བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བསྒྱུར་རྩོམ་ནི་དཀའ་ངལ་ཅན་གྱི་ལས་ཀ་ཞིག་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་བོད་ཡིག་སྡེ་ཚན་གྱི་གསར་འགོད་པས་«རྒྱལ་སྲས་ཆུང་ཆུང»ཞེས་པ་བོད་ཡིག་ཏུ་བསྒྱུར་མཁན་ལ་ཡིག་ཐོག་བཅར་འདྲི་ཞུས་པའི་དྲིས་ལན་དག་གཤམ་གསལ་དུ་གཟིགས་རོགས།

གཅིག ཐོག་མར་ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
 ལན། ཐོག་མར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ། ། ངའི་མིང་ལ་སྙན་བཟང་གཡུང་དྲུང་ཚེ་རིང་ཟེར། ང་སྐྱེས་ས་ནི་ཨ་མདོ་རེབ་གོང་གི་ཧོར་སྙན་བཟང་ཞེས་པའི་ཞིང་གྲོང་ཞིག་ཡིན། བོད་དང་རྒྱ་གར་དུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་རིམ་གྱིས་འགྲིམས་པ་ཡིན། ༢༠༠༡ལོར་ནོར་གླིང་ཆེས་མཐོའི་སློབ་གྲྭ་ནས་མཐར་ཕྱིན་ཏེ་ལེགས་བྱང་མཐོ་རིམ་པའི་ལག་འཁྱེར་བླངས་རྗེས། ང་ཧྥ་རན་སིར་ཡོང་བ་ཡིན།  སྔོན་ཆད་སློབ་སྦྱོང་དང་ལས་ཞོར་དུ་དེབ་ཁ་ཤས་བྲིས་ཏེ་པར་སྐྲུན་བྱས་ཡོད་ཅིང་། ད་དུང་པར་སྐྲུན་བྱ་རྒྱུ་ལྷག་ཡོད་པའི་དེབ་ཁ་ཤས་ཡོད། དེ་དག་རིམ་གྱིས་ཐོན་པའི་རེ་བ་ཡོད། དེ་ནས་མར་དྲི་དང་རྩམ་དྲི་མི་བྲོ་བའི་སྤྱི་ཚོགས་འདི་ལྟ་བུ་ཞིག་གི་ནང་གནས་བཞིན་དུའང་ཁོམ་སྐབས་རེ་བྱུང་ཚེ་དཔེ་ཀློག་དང་རྩོམ་འཆལ་ཐར་ཐོར་རེ་འབྲི་བཞིན་ཡོད་པར་མ་ཟད། བོད་ཀྱི་རིག་གཞུང་ལ་གཅེས་ཤིང་དགའ་བའི་སྣང་བ་དེ་མ་བཏང་བར་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་བཞིན་པའི་ཁུལ་ཡིན།
 
གཉིས། ཁྱེད་ཀྱིས«རྒྱལ་སྲས་ཆུང་ཆུང»ཞེས་པའི་དེབ་འདི་བོད་བསྒྱུར་བྱེད་འདོད་པའི་བསམ་བློ་ཇི་ལྟར་འཁོར་སོང་།
ལན། ལོ་བཅུའི་སྔོན་ལ་ང་ལ་སྒྲུང་དེབ་འདི་རག་བྱུང་། སྐབས་དེར་ངས་སྒྲུང་དེབ་འདི་སྤྱིར་བཏང་གི་བྱིས་སྒྲུང་ཞིག་རེད་བསམས་ནས་ཀློག་འདོད་མ་བྱུང་། ཕྱིས་སུ་དེབ་འདིར་གྲགས་སྐད་ཆེ་བ་དང་། ལྷག་པར་དུ་མི་རིགས་གཞན་གྱི་སྐད་ཡིག་འདྲ་མིན་གྱི་ནང་དུ་བསྒྱུར་ཡོད་པ་ཤེས་བྱུང་། དེ་ཙམ་མ་ཟད། སྐབས་དེར་སྒྲུང་འདི་བོད་ཡིག་ཏུ་བསྒྱུར་མི་འདུག་པས། གྲགས་རྩོམ་འདི་བོད་ཡིག་ཏུ་ཡོད་ན་ཅི་མ་རུང་སྙམ་སྟེ་བསྒྱུར་པ་ཡིན། དེབ་འདི་བསྒྱུར་ཚར་ནས་ཕལ་ཆེར་མི་ལོ་དྲུག་ལྷག་འགོར་གྲབས་ཡོད་པ་རེད། དེའི་རིང་པར་སྐྲུན་བདག་དབང་དང་དཔེ་སྐྲུན་ཁང་སོགས་མ་ཐོབ་པས་ད་ལྟའི་བར་ལུས་དགོས་བྱུང་། གང་ལྟར་ད་ལོའི་དཔྱིད་ཀར་པར་སྐྲུན་བྱས་པ་རེད། འདི་གཅིག་ཡིན། དེ་ནས་དམིགས་ཡུལ་འདི་དང་འབྲེལ་ཡོད་ཅིག་གླེང་ན། བོད་བཙན་པོའི་དུས་སྐབས་དང་བསྟན་པ་ཕྱི་དར་གྱི་སྐབས་སུ་བོད་ཀྱི་ལོ་ཙཱ་བ་སྐུ་དྲིན་ཅན་ཚོས་རྒྱ་གར་གྱི་ཆོས་དཔེ་མང་པོ་བོད་ཡིག་ཏུ་བསྒྱུར་ཡོད་པ་རེད། དེས་བོད་ཀྱི་རིག་གཞུང་གི་རྒྱ་ཁྱོན་ཆེན་པོར་གྱུར་ཡོད་པ་སྨོས་མ་དགོས་ལ། བོད་ཀྱི་ཡི་གེ་ཤེས་མཁན་ཚོས་ཀྱང་ཆོས་དཔེ་དེ་དག་ལ་གཟིགས་ནས་ཡོང་བ་རེད། ཕན་ཐོགས་ཀྱང་བྱུང་ཡོད་པ་རེད། འོན་ཀྱང་། དུས་ཚོད་འགྱུར་བ་རེད། ང་ཚོ་དུས་རབས་ཉེར་གཅིག་པའི་ནང་དུ་ཡོད་པ་རེད། སྔོན་བྱོན་ལོ་ཙཱ་བ་ཚོས་བསྒྱུར་པའི་ཆོས་དཔེ་ཁོ་ནར་གཟིགས་བསྡད་ན་འགྲིག་གི་ཡོད་པ་མ་རེད། ད་ནི་ནུབ་ཕྱོགས་ཀྱི་རིག་གནས་ལའང་དོ་སྣང་བྱེད་དགོས་པ་རེད། དཔེར་ན། ཨེ་ཛི་རལ་ཟེར་བའི་རྒྱལ་ཁབ་ཆུང་ཆུང་དེའི་མི་འབོར་ཀྱི་གྲངས་ཀ་དེ་བོད་དང་བསྡུར་ན་ཧ་ལམ་གཅིག་མཚུངས་ཡོད་པར་གྲགས་ནའང་། མི་རིགས་དེའི་སྐད་དུ་ནུབ་ཕྱོགས་ཀྱི་གྲགས་རྩོམ་ཕལ་ཆེ་བ་ཡོད་པ་རེད་ཟེར། རྒྱལ་ཁབ་དེ་དང་བསྡུར་ན་ང་ཚོ་བོད་པ་ཚོ་རྗེས་སུ་ལུས་ཡོད། རྗེས་ལུས་ཐེབས་པ་འདི་བོད་པ་ཚོར་རྣམ་དཔྱོད་མེད་པ་མ་རེད། དེ་ནི་དུས་དང་ཡུལ་དང་རྐྱེན་མང་པོ་ཞིག་ལ་ཐུག་པ་རེད་སྙམ་མོད། དེང་སང་བོད་པ་ཚོའི་ནང་ནའང་རྒྱ་ཡིག་དང་ཨིན་ཡིག་གི་ལམ་ནས་ནུབ་ཕྱོགས་ཀྱི་རྩོམ་རིག་དང་རིག་གནས་གསར་པའི་རིགས་ལ་དོ་སྣང་གནང་མཁན་འབྱུང་གིན་ཡོད་ལ། རིམ་གྱིས་ནུབ་ཕྱོགས་ཀྱི་གྲགས་རྩོམ་དེ་དག་བོད་ཡིག་ཏུ་བསྒྱུར་རྒྱུ་རེད་སྙམ། དེ་དག་བོད་སྐད་དུ་བསྒྱུར་ཚར་དུས་བོད་ཀྱི་རིག་གཞུང་ཆགས་པ་རེད་ལ། དེས་བོད་མི་མང་པོར་ཕན་ཐོགས་འབྱུང་རྒྱུ་ཡིན་པ་དོགས་པ་རྩ་བྲལ་རེད།

གསུམ། དེབ་འདི་བསྒྱུར་པའི་སྐབས་སུ་ཁྱེད་རང་ལ་དཀའ་ངལ་ག་རེ་ཕྲད་སོང་།
ལན། ཧྥ་རན་སིའི་བརྡ་སྤྲོད་དང་མིང་ཚིག་གི་འགྲོ་སྟངས་དེ་ཚོ་ཧ་ཅང་ཕྱུག་པོ་ཡོད་པས། སྐད་ཡིག་འདི་ལ་སྐུ་དྲག་གི་སྐད་ཡིག་ཅེས་འབོད་བཞིན་ཡོད་པ་རེད་ཟེར།  ངས་སྐུ་དྲག་གི་སྐད་ཡིག་འདི་ན་ཆུང་གི་དུས་སྐབས་མཇུག་རྗོགས་པའི་དུས་དེར་སྦྱངས་པའི་སྟབས་ཀྱིས་རྨང་གཞི་ཡག་པོ་ཡོད་པ་མ་རེད། གལ་སྲིད་ལོ་ཆུང་གི་སྐབས་སུ་སྦྱངས་ཡོད་ཚེ་སྐད་ཡིག་འདི་ཁ་སང་དེ་རིང་ལས་ཡག་ཙམ་མེད་དམ་སྙམ། སྤྱིར་བཏང་མི་རིགས་གཞན་གྱི་སྐད་ཡིག་འདི་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་ཤེས་ཐུབ་པ་ཞིག་མ་རེད་དྲན། དེ་བས། ངས་སྒྲུང་འདི་བོད་ཡིག་ཏུ་བསྒྱུར་སྐབས་ཧྥ་རན་སིའི་སྐད་ཡིག་གི་ཆུ་ཚད་ཀྱིས་མ་ལྡང་བའི་དཀའ་ངལ་བྱུང་། དཀའ་ངལ་དང་པོ་དེ་རེད། དཀང་ངལ་གཉིས་པ་ནི་སྒྲུང་འདིའི་ཚིག་གྲུབ་མང་པོ་ཞིག་སྙན་ངག་གི་ལམ་ནས་བྲིས་འདུག་པས། སྙན་ཞིང་འཇེབས་པའི་ཚིག་རྐང་དེ་ཚོ་བོད་ཡིག་ཏུ་ཆུ་ལ་ཆུ་བཞག་གིས་བསྒྱུར་མ་ཐུབ་པ་དེ་རེད། དཀའ་ངལ་གསུམ་པ་ནི་སྒྲུང་འདིའི་ནང་ན་གཏན་ཚིགས་ཀྱི་སྐད་ཆ་མང་པོ་འདུག དེ་དག་བོད་ཡིག་ཏུ་བསྒྱུར་ཁག་པོ་འདུག་ལ། བསྒྱུར་ན་གོ་རྒྱུ་མེད་པའམ་ཡང་ན་ནང་དོན་ཡལ་འགྲོ་བ་དེ་རེད། དཀའ་ངལ་བཞི་པ་ནི་སྒྲུང་འདིའི་ནང་ན་ཧྥ་རན་སིའི་ཚིག་སྟེགས་ཀྱང་ཡོད་པ་རེད། རིག་གཞུང་མི་འདྲ་བའི་དབང་གིས་ཚིག་སྟེགས་དེ་དག་བོད་སྐད་དུ་མེད་སྟབས། བོད་སྐད་དུ་ཇི་ལྟར་བསྒྱུར་དགོས་མིན་མ་ཤེས་པ་དེ་རེད་དྲན། ད་ལྟ་གློ་བུར་དུ་འདང་བརྒྱབ་ན་དཀའ་ངལ་ཆེ་ཁག་དག་ནི་གོང་དུ་ཞུས་པ་དེ་དག་མིན་ནམ་སྙམ།  དགོངས་དག ད་དུང་དཀའ་ངལ་གཉིས་བརྗེད་འདུག དཀའ་ངག་གཅིག་ནི་སྒྲུང་འདིའི་ཚིག་གྲུབ་རེ་ཟུང་མ་ཡིག་ཏུ་ཅུང་གསལ་པོ་མི་འདུག་པས། དེ་དག་བོད་ཡིག་ཏུ་བསྒྱུར་སྐབས་ཁ་ཇེ་གསལ་དུ་བཏང་ན་མ་ཡིག་དང་མཚུངས་ཀྱི་ཡོད་པ་མ་རེད། ཡང་། ཁ་ཇེ་གསལ་དུ་མ་བཏང་ན་དེས་བོད་པ་ཚོར་གོ་བ་གསལ་པོ་ཞིག་མི་སྟེར་སྙམ་པ་དེ་རེད། དཀའ་ངལ་གཞན་པ་དེ་ནི་ཐ་སྙད་དང་བརྡ་ཆད་ཀྱིས་མ་ལྡང་བའི་སྐོར་རེད།

བཞི། ཁྱེད་ཀྱིས་དེབ་འདི་སྐད་རིགས་གང་གི་སྟེང་ནས་བོད་ཡིག་ཏུ་བསྒྱུར་པ་ཡིན་ནམ།
ལན། གོང་དུ་ཞུས་པ་བཞིན། ངས་ཧྥ་ཡིག་ལས་བསྒྱུར་པ་ཡིན། སྐབས་རེར་གོ་དཀའ་བའི་ཚིག་རྐང་རེ་ཟུང་བོད་ཡིག་ཏུ་བསྒྱུར་སྐབས་འདོད་པ་མ་ཁེངས་པ་བྱུང་བའི་ཚེ་ན། ཚིག་རྐང་འདི་ཨིན་ཡིག་ཏུ་ཇི་ལྟར་བསྒྱུར་ཡོད་དམ་སྙམ་སྟེ་ཨིན་འགྱུར་ལ་བལྟས་མྱོང་། ཨིན་ཡིག་ཀྱང་ཡག་པོ་མི་ཤེས་སྟབས། ཨིན་འགྱུར་གྱིས་ཕན་ཐོགས་འདི་བྱུང་སོང་སྙམ་པ་ཞིག་ད་ལྟ་ཅི་ཡང་དྲན་རྒྱུ་མི་འདུག
 

ལྔ། ཁྱེད་ཀྱིས་དེབ་འདི་བོད་ཀྱི་ན་ཆུང་ཚོར་ཕན་ཐོགས་འབྱུང་གི་རེད་བསམ་པའི་འདུན་པ་ནི་ཇི་ལྟ་བུ་ཞིག་ཡིན།
ལན། སྤྱིར་བཏང་རྒྱལ་སྲས་ཆུང་ཆུང་ཞེས་པའི་སྒྲུང་འདི་བྱིས་སྒྲུང་ཞིག་རེད་ཅེས་ཀུན་གྱིས་མགྲིན་དབྱངས་གཅིག་གྱུར་གྱིས་གླེང་བཞིན་འདུག་མོད། འོན་ཀྱང་། སྒྲུང་འདི་བྱིས་པ་ཙམ་དུ་མ་ཟད། མི་དར་མ་དང་། རྒན་པ་སོགས་སུས་ཀྱང་ཀློག་ཆོག་པའི་སྒྲུང་ཞིག་ཡིན་པ་འདྲ། བྱིས་པ་ཚོས་བཀླགས་ན་བྱིས་པའི་ཤེས་ཚོད་ལས་དཔག་པའི་མྱོང་བ་ཞིག་དང་། མི་དར་མ་དང་རྒན་པ་ཚོས་བཀླགས་ན་བྱིས་པའི་མྱོང་ཚོར་ལས་བརྒལ་ཏེ་གོ་བ་ཞིག་སྟེར་བར་བཤད།  དེ་གཅིག་ཡིན། དེ་ནས་བོད་ཀྱི་བྱིས་པ་ཚོས་དེབ་འདི་བཀླགས་ན་གོ་བ་ཧྲིལ་གྱིས་ལེན་ཐུབ་མིན་མི་ཤེས་ཏེ། རྣམ་རིག་བཀྲ་བའི་རྒྱལ་སྲས་ཆུང་ཆུང་རྒྱུ་སྐར་དང་རྒྱུ་སྐར་བརྒྱུད་དེ་འགྲུལ་བཞུད་བྱས་ཤིང་། འགྲུལ་བཞུད་ཁྲོད་དུ་ཐུག་པའི་མི་སྣ་དེ་དག་ལ་རྐྱེན་བྱས་ཏེ་མཚར་འཛིན་གྱི་བློ་ཞིག་ཏན་ཏན་སྐྱེ་ངེས་རེད་སྙམ། འོན་ཀྱང་། སྒྲུང་འདིའི་ནང་དོན་མང་པོ་ཞིག་བྱིས་པ་ཚོར་ཟབ་དྲགས་པས། འདི་ཕྱོགས་ན་ཕ་མ་ཚོས་རང་གི་ལོ་ཆུང་བྱིས་པ་ཚོར་སྒྲུང་འདི་ཀློག་གིན་འདུག་ལ། དགེ་རྒན་ཚོས་ཀྱང་ལོ་ཆུང་སློབ་མ་ཚོར་སྒྲུང་འདི་འཆད་ཀྱིན་འདུག
 
དྲུག སྒྲུང་འདིའི་བརྗོད་སྙིང་ཞིག་ངོ་སྤྲོད་གནང་རོགས།
ལན། སྒྲུང་འདིའི་རྩོམ་པ་པོ་ནི་ཧྥ་རན་སིའི་སྐུ་དྲག་གི་རྒྱུད་དུ་སྐྱེས་པའི་སྐུ་ཞབས་Antoine de Saint-Exupéry(1900–1944)ཞུ་བ་དེ་རེད་ལ། ཁོང་ཨ་རིར་བཙན་བྱོལ་དུ་གྱར་སྐབས་གྲགས་རྩོམ་འདི་བྲིས་པ་དང་། ༡༩༤༣ལོར་ཐོག་མར་པར་བཏབ་པར་བཤད། སྒྲུང་འདིའི་ནང་དོན་མདོར་བསྡུས་ཏེ་བཤད་ན་ནི། སྒྲུང་འདི་ལ་ལེའུ་ཉེར་བདུན་དང་། ལེའུ་ཁ་ཤས་ཤོག་ངོས་གཅིག་ཡོད་པ་དེ་འདྲ་ཡང་འདུག ལེའུ་དང་པོ་དང་དགུ་པའི་བར་སྒྲུང་འདིའི་བྱུང་རིམ་བཤད་མཁན་གྱི་མི་སྣས་རང་ཉིད་ཀྱི་ཆུང་དུས་ཀྱི་མི་ཚེའི་སྐོར་བྲིས་ཡོད་ཅིང་། ཁོང་ཆེན་པོ་ཆགས་རྗེས་ཀྱི་ཉིན་ཞིག་ཁོང་གིས་གནམ་གྲུ་བསྐོར་ཏེ་ས་ཧཱ་རའི་བྱེ་ཐང་བརྒྱུད་དེ་འཕུར་སྐབས་གནམ་གྲུའི་འཕྲུལ་ཆས་མ་ལག་གང་ཞིག་ལ་ཆག་སྐྱོན་ཤོར་བས་བྱེ་ཐང་དུ་ཟགས་པ་རེད། ཁོང་གིས་ཆག་སྐྱོན་དེ་ལས་མགོ་བཙུགས་པའི་ཕྱི་ཉིན་གྱི་ཞོགས་པར་བྱེ་ཐང་དུ་གཉིད་ཡོད་སྐབས། ཡ་མཚན་ཅན་གྱི་བྱིས་པ་ཆུང་ཆུང་ཞིག་གིས་ཁོང་གི་གཉིད་དཀྲོགས་པ་དང་། བྱིས་པ་ཆུང་ཆུང་དེས་ཁོང་ལ་ལུག་གི་རི་མོ་ཞིག་འབྲི་རོགས་ཞེས་བསྐུལ་ཡོད། བྱིས་པ་ཆུང་ཆུང་དེ་ནི་རྒྱལ་སྲས་ཆུང་ཆུང་ལགས་ཡིན་པ་རེད། དེ་ནས་ཁོང་གཉིས་ཀྱི་ཁ་བརྡ་བྱས་ཏེ། རྒྱལ་སྲས་ཆུང་ཆུང་གང་ནས་ཡོང་མིན་དང་། ཁོང་གི་རྒྱུ་སྐར་སོགས་ཀྱི་སྐོར་བྲིས་འདུག དེ་ནས་བཅུ་པ་ནས་ཉེར་བཞི་པའི་ནང་དུ་རྒྱལ་སྲས་ཆུང་ཆུང་གིས་སྒྲུང་འདིའི་བྱུང་རིམ་བཤད་མཁན་གྱི་མི་སྣར་ཁོང་རྒྱུ་སྐར་དང་རྒྱུ་སྐར་དང་བརྒྱུད་དེ་འགྲོ་སྐབས་རྒྱལ་པོ་ཞིག་དང་། ཡིད་སྨོན་ཅན། ཆང་རྐྱལ། ཚོང་པ། བསྟན་བཅོས་རྩོམ་མཁན། ཁྲོམ་གློག་སྦོར་མཁན། སའི་གོ་ལ། སྦྲུལ། བྲག་རི། རྒྱ་སེ་མེ་ཏོག ཝ་མོ། ལྕགས་ལམ་ཁ་ཕྱོགས་སྒྱུར་མཁན། དངོས་པོ་འཚོང་མཁན་སོགས་དང་འཕྲད་པའི་གཏམ་རྒྱུད་དེ་ཚོ་བཤད་ཡོད་པ་རེད། ལེའུ་ཉེར་བཞི་ནས་ཉེར་བདུན་པའི་ནང་ཁོང་གཉིས་བྱེ་ཐང་དུ་ཁ་སྐོམ་ཏེ་ཆུ་བཙལ་དུ་ཕྱིན་པའི་སྐོར་དང་། སྒྲུང་འདིའི་བྱུང་རིམ་བཤད་མཁན་གྱི་མི་སྣས་གནམ་གྲུ་ཆག་སྐྱོན་བཟོ་བར་ཕྱིན་ཤུལ་དུ། རྒྱལ་སྲས་ཆུང་ཆུང་གི་དུག་སྦྲུལ་ཞིག་དང་མཉམ་དུ་ཁ་བརྡ་བྱས་ཚུལ། དེ་ནས་ཁོ་གཉིས་ཁ་བྲལ་བའི་སྐོར་དང་། མཐར་སྒྲུང་འདིའི་བྱུང་རིམ་བཤད་མཁན་གྱི་མི་སྣས་རྒྱལ་སྲས་ཆུང་ཆུང་ལ་དྲན་གསོ་བྱས་པའི་སྐོར་བྲིས་འདུག མདོར་བསྡུས་ཙམ་ཞིག་ཞུས་ན་འདི་འདྲ་ཞིག་མིན་འགྲོ།  

བདུན།  ཕྱིའི་རྒྱལ་ཁབ་ཀྱི་ན་ཆུང་ཚོས་སྒྲུང་འདི་བཀླགས་ཏེ་བསམ་བློའི་གོ་རྟོགས་ཅི་ཞིག་བྱུང་ཡོད་པ་དང་བོད་ཀྱི་ན་ཆུང་ཚོས་གོ་བ་ལེན་སྟངས་ཀྱི་ཧེ་བག་ཇི་འདྲ་བྱུང་བའི་སྐོར་ནས་གསུངས་རོགས།
 ལན། ཁྱེད་ཀྱིས་ཕྱིའི་རྒྱལ་ཁབ་ཀྱི་ན་ཆུང་ཚོ་ཞེས་དྲིས་སོང་། ཕྱིའི་རྒྱལ་ཁབ་ནི་རྒྱ་ཆེན་པོ་ཡིན་སྟབས། ངས་རྒྱལ་ཁབ་རེ་རེའི་ན་ཆུང་ཚོའི་སྐོར་ཞུ་མི་ཤེས། འོན་ཀྱང་། སྒྲུང་འདི་ཧྥ་རན་སིའི་མིས་བྲིས་པ་དང་། སྒྲུང་འདིའི་ནང་ན་མི་རིགས་དེའི་སེམས་ཁམས་ཡོད་སྟབས། རྒྱལ་ཁབ་འདིའི་མི་ལ་མཚོན་ན་རྒྱལ་སྲས་ཆུང་ཆུང་ཞེས་པའི་དེབ་འདི་མ་ཀློག་མཁན་ཡོད་མི་སྲིད་ལ། སྒྲུང་འདི་གོ་དང་མི་གོ་བའི་དཀའ་ངལ་ཀྱང་ཡོད་པ་མ་རེད། ལྷག་པར་དུ་སྒྲུང་འདིའི་ནང་ན་བྱིས་པ་ཞིག་གི་སྐོར་གླེང་གི་ཡོད་པ་དང་། བྱིས་པ་ཞིག་གི་འགྲུལ་བཞུད་སྐབས་ཀྱི་མཚར་ལ་སྙན་པའི་གཏམ་རྒྱུད་དེ་ཚོ་བྲིས་ཡོད་པས། འདི་ཕྱོགས་ཀྱི་བྱིས་པ་ཚོར་མཚོན་ན་སྒྲུང་འདི་ནི་མ་བཀླགས་ཚད་མེད་ཀྱི་དེབ་ཅིག་ཡིན་པ་རེད། དེང་སང་ཡང་ལོ་རེར་རྒྱལ་སྲས་ཆུང་ཆུང་གི་དེབ་ས་ཡ་གཅིག་དང་གཉིས་བྲིན་གྱི་ཡོད་རབས་བཤད་ལ། ཧྥ་རན་སིའི་མིས་ཆེས་དགའ་སྣང་བྱེད་པའི་དེབ་གཅིག་ནི་རྒྱལ་སྲས་ཆུང་ཆུང་རེད་ཟེར། བོད་ཀྱི་བྱིས་པ་ཚོར་མཚོན་ན་རིག་གཞུང་དང་སེམས་ཁམས་མི་གཅིག་པའི་དབང་གིས་ཧྥ་རན་སིའི་བྱིས་པ་ཚོ་ལྟར་འཕྲལ་དུ་གོ་བ་ལོན་ཨེ་ཐུབ་སྙམ། དེང་སང་ནུབ་ཕྱོགས་ཀྱི་བྱིས་སྒྲུང་དེ་འདྲ་བོད་སྐད་དུ་མང་པོ་ཡོད་པ་མ་རེད། འོན་ཀྱང་། དུས་ཀྱི་འགྱུར་བ་དང་དགོས་མཁོ་དང་བསྟུན་ནས་ནུབ་ཕྱོགས་ཀྱི་བྱིས་སྒྲུང་མང་པོ་ཞིག་བོད་ཡིག་ཏུ་ཐོན་སྲིད་ལ། རིམ་གྱིས་གོ་མི་གོ་བའི་དཀའ་ངལ་དེ་ཡང་ཡལ་འགྲོ་ངེས་རེད་དྲན། རྒྱུ་མཚན་གང་ཡིན་ཞེ་ན། ང་ཚོས་མི་རིགས་གང་ཞིག་གི་བརྩམས་སྒྲུང་དང་། སྙན་ངག་ཅི་ཞིག་བཀླགས་རུང་། ཐོག་མར་མི་རིགས་དེའི་རིག་གཞུང་དང་སེམས་ཁམས་ཅུང་ཙམ་ཤེས་པ་ཡིན་ན་དེས་བཀླག་བྱའི་རྩོམ་དེར་གོ་བ་ལོན་མི་ལོན་ལ་ཕན་ཐོགས་ཡོད་པ་རེད། འཛམ་གླིང་འདིའི་སྟེང་གི་མི་རིགས་རེ་རེར་རིག་གཞུང་དང་སེམས་ཁམས་ཤིག་ཡོད་པའི་དབང་གིས་རྩོམ་གཤིས་དང་བརྗོད་བྱ་མི་འདྲ་བ་རེ་རེ་ཡོད་པ་རེད། དཔེར་ན། རྒྱ་གར་གྱི་ཤར་ལྷོའི་སྙན་ངག་ལ་དམ་ལྷོད་ཅིག་ཡོད་པ་རེད། ཤར་ལྷོའི་སྙན་ངག་འབྲི་མཁན་ཚང་མ་རྒྱ་གར་བ་རེད་མོད། འོན་ཀྱང་ཤར་དང་ལྷོ་ཡི་མི་དང་མིའི་བར་ལ་འགྲིམ་འགྲུལ་གྱི་དབང་གིས་འབྲེལ་འདྲིས་མ་བྱུང་བར་བརྟེན། རྩོམ་གཤིས་ལའང་ཁྱད་པར་ཞིག་ཤོར་བ་རེད། དེ་ལྟ་བུ་རེད། གང་ལྟར། ངས་ཞུ་འདོད་པ་ནི། སྔོན་ཆད་བོད་ཀྱི་ལོ་ཙཱ་བ་ཚོས་རྒྱ་གར་གྱི་བསྟན་བཅོས་མང་པོ་ཞིག་བོད་སྐད་དུ་བསྒྱུར་རྗེས། བསྟན་བཅོས་ལ་ལར་འགྲེལ་པ་མི་འདྲ་བ་སྣ་ཚོགས་ཤིག་ཐོན་པ་རེད། བོད་ཀྱི་མཁས་པ་ཚོས་འགྲེལ་པ་དེ་དག་བརྩམས་དོན་ནི་བོད་མི་ཚོས་གོ་བའི་ཆེད་དུ་རེད། དེ་དང་དེ་ལ་རྐྱེན་བྱས་ཏེ་བོད་མི་ཚོའི་སེམས་ཁམས་རྒྱ་གར་གྱི་མིའི་སེམས་ཁམས་དང་ཐག་ཉེ་རུ་ཕྱིན་ཡོད་ལ། དེང་སང་བོད་མི་ཞིག་གིས་ནུབ་ཕྱོགས་ཀྱི་རྩོམ་ཡིག་ཅིག་ལས་རྒྱ་གར་གྱི་རྩོམ་ཡིག་ཅིག་བཀླགས་ན་གོ་བ་འཕྲལ་དུ་སྟེར་ཐུབ་མཁན་ནི་རྒྱ་གར་བའི་རྩོམ་ཡིག་དེ་ཡིན་སྲིད། འདི་ནི་འཆར་སྣང་ཞིག་ཡིན་པ་ལས་ཞིབ་འཇུག་གི་གྲུབ་དོན་དེ་འདྲ་མིན།

བརྒྱད། ཁྱེད་ཀྱི་བསམ་ཚུལ་ཡིན་ན། སྒྲུང་འདིས་བསམ་བློའི་ཁ་ཕྱོགས་གང་ཞིག་གཙོར་འདོན་བྱས་ཡོད་དམ།
ལན། སྒྲུང་འདིའི་ནང་དུ་དོན་དག་གཙོ་བོ་དེ་རྒྱལ་སྲས་ཆུང་ཆུང་གི་སེམས་ཁམས་བཤད་ཡོད་ལ། དོན་ངོ་མར་འཇིག་རྟེན་འདིའི་སྟེང་གི་བྱིས་པ་ཚོའི་སེམས་ཁམས་གླེང་ཡོད་པ་རེད། བྱིས་པ་ཚོའི་སེམས་ཁམས་ནི་ལྷད་མེད་ཅིང་གཡོ་ཟོལ་དང་བྲལ་བ། སྙིང་རྗེ་ལྡན་པ། ཚོར་སྣང་སྐྱེན་པ་བྲིས་ཡོད། ལྷག་པར་དུ་བྱིས་པ་ཚོར་མཚར་འཛིན་གྱི་བློ་རིག་དང་། འཆར་སྒོ། རྨི་ལམ་ཡོད་ཚུལ་བཤད་ཡོད། བྱིས་པ་ཚོ་མཚོན་ན་ཕ་མའི་བྱམས་བརྩེ་དང་འོ་འཁྱུད། ད་དུང་གྲོགས་པོ་སོགས་དགོས་རབས་དང་། ཁོ་ཚོའི་མཐོང་རྒྱ་དང་དགོས་མཁོ་ནི་མི་དར་མ་དང་གཏན་ནས་མི་འདྲ་ཚུལ་བཤད་དེ། བྱིས་པ་ཚོའི་འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་ཁོང་ཚོར་ཁོར་ཡུག་ལེགས་པོ་བསྐྲུན་ཏེ། བྱིས་པ་ཚོས་མཚར་འཛིན་གྱི་བློ་རིག་དང་འཆར་སྒོས་གསར་གཏོད་ཀྱི་ནུས་པ་འདོན་སྤེལ་བྱེད་དུ་འཇུག་དགོས་ཚུལ་བསྟན་ཡོད། དེ་ནས་མི་ཚེ་ནི་དཀོན་མཆོག་གིས་གནང་བའི་ལེགས་སྐྱེས་ཤིག་མིན་པར་མི་རང་ཉིད་ཀྱིས་གདོང་གཏད་དགོས་པ་དང་། འཇིག་རྟེན་འདིའི་དོན་གྱི་ངོ་བོ་ནི་ཆུ་བུར་གྱི་མིག་གིས་མི་མཐོང་བས་སེམས་ཀྱི་མིག་གིས་འཚོལ་དགོས་པའི་གནས་ལུགས་བསྟན་ཡོད། ད་དུང་རང་ཉིད་གཅིག་པུ་ཁྱིམ་དུ་བསྡད་ཚེ་ཕྱི་རོལ་གྱི་ངོ་མཚར་བའི་ལྟད་མོ་མཐོང་རེ་བྲལ་བ་དང་། གྲོགས་པོ་བཟོ་བ་དང་། གཞན་ལ་བརྩེ་བ་སྟེར་མི་ཐུབ་པ་གླེང་ཡོད། དེ་བཞིན་དུ་བྱིས་པ་ཚོའི་དྲི་བ་དང་རེ་འདོད་སོགས་ལའང་ཕ་མས་ཉན་དགོས་པ་སོགས། མདོར་ན་འཇིག་རྟེན་འདིའི་སྟེང་གི་སྒེར་སེམས་ཅན་དང་། རང་རློམ་ཅན། ཚུལ་འཆོས་ཅན། ཧམ་སེམས་ཅན་སོགས་ལ་ཟུར་ཟ་བྱས་ཡོད་པ་རེད། དེ་བས། སྒྲུང་འདི་ནི་བྱིས་སྒྲུང་ཞིག་རེད་ལ། གཏན་ཚིགས་ཀྱི་སྒྲུང་ཞིག་ཀྱང་ཡིན་ཟེར་གྱི་ཡོད་པ་རེད།

དགུ དེ་མིན་ཁྱེད་ཀྱིས་གང་གླེང་འདོད་པ་དེ་གསུངས་རོགས།
ལན། ངས་ཐོག་མར་སྒྲུང་འདི་བཀླགས་སྐབས་དོན་དངོས་སུ་སྒྲུང་འདིའི་ནང་ན་དོན་དག་ཅི་ཞིག་བརྗོད་ཀྱིན་ཡོད་པ་མ་ཤེས། དེ་བས་ཐེངས་ཁ་ཤས་བཀླགས་པ་ཡིན། ཅི་ཙམ་མང་པོ་བཀླགས་ན་དེ་ཙམ་གྱི་བརྗོད་སྙིང་གི་གཏིང་ཟབ་སར་འཛུལ་ཐུབ་ཀྱི་འདུག་ཨང་སྙམ་པའི་ཚོར་སྣང་བྱུང་། དེ་ནི་ངའི་ཉམས་མྱོང་ཡིན། ད་ནི་ཕྱོགས་གཞན་ཞིག་བཤད་ན། སྤྱིར་བཏང་འགྱུར་གྱི་ལས་ཀ་འདི་ལས་སླ་པོ་ཞིག་མ་རེད། དཀའ་ངལ་ཅན་གྱི་ལས་ཀ་ཞིག་རེད་སྙམ། སྔོན་ཆད་བཙན་པོའི་དུས་སྐབས་ཀྱི་ལོ་ཙཱ་བ་ཚོར་མཚོན་ན་བཙན་པོས་རྒྱབ་སྐྱོར་གནང་ཡོད་པ་རེད། ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་སྐབས་ཀྱི་ལོ་ཙཱ་བ་དག་ལ་མཚོན་ན་རྒྱལ་པོས་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། རྒྱལ་པོས་ཁོང་ཚོར་ཕོགས་དངུལ་གནང་ཡོད། སྐབས་དེའི་ཕོགས་དངུལ་དེ་དེང་སང་དང་བསྡུར་ན་ཉུང་ཉུང་ཞིག་མ་རེད། ཧ་ཅང་ཕོན་ཆེན་པོ་རེད། འོན་ཀྱང་། དེང་སང་གི་ལོ་ཙཱ་བ་ཚོར་དེ་འདྲའི་རྒྱབ་སྐྱོར་དང་ཕོགས་དངུལ་ཡོད་པ་མ་རེད། དེའི་རྒྱུ་མཚན་ནི་སྔོན་ཆད་དང་དེང་སང་གི་ལོ་ཙཱ་བ་ཚོའི་སྤུས་ཀ་མ་འདྲ་བའི་དབང་གིས་ལོས་ཡིན། ཀུ་རེ་ཡིན་མོད། ད་ང་ཚོས་བསྒྱུར་དེབ་དེ་དག་ལ་ལྟ་རྒྱུ་གལ་ཆེན་པོ་རེད། གལ་སྲིད་ཀློག་མཁན་མང་པོ་བྱུང་ན་བསྒྱུར་མཁན་རྣམས་ཀྱི་རེ་བའང་འགྲུབ་པ་རེད་སྙམ། ཨོ་ཡ། དེ་འདྲ་ཞིག་མ་གཏོགས་དྲན་མ་སོང་། བཀའ་དྲིན་ཆེ།

༢༠༡༦།༡༠།༡༨ཉིན།
རྒྱང་འདྲི་བྱེད་མཁན། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།