་པ་ཞིག་དམིགས་གསལ་མཐོང་མ་སོང་མོད། དུས་ཚོད་དང་ཁོར་ཡུག་ལ་བསྟུན་སྟེ་ཡར་རྒྱས་སུ་གཏོང་དགོས་ཤིང་། ལྷག་པར་དུ་གསར་གཏོད་ཀྱི་རྣམ་པ་གང་ལེགས་དགོས་པ་གལ་ཆེན་མཐོང་སོང་། གཞན་གཅིག་ནས་བཤད་ན་ཀློག་དེབ་དེ་གལ་ཆེན་པོ་མ་རེད་གཙོ་བོ་དགེ་རྒན་གལ་ཆེན་པོ་རེད། དགེ་རྒན་རྣམ་པས་རང་གི་རྣམ་དཔྱོད་བེད་སྤྱད་དེ་སློབ་ཕྲུག་ལ་ག་རེ་དགོས་ཀྱི་ཡོད་མེད་ཀྱི་སྐབས་བབ་ཀྱི་སྦྱོང་ཚན་སྒྲིག་ཡ་གལ་ཆེན་པོ་རེད་བསམ།

༡༡ ཁྱེད་ཀྱིས་བརྩམས་པའི་དེབ་ཀྱི་ཁ་བྱང་ནང་དུ་གངས་ལྗོངས་སྤྱི་སྐད་ཅེས་བཀོད་འདུག་པས་ན། སྤྱི་སྐད་ཀྱི་ཚད་བཟུང་ནི་ཇི་འདྲ་ཞིག་ཏུ་ངོས་འཛིན་གནང་གི་ཡོད།

དྲིས་ལན། སྤྱིར་ན་དེའི་ཐོག་དགོངས་ཚུལ་འདྲ་མིན་ཡོད་པ་འདྲ།   ང་རང་གི་སྤྱི་སྐད་ཅེས་པ་ནི་བཀའ་འགྱུར་དང་བསྟན་འགྱུར་སོགས་ནི་མདོ་དབུས་ཁམས་གསུམ་གང་གིས་ཀློག་ཀྱང་འགྲེལ་བཤད་རྒྱག་ཐུབ་ཀྱི་ཡོད་པ་དང་། ཡུལ་ལུང་བྱེ་བྲག་པ་ཞིག་གི་སྐད་མ་ཡིན་པར་བརྡ་དག་དང་འགྲོས་མཐུན་པའི་ཐོག་ཁྱབ་རྒྱ་ཆེ་བའི་མིང་ཚིག་བེད་སྤྱོད་བྱས་བཞག་པ་ཞིག་ཡིན། དེ་བས་གངས་ལྗོངས་སྤྱི་སྐད་ཟེར་ཀྱི་ཡོད།

༡༢ བོད་ནང་གི་སློབ་མའི་སློབ་དེབ་དང་བཙན་བྱོལ་ནང་གི་སློབ་མའི་སློབ་དེབ་གཉིས་ཀྱི་བར་ན་ཧེ་བག་འདུག་གམ།

དྲིས་ལན། ངས་བོད་ནང་གི་ཀློག་དེབ་ཁ་ཤས་ཤིག་མཐོང་མྱོང་ཡོད། བཙན་བྱོལ་ནང་གི་ཀློག་དེབ་ལ་ངས་བལྟས་མྱོང་བ་རེད། བོད་ནང་གི་ཀློག་དེབ་ལ་སྙན་ངག་གི་ཉམས་དང་རྩོམ་གྱི་ཉམས། ཚིག་སྦྱོར་གྱི་ཉམས་སོགས་བོད་ནང་གི་དེ་ཡག་གི་བསམ་གྱི་འདུག བཙན་བྱོལ་ནང་གི་ཀློག་དེབ་ཀྱང་མི་འགྲིག་རྒྱུ་མེད་ཅིང་། ད་ལྟ་བཙན་བྱོལ་ནང་གི་ཀློག་དེབ་དེ་ཚོ་ཡར་རྒྱས་སུ་འགྲོ་བཞིན་པ་རེད།

༡༣ གོང་འཁོད་དྲི་བར་མ་འདུས་པའི་བསམ་ཚུལ་ཅི་ཡོད་གསུང་རོགས།

དྲིས་ལན། ཐོག་མར་ངས་གོ་སྐབས་འདི་བརྒྱུད་ནས་བློ་གསར་བྱིས་པའི་བརྡ་དག་འདི་ལ་དག་བཅོས་དང་གྲོན་དངུལ་ཀྱིས་རོགས་རམ་གནང་མཁན། ཁྱབ་བསྒྲགས་གནང་མཁན། མཐུན་འགྱུར་གནང་མཁན། དོ་སྣང་བྱེད་མཁན་ཡོངས་ལ་ཐུགས་རྗེ་ཞུ་རྒྱུ་དང་། ཕྱི་ནང་གི་དགེ་རྒན་དང་། མཁས་དབང་། རྩོམ་པ་པོ།  རི་མོ་བ། ཕྱུག་བདག་གཞུང་སྒེར་ཡོངས་ལ་ང་ཚོའི་གཅེས་ཕྲུག་སློབ་མ་ཆུང་ཆུང་ཚོར་དཔག་པའི་དཔེ་དེབ་དང་ཀློག་དེབ་རི་མོ་ཡོད་པ་དག་ལ། གཅིག་ནས་གསར་གཏོད་ཀྱི་རང་བཞིན་ལྡན་པ། གཉིས་ནས་སློབ་ཕྲུག་རྣམས་སྤྲོ་སྣང་སྐྱེས་ཐུབ་པ། གསུམ་ནས་རང་གི་རིག་གཞུང་གི་གསོན་ཤུགས་ལྡན་པའི་དེབ་གང་མང་པར་བསྐྲུན་བྱེད་པའི་མཐུན་འགྱུར་རོགས་རམ་གནང་རོགས་གནང་། དེ་ལ་མཐོང་སྤྲད་དགོས་པ་གལ་ཆེན་པོ་རེད་ཅེས་འབོད་སྐུལ་ཞུས་རྒྱུ་ཡིན། ཐུགས་རྗེ་གནང་།

བཅར་འདྲི་བྱེད་མཁན་གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༧༢༠༡༧༠༤༤༣
ཁ་བ་དཀར་པོ།
ཁྱོད་རང་གིས་བྲིས་གནང་བས་བརྩོམ་དེ་ངའི་བསམ་ཚུལ་དང་ཧ་ཅང་ཐུན་གྱི་འདུག་སྙིང་དབུས་ནས་བཀའ་དྲིན་ཆེ།།
ང་རང་ཡང་འདི་འདྲ་བའི་བརྩོམ་འབྲི་རྒྱུའི་སེམས་ནང་བསམ་ཀྱང་ཤེས་བྱ་ལ་ཧ་ཅང་གི་རྨོང་པ་ཞིག་ཡིན་བསྟབས་འདི་འདྲ་བྲིས་རྒྱུའི་སྤོབས་པ་དང་འབྲེལ་འདུག
འདི་འདྲ་ཡིན་དུས་ང་ཚོ་བོད་མི་ཚོ་ང་ལྟ་བུ་མ་ཡོང་བའི་རེ་བ་ཡོད།། །།



བརྗོད་གཞི་གཞན་ཁག་ལ་གཟིགས།