བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བོད་སྐད་ཡིག་གིས་མཐོ་རིམ་སློབ་གསོ་མྱོང་བའི་ལམ་ཁ་བཏོད་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༢།༠༢ཉིན་སྤེལ། བོད་ཀྱི་མཐོ་སློབ་ཁག་ནས་ཐོན་པ་རྣམས་ཝར་ན་སློབ་ཆེན་དུ་ཐད་ཀར་འཛུལ་ཞུགས་བྱས་ཏེ། ཝར་ནའི་བསྟན་བཅོས་འཛིན་གྲྭ་དང་སློབ་དཔོན་འཛིན་གྲྭ་མུ་མཐུད་དུ་འདོན་ཐུབ་པ་དང་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྲོད་པ་གལ་ཆེན་རེད་ཅེས་འགྲེལ་བརྗོད་གནང་སོང་།

Tibet-Nyan Thar-2017བྷི་ནཱ་ར་སི་ཧིན་ངྷིའི་སློབ་གྲྭ་ཆེན་མོ་རུ་རྒྱ་གར་གྱི་རྣལ་འབྱོར་དང་བོད་བརྒྱུད་རྣལ་འབྱོར་རྒྱུད་སྐོར་ལ་འབུམ་རམས་པ་འདོན་འཞིན་པའི་གཉན་ཐར་ལགས་སུ་བཙན་བྱོལ་གྱི་བོད་སྐད་ཡིག་སྟེང་ནས་མཐོ་རིམ་སློབ་གསོ་མྱོང་མཁན་རྣམས་ཀྱི་གནས་སྟངས་དང་དཀའ་ངལ་སྐོར་ལ་བཅར་འདྲི་ཞུས་པ།

༡༈ བྷི་ནཱ་ར་སི་ཧིན་ངྷིའི་སློབ་གྲྭ་ཆེན་མོ་ནས་ཁྱོད་ཀྱི་སཱ་ར་མཐོ་སློབ་གཙུག་ལག་རབས་འབྱམས་པའི་ལག་ཁྱེར་(BA)ཇི་ལྟར་ངོས་ལེན་བྱས་པ་རེད།
ལན། དང་ཐོག་ང་རང་ངྷ་རམ་ས་ལའི་ཡིག་བསྒྱུར་བྱེད་སའི་སློབ་གྲྭ་ཞིག་ཏུ་ལོ་དྲུག་རིང་སློབ་སྦྱོང་བྱས་ཤིང་སློབ་མཐར་ཕྱིན་རྗེས།  ཡང་བསྐྱར་སློབ་སྦྱོང་བྱེད་འདོད་བྱུང་མོད། ཡིན་ཡང་།  ང་ལ་ས་རཱ་མཐོ་སློབ་ཀྱི་གཙུག་ལག་རབས་འབྱམས་པའི་ལག་ཁྱེར་(BA)མ་གཏོགས་མེད་ལ། ངོ་ཤེས་པའི་བོད་པ་མང་པོར་སྐད་ཆ་དྲིས་བ་ལྟར་ན་རྒྱ་གར་སློབ་ཆེན་གང་དང་གང་དུ་སོང་ཡང་ས་རཱ་མཐོ་སློབ་ཀྱི་ལག་འཁྱེར་ངོས་ལེན་མེད་པར་བརྗོད་ཅིང་། བོད་ཀྱི་ཝ་རཱ་ན་སི་སློབ་ཆེན་གྱི་ངོས་ནས་ཀྱང་ས་རཱ་མཐོ་སློབ་ཀྱི་ལག་འཁྱེར་ངོས་ལེན་བྱས་ཏེ་སློབ་སྦྱོང་བྱེད་སའི་ལམ་ཁ་མེད་པས་ན། ལེགས་སྦྱར་གཙུག་ལག་སློབ་ཆེན་ནང་དུ་ཞུགས་ཤིང་སྔོན་འགྲོའི་ལེགས་སྦྱར་སྐད་ཡིག་འཛིན་གྲྭ་ཞིག་ཏུ་སློབ་སྦྱོང་བྱས་པ་ཡིན།

སྔོན་མ་ནས་བྷི་རཱ་ན་སི་ཧིན་ངྷའི་སློབ་གྲྭ་ཆེན་མོར་བོད་རིགས་སློབ་མ་རེ་ཟུང་ཡོད་པ་གོ་ཐོས་བྱུང་ཡོད་པས།    འབྲེལ་ཡོད་ཁ་ཤས་ལ་སྐད་ཆ་དྲིས་དུས་སློབ་གྲྭ་ཆེན་མོ་དེའི་ངོས་ནས་ཀྱང་ས་རཱ་མཐོ་སློབ་ཀྱི་ལག་འཁྱེར་རྩ་བ་ཉིད་ནས་ངོས་འཛིན་བྱེད་པ་མ་རེད་ཅེས་བརྗོད་སོང་རྐྱེན། ངས་རྩ་བ་ཉིད་ནས་ངོས་ལེན་བྱེད་མིན་གྱི་ཚོད་ལྟ་བྱ་ཐུབ་མ་བྱུང་ལ། ཚོད་ལྟ་བྱེད་རྒྱུའི་སྤོབས་པ་ཡང་བྱུང་མ་སོང་།

ཡིན་ནའང་། ལེགས་སྦྱར་གཙུག་ལག་སློབ་ཆེན་དང་བྷི་རཱ་ན་སི་ཧིན་ངྷའི་སློབ་ཆེན་(BHU)གཉིས་ཀ་གྲོང་ཁྱེར་གཅིག་གི་ནང་ན་ཡོད་ཙང་། བྷི་རཱ་ན་སི་ཧིན་ངྷའི་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཁ་ཤས་ངོ་ཤེས་བྱུང་བ་དང་། མཚམས་མཚམས་སུ་སློབ་ཆེན་དེར་འཆམ་འཆམ་ལ་སོང་དུས་ན། སློབ་གྲྭ་དེ་ཧ་ཅང་གུ་ཡངས་པོ་དང་རྒྱལ་ཕྱིའི་སློབ་མ་དེ་ཚོ་འཛུལ་ཞུགས་ཀྱི་གནས་སྟངས་ཀྱང་དེ་ཙམ་དམ་པོ་མེད་པ་ཤེས་ཏེ།    ངས་སཱ་ར་མཐོ་སློབ་ཀྱི་ལག་འཁྱེར་དེ་སློབ་དཔོན་ཆེན་མོ་འདྲར་བསྟན་པ་དང་སྐད་ཆ་འདྲི་བ་སོགས་བྱས་པས།  ཕལ་ཆེར་ལག་འཁྱེར་གྱི་སྟེང་ནས་འཛུལ་ཞུགས་བྱ་མི་ཐུབ་པའི་གནས་སྟངས་བྱུང་ས་མ་རེད་ཅེས་གསུངས་ཤིང་།    ཕྱི་ལོ་༢༠༡༡ལོར་སློབ་ཆེན་དེའི་རྒྱལ་སྤྱིའི་སློབ་མའི་སྣེ་ལེན་ལྟེ་གནས་སུ་ཕྱིན་ཏེ་ལག་འཁྱེར་དང་སྙན་ཞུའི་རིམ་པ་ཆ་ཚང་ཡར་སྤྲད་དེ་ངས་ཚོད་ལྟ་བྱས་པ་ཡིན། སྐབས་དེར་ངོས་ལེན་བྱེད་མ་ཐུབ་པའི་རྙོག་གླེང་དང་དཀའ་ངལ་གང་ཡང་མེད་པའི་སྒོ་ནས་ངོས་ལེན་བྱས་སོང་། དེ་དུས་ང་དང་མཉམ་དུ་རོགས་པ་གཅིག་ཡོད་པ་དེ་ཡང་ང་དང་འདྲ་བར་ས་རཱ་མཐོ་སློབ་ཀྱི་ལག་འཁྱེར་ཡོད་ཅིང་། ཁོ་ལ་ཡང་དཀའ་ངལ་གང་ཡང་མེད་པར་ངོས་ལེན་བྱུང་ཟིན་པ་ཞིག་རེད།
 ཕྱི་ལོ་༢༠༡༢ལོའི་ལོ་མཇུག་ཏུ་ཡང་ས་རཱ་མཐོ་སློབ་ཀྱི་ལག་འཁྱེར་ཡོད་པའི་སློབ་མ་ཞིག་ངོས་ལེན་བྱས་ཏེ་སློབ་ཆེན་འདིར་འཛུལ་བ་རེད། གནས་སྟངས་འདི་དག་ལ་བལྟས་ན་བྷི་ན་རཱ་སི་ཧིན་ངྷིའི་སློབ་ཆེན་གྱིས་དཀའ་ངལ་གང་ཡང་མེད་པའི་སྒོ་ནས་ས་རཱ་ལག་འཁྱེར་གྱི་གནས་སྟངས་ཚང་མ་ཧ་གོ་སྟེ་ངོས་ལེན་བྱེད་ཀྱིན་ཡོད་པ་རེད།   

ངོས་ལེན་བྱེད་པའི་རྒྱུ་མཚན་གཙོ་བོ་དེ་སྤྱིར་བཏང་གི་ཕྱི་རྒྱལ་ལམ།  ང་ཚོ་བོད་པའི་སློབ་མ་རྣམས་རྒྱ་གར་གྱི་སློབ་གྲྭ་འདི་ལྟ་བུ་BHU་ཞིག་ལ་ཕྱིན་ན་ལམ་ཁ་དེ་སློབ་ཡོན་སོགས་གང་ཅིའི་ཐད་ནས་རྒྱ་གར་རང་གི་སློབ་མ་ནང་བཞིན་མིན་པར་ཕྱི་རྒྱལ་གྱི་སློབ་ཞུགས་པ་རྣམས་ལྟར་རྒྱུད་རིམ་བརྒྱུད་བཞིན་ཡོད་པ་རེད།   ཡིན་ཙང་།  ཕྱི་རྒྱལ་གྱི་སློབ་མ་ཞིག་གི་ལག་འཁྱེར་འཁྱེར་ཡོང་ནས་སོ་སོའི་གཞུང་ཟེར་ན་ཆོག་གི  དེ་འདྲའི་ཚད་ལྡན་གྱི་ངོས་ལེན་ཞིག་ཡོད་པ་ཡིན་ན།  གཞན་པའི་ངོས་ནས་ངོས་ལེན་མི་བྱེད་པའི་རྒྱུ་མཚན་ཡོད་པ་མ་རེད།  དེར་བརྟེན་ངོས་ལེན་བྱས་པ་ཞིག་རེད།    

ཉེ་བའི་ལོ་གཉིས་དང་གསུམ་གྱི་ནང་། ས་རཱ་མཐོ་སློབ་ཀྱི་ལག་འཁྱེར་གྱིས་སློབ་ཆེན་འདིའི་སྡེ་ཚན་བྱེ་བྲག་པས་ངོས་ལེན་མ་ཐུབ་པའི་དཀའ་ངལ་ཕྲན་བུ་རེར་འཕྲད་ཡོད་ཀྱང་།  དེའི་གནས་སྟངས་གཙོ་བོ་ནི། རྒྱ་གར་ལ་(BA)་རམས་འབྱམས་པའི་སློབ་གཉེར་དེ་ལོ་གསུམ་ཅན་དང་བཞི་ཅན་གཉིས་ཡོད་པའི་ནང་ནས་ལོ་བཞི་ཅན་པོ་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་དང་།  ཡང་སློབ་ཚན་གྱི་ནང་ནས་སོ་སོས་མུ་མཐུད་དུ་སློབ་སྦྱོང་བྱ་སའི་སློབ་ཚན་དེ་ཡོད་མེད་ཀྱི་གནད་དོན།  དེ་འདྲ་ཞིག་ལ་བརྟེན་ནས་དཀའ་ངལ་ཕྲ་ལ་ཕྲན་བུ་འཕྲད་པ་མ་གཏོགས་རྩ་བའི་ཆ་ནས་ལག་འཁྱེར་ངོས་ལེན་མ་བྱས་པར་ཕྱིར་བཏང་བ་དེ་འདྲ་ཞིག་ད་སྔར་སུ་ལ་ཡང་བྱུང་མྱོང་ཡོད་པ་མ་རེད།   དེ་ཡིན་དུས་ས་རཱ་མཐོ་སློབ་སོགས་ཀྱི་ལག་འཁྱེར་ནི་སློབ་ཆེན་འདིའི་ངོས་ནས་ངོས་ལེན་གཙང་མ་ཡོད་པ་གསལ་བོ་ཆགས་སོང་།

༢༈ བོད་ཀྱི་མཐོ་སློབ་ནོར་གླིང་སོགས་ཀྱི་ལག་ཁྱེར་(BA)ཡོད་མཁན་རྣམས་ཝར་ན་སློབ་ཆེན་དུ་འཛུལ་ཞུགས་བྱས་ན་ལག་འཁྱེར་ཚད་འཛིན་མེད་པར་འཛིན་རིམ་དགུ་བ་ནས་སློབ་ཞུགས་བྱེད་དགོས་འཁེལ་བའི་སྐོར་ལ་ཁྱོད་རང་ངོས་ནས་བསམ་ཚུལ་ཅི་ཞིག་ཡོད།
ལན། བྷི་ན་རཱ་སི་ཧིན་ངྷིའི་སློབ་ཆེན་གྱིས་བོད་ཀྱི་མཐོ་སློབ་ས་རཱ་ལ་སོགས་པའི་ལག་ཁྱེར(BA)ངོས་ལེན་བྱེད་ཀྱི་ཡོད་པ་ལྟར། བོད་ཀྱི་ཝར་ནཱ་སློབ་ཆེན་གྱི་ངོས་ནས་ཀྱང་དགག་བྱ་མེད་པ་ཞིག་བྱེད་པར་གལ་ཆེན་རེད། ཡིན་ནའང་། ད་སྔ་ཝར་ནཱའི་ངོས་ནས་མཐོ་སློབ་ས་རཱ་ལ་སོགས་པའི་ལག་ཁྱེར་ཚད་འཛིན་མ་བྱས་པར་འཛིན་རིམ་བཅུ་གཉིས་ཀྱི་ལག་ཁྱེར་ངོས་ལེན་བྱས་ཏེ་འཛིན་རིམ་དགུ་བ་ནས་འགྲོ་དགོས་པ་ཞིག་རེད། སྤྱིར་བཏང་ཝར་ན་སློབ་ཆེན་གྱིས་བོད་ཀྱི་མཐོ་སློབ་ས་རཱ་སོགས་ཀྱི་ལག་ཁྱེར་(BA)ངོས་ལེན་བྱེད་པའི་ལམ་སྲོལ་བཏོད་ན་མ་འགྲིག་པ་མི་འདུག་བསམ། ལམ་སྲོལ་འདི་ནི་སློབ་གྲྭ་ཁོ་རང་ལ་ཐུག་ཡོད་པ་དང་། གལ་སྲིད་ལམ་སྲོལ་འདི་འདྲ་ཞིག་ཡོད་པ་ཡིན་ན། བོད་ཀྱི་མཐོ་སློབ་ཁག་ནས་ཐོན་པ་རྣམས་ཝར་ནར་ཐད་ཀར་འཛུལ་ཞུགས་བྱས་ཏེ། ཝར་ནའི་བསྟན་བཅོས་འཛིན་གྲྭ་དང་སློབ་དཔོན་འཛིན་གྲྭ་མུ་མཐུད་དུ་འདོན་ཐུབ་པ་དང་། སློབ་མའི་སྤུས་ཚད་མཐོ་རུ་འགྲོ་བ་དང་བོད་སྐད་ཡིག་སྒང་ལ་སློབ་སྦྱོང་བྱེད་མཁན་གྱི་འདུན་པ་ཅན་གྱིས་མུ་མཐུད་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་རག་གི་རེད། དེ་བས་ང་ཚོས་འདི་འདྲའི་ལམ་ཁ་ཞིག་ཁ་ཚ་དགོས་གཏུགས་ཀྱིས་བཏོད་དགོས་པ་ཆགས་འདུག་བསམ།

གོ་ཐོས་ལྟར་ན། ཝར་ནཱ་སློབ་ཆེན་གྱིས་ལམ་ཁ་འདི་འདྲ་ཞིག་བཏོད་ན། རྒྱ་གར་བ་མང་པོ་ཡོང་གི་རེད་ཅེས་བཤད་མཁན་ཞིག་འདུག་མོད། གལ་སྲིད་རྒྱ་གར་ཡོང་མཁན་རྣམས་སུ་ཚུད་རྒྱུགས་ལེན་སྐབས་བོད་སྐད་ཡིག་གི་ཐོག་ཏུ། མཐོ་རིམ་རམས་འབྱམས་པའི་བྱང་ཚད་ཀྱིས་རྒྱུགས་འཕྲོད་མཁན་ཡོད་ན། དེ་ལ་དགའ་བསུ་དང་དང་ལེན་བྱེད་དགོས་པ་རེད་མ་གཏོགས་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་རྩ་བ་ནས་མི་འདུག་བསམ།

༣༈ བཙན་བྱོལ་དུ་བོད་ཀྱི་སྐད་ཡིག་ལམ་ནས་མཐོ་རིམ་སློབ་གསོ་མྱང་བའི་གོ་སྐབས་དང་གནས་སྟངས་ཀྱི་དཀའ་ངལ་ག་འདྲ་ཞིག་རེད།
ལན། བཙན་བྱོལ་གྱི་མཐོ་རིམ་སློབ་མའི་གོ་སྐབས་ལ་ཕྱོགས་གཉིས་འདུག ཕྱོགས་གཅིག འཛིན་རིམ་བཅུ་གཉིས་སློབ་མཐར་ཕྱིན་མ་ཐག་རྒྱ་གར་མཐོ་སློབ་ཁག་ཏུ་འཛུལ་བ་དང་རྩ་བའི་ཆ་ནས་རང་གི་སྐད་ཡིག་དང་ཁ་གྱེས་དགོས་བྱུང་མོད། ཁོང་ཚོར་སྐད་ཡིག་གཞན་ཞིག་གི་སྒང་ནས་རྒྱ་གར་ལ་གང་ཡོད་པའི་ཤེས་བྱ་དེ་སྦྱང་བའི་གོ་སྐབས་རག་གི་ཡོད་པ་རེད།

ཕྱོགས་གཉིས། འཛིན་རིམ་བཅུ་གཉིས་མཐར་ཕྱིན་པ་དང་མཉམ་དུ། བོད་རང་གི་སྐད་ཡིག་ལ་མུ་མཐུད་དུ་སློབ་སྦྱོང་བྱས་ཏེ་མཐོ་རིམ་སློབ་གསོ་མྱང་མཁན་གྱི་རིགས་ནི་ཉམས་ང་བ་དང་སྤུས་ཚད་ཞན་པོ། གྲངས་ཀ་ཉུང་ཉུང་ཞིག་མ་གཏོགས་མེད་པ་མངོན་གསལ་རེད། ཁོང་ཚོར་བོད་པ་རང་གི་ངོས་ནས་འཛུག་བསྐྲུན་གང་བྱས་པ་དེ་མ་གཏོགས་རང་རིགས་སྐད་ཡིག་སྟེང་མཐོ་རིམ་སློབ་གསོའི་མ་ལག་ཆ་ཚང་འདོན་པའི་གོ་སྐབས་མེད་པ་རེད། གང་ཡོད་པ་དེ་ཡར་རྒྱས་སུ་གཏོང་བར་རྗེས་ལུས་ཐེབས་ཡོད་པར་བསམ། རྒྱུ་མཚན། ང་ཚོས་མཐོ་རིམ་སློབ་གསོ་མྱོང་སའི་སློབ་གྲྭ་ཁ་ཤས་ཤིག་བཙུགས་ཤིང་། བཙན་བྱོལ་ལ་འབྱོར་ཏེ་ཕྱི་ལོ་༡༩༦༥ནས་༦༦བར་ལོག་ཏུ་ཝ་རཱ་ན་སི་བཙུགས་ཤིང་། དེ་རུ་རབ་དང་རིམ་པར་མཐར་ཕྱིན་སློབ་མ་མང་པོ་ཐོན་ཏེ་སྤྱི་ཚོགས་ནང་དུ་བྱ་བ་ལས་ཀྱིན་ཡོད་པ་རེད་མོད། ལོ་འདི་འདྲའི་རིང་ལ་སློབ་གྲྭའི་ངོ་བོ་ལ་འགྱུར་བ་ཐེབས་ཡོད་མེད་དང་། གོ་སྐབས་དང་ལེ་ཚན་མང་རུ་བཏང་ཡོད་མེད་སོགས་སུ་བལྟས་ན་ཧ་ཅང་གིས་ཡར་རྒྱས་ཆེན་པོ་སོང་ཡོད་པའི་སྣང་ཚུལ་མི་འདུག དེ་བཞིན་དུ།  ལས་བྱེད་དང་དགེ་རྒན་གྱི་མིང་ཞིག་གི་དགོས་མཁོ་ལ་བརྟེན་ནས་སཱ་ར་མཐོ་སློབ་ལ་སོགས་པ་གཅིག་གཉིས་ཤིག་བཙུགས་པ་འདི་ནི་ཛ་དྲག་གི་གནས་སྟངས་ཀྱིས་བཙུགས་ཤིང་ཕན་ཐོགས་ཀྱང་བྱུང་ཡོད་པ་རེད། དུས་རབས་འགྱུར་བ་དང་སློབ་སྦྱོང་བྱེད་པའི་དགོས་དམིགས་མ་འདྲ་བ། སྤྱི་ཚོགས་སུ་ལས་སྣེ་འཚོལ་སྟངས་དང་སློབ་གསོ་མྱངས་སྟངས། ཞིབ་འཇུག་བྱེད་སྟངས་སོགས་སུ་འགྱུར་བ་མང་དག་ཅིག་འགྲོ་ཡི་ཡོད་པ་དང་མཉམ་དུ་ཡར་རྒྱས་སུ་འགྲོ་དགོས་པ་ཞིག་ཡིན་མོད། འོན་ཀྱང་མཐོ་སློབ་དེ་རིགས་ཀྱི་ངོ་བོ་ཡར་རྒྱས་སུ་སོང་བ་ཞིག་མཐོང་གི་མི་འདུག

དེ་མིན་སཱ་ར་མཐོ་སློབ་དང་ཝར་ནཱ་མཐོ་སློབ། ནོར་གླིང་མཐོ་སློབ་དང་སྨན་རྩིས་ཁང་མཐོ་སློབ་སོགས་ཀྱིས་ཕན་ཚུན་ལ་རོགས་འདེགས་དང་གཅིག་གཅིག་གི་ནུས་པ་ཕྱོགས་གཅིག་ཏུ་བསྒྲིལ་པའི་ནུས་པ་ཧ་ཅང་གིས་ཞན་པོ་རེད་བསམ། དཔེར་ན་ང་ཚོར་སྤུས་ཚད་གང་འཚམས་ཡག་པོ་ཡོད་པའི་མཐོ་རིམ་རིག་གནས་རམས་འབྱམས་པ་རྣམས་ཀྱིས་མུ་མཐུད་དུ་སློབ་གཉེར་བྱེད་པའི་སྡིངས་ཆ་ཡོད་རུང་། ཕན་ཚུན་གྱིས་ངོས་ལེན་མ་བྱས་པའི་གནས་སྟངས་ཀྱིས་ཕྱོགས་རིས་པ་ཞིག་ཆགས་ཏེ། རིག་གནས་རམས་འབྱམས་པ་མ་གཏོགས་དེའི་སྒང་དུ་འགྲོ་བའི་སྡིངས་ཆ་མེད་པ་དང་། གལ་སྲིད་སྡིངས་ཆ་ཞིག་གདམས་དགོས་ན་སྔོན་མ་བཏོན་ཚར་བའི་ལག་ཁྱེར་ངོས་ལེན་མེད་པ་ཡིན་ན། སྔོན་མ་བཏོན་ཚར་བའི་ལོ་དེ་དག་ཡང་བསྐྱར་བཏང་སྟེ་མགོ་ནས་སློབ་སྦྱོང་བྱེད་དགོས་པ་མ་གཏོགས་མུ་མཐུད་དུ་སྡིངས་ཆ་ཞིག་ཏུ་འགྲོ་ས་མེད་པ་རེད། ངས་བསམ་ན་ཕྱི་ལོག་གི་ཤུགས་རྐྱེན་ཞིག་རེད་བསམ་གྱི་མི་འདུག ང་ཚོ་བཙན་བྱོལ་གྱི་ངོས་ནས་ལམ་ཁ་བཏོད་དགོས་ཀྱི་ཡོད་པ་ཞིག་རེད་ལ། ལམ་ཁ་འདི་མ་བཏོད་པ་ཡིན་ན་སོ་སོའི་སློབ་གསོ་ལ་ཚད་བཀག་བྱས་པ་ཞིག་རེད། སློབ་སྦྱོང་བྱེད་མཁན་ཡོད་དང་མེད་ནི་སྤྱི་ཚོགས་ཀྱི་གནས་སྟངས་ཤིག་དང་། གལ་སྲིད་ཡོད་པ་ཡིན་རུང་གདམས་ཀ་བྱས་དང་མ་བྱས་པ་ནི་སྤྱི་ཚོགས་ཀྱི་གནས་སྟངས་ཤིག་རེད་མོད།
སློབ་སྦྱོང་བྱེད་པར་གདམས་ཀ་བྱེད་མཁན་རྣམས་ལ་གོ་སྐབས་བསྐྲུན་དགོས་པ་ནི་གཞུང་དང་སློབ་གྲྭ་སོགས་ཀྱི་འགན་འཁུར་ཞིག་ཏུ་གྱུར་ཡོད་པ་རེད།

དེ་བས་ལོ་སྔོན་མར་སཱ་ར་དང་སྨན་རྩིས་ཁང་སོགས་སུ་མཐོ་རིམ་སློབ་གསོ་མྱོང་མཁན་གྱི་གྲངས་ཀར་གཞིགས་ན། གང་ལ་གང་འཚམས་ཀྱིས་བོད་ཡིག་གི་ལམ་ནས་མཐོ་རིམ་སློབ་གསོ་མྱང་འདོད་ཀྱི་སློབ་མ་མང་པོ་ཡོད་པ་ནི་ཧ་ཅང་གསལ་བོ་ཡིན་པས་ན་གོ་སྐབས་སྐྲུན་པ་གལ་ཆེ་ཤོས་རེད་བསམ། ནམ་རྒྱུན་ང་ཚོའི་ཁ་ནས་བཤད་པ་ལྟར་ན། སོ་སོའི་སྐད་དང་ཡི་གེ ཆོས་དང་རིག་གཞུང་། ལྷག་པར་དུ་གཞོན་སྐྱེས་རྣམས་ཀྱིས་སློབ་སྦྱོང་བྱེད་དགོས་པ་སོགས་ཤུགས་ཆེན་པོས་བཤད་ཀྱི་ཡོད་མོད། ཁ་ཤས་ཤིག་གིས་འཛིན་རིམ་བཅུ་གཉིས་ཐོན་པ་ནས་སྐད་ཡིག་གཞན་གྱིས་མཐོ་རིམ་སློབ་གསོ་མྱང་མཁན་ནི་གནས་ཚུལ་ལོག་ག་ཞིག་རེད། ཁ་ཤས་ཤིག་གིས་བོད་རང་གི་སྐད་ཡིག་གི་ལམ་ནས་འགྲོ་མཁན་རྣམས་སུ་གོ་སྐབས་སྐྲུན་པ་ནི་སོ་སོའི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ་ལ་བདག་གཅེས་དང་སྲུང་སྐྱོབས་བྱེད་མིན་གྱི་ཁོར་ཡུག་བསྐྲུན་དང་མ་སྐྲུན་པའི་ཁྱད་པར་ལ་ཐུག་འདུག་བསམ་གྱི་ཡོད།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།