བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བདུན་ཕྲག་བརྒྱའི་ནང་ལ་སྙན་ངག་འགྲན་ཐེངས་བརྒྱར་བུད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༠།༠༧ཉིན་སྤེལ། རྨོངས་སེལ་གླིང་སྐད་འཕྲིན་ཚོགས་པ་འདིས་བོད་ཕྱི་ནང་གི་སྙན་ངག་པ་རྣམས་སུ་དྲ་ངོས་ནས་སྙན་ངག་འགྲན་བསྡུར་བྱས་ཏེ་ཐེངས་བརྒྱ་ལ་ལོན་པའི་མཛད་སྒོ་དྲ་ཐོག་བརྒྱུད་ལམ་ནས་འཚོགས་སོང་།

altསྐད་འཕྲིན་གྱི་ཚོགས་པ་རྨོངས་སེལ་གླིང་གིས་བདུན་ཕྲག་བརྒྱ་ཐམ་པའི་ནང་དུ་སྙན་ངག་གི་འགྲན་ཐེངས་བརྒྱ་ཐམ་པར་ལོན་སྟེ། ཟླ་འདིའི་ཚེས་༠༡ཉིན་སྙན་ངག་འགྲན་ཐེངས་བརྒྱ་ཐམ་པའི་མཛད་སྒོ་ཞིག་སྐད་འཕྲིན་ཚོགས་པ་རྨོངས་སེལ་གླིང་ནང་དུ་བསྐོང་ཞིང་། བོད་ཕྱི་ནང་གི་སྙན་ངག་པ་གྲགས་ཅན་དང་སྒྱུ་རྩལ་པ། གླུ་བ་གླུ་མ། སྙན་ངག་གྱེར་མཁན་སྐྱ་སེར་ཕོ་མོ་སོགས་གདན་འདྲེན་ཞུས་ཡོད་པ་མ་ཟད། མཛད་སྒོའི་ཉིན་འདིར་ཚོགས་པའི་ནང་དུ་བོད་ཕྱི་ནང་གི་ནམ་རྒྱུན་སྙན་ངག་འབྲི་མཁན་གྱི་ཚོགས་མི་བདུན་བཅུ་ལྷག་གཙོས་གསར་ཞུགས་༣༠༠ཙམ་གྱིས་མཛད་སྒོར་མཉམ་ཞུགས་གནང་ཡོད་འདུག

འདི་ག་གསར་ཁང་གིས་གོང་འཁོད་བཞིན་སྐད་འཕྲིན་ཚོགས་པ་འདི་འཛུགས་མཁན་གྱི་ཚོགས་གཙོ་སེར་ཤུལ་རབ་གསལ་ལགས་སུ་ཡིག་ཐོག་དྲི་བ་འཁོད་པའི་དྲིས་ལན་བཏབ་པ་གཤམ་གསལ་དུ།

༡༈ ཁྱོད་རང་ཉིད་ངོ་སྤྲོད་ཅིག་གནང་རོགས།
ལན། ངའི་ཕ་ཡུལ་སེར་ཤུལ་ཡིན། དངོས་མིང་ལ་རབ་གསལ་དང་སྨྱུག་མིང་ལ་ས་མཐའི་རྨི་ལམ་ཟེར། ད་ལྟའི་སྡོད་གནས་རྒྱ་གར།  ཆེད་སྦྱང་ནང་ཆོས་ཞོར་སློབ་བོད་ཀྱི་རྩོམ་རིག་དང་བོད་ཀྱི་ལོ་རྒྱུས། ཆེས་སྦྱང་བར་འདོད་པ་ནི་བོད་ཀྱི་ལོ་རྒྱུས།  བོད་ཀྱི་སྙན་ངག་སོགས་རྩོམ་རིག་ལ་ཁ་ཕྱོགས་ནས་ལོ་གསུམ་ལྷག་ཡིན། སྙན་ངག་གི་ཆེད་དེབ་༼ཆར་ཆུ་༽ཞེས་པ་ཞིག་འགྲེམས་སྤེལ་བྱས་ཟིན།

༢༈ སྐད་འཕྲིན་ཚོགས་པ་རྨོངས་སད་གླིང་གཙོས་འབྲེལ་ཡོད་ལས་འཆར་སྐོར་ཞིག་གསུང་རོགས།
ལན། རྨོངས་སད་གླིང་ནི་ཕྱི་ལོ་༢༠༡༤ཟླ་༡༡ཚེས་༠༥་ཉིན་ལ་དངོས་སུ་དབུ་འཛུགས་བྱས།  དང་པོ་ཚོགས་མི་བརྒྱ་ཡོད་པ་དང་དེ་ནས་ཕྱོགས་མང་པོ་ཞིག་གི་ཆེད་དུ་ཚོགས་མི་བདུན་བཅུ་ལས་བརྒལ་བ་མ་བཅུག་པ་ཡིན། ཆེས་ཐོག་མའི་བསམ་བློར་ཚོགས་པ་འདི་འཛུག་སྐབས་མི་སུ་ཡིན་རུང་མཐོ་དམན་མེད་པར་ཚོགས་པ་འདིར་ཞུགས་འདོད་ཡོད་ན་ནང་ག་འཇུག་བྱེད་འདོད་པ་དང་དེ་ཡང་རང་ཉིད་ཀྱི་ངོ་ཤེས་དང་ཉེ་འབྲེལ་སོགས་སུ་ཡིན་རུང་སྒྲིག་ལམ་དང་འགལ་ཚེ་ངེས་པར་དུ་ཕྱིར་ཕུད་གཏོང་དགོས་པར་བསམ་པ་ནི་མ་རྩའི་བསམ་བློ་ཡིན།

མཐོ་དམན་དང་ཤེས་ཡོན་ཡོད་མེད་སོགས་ལ་བལྟས་ནས་ཚོགས་པར་བཅུག་ན་ཚོགས་པ་དེ་ཡུན་རིང་ལ་གནས་མི་ཐུབ་པ་ཤེས་རྟོགས་ཡོད། ཚོགས་མིའི་ཤེས་ཡོན་ཡར་རྒྱས་ཀྱི་ཆེད་བདུན་ཕྲག་རེ་ལ་འགྲན་རྩོམ་མ་བསྐུར་ན་ཕྱིར་ཕུད་བཏང་སྟེ་ཚོགས་མི་གསར་བ་ཡར་འཇུག་བྱེད་ཀྱིན་ཡོད།

དེ་རིང་སྟེ་ཕྱི་ལོ། ༢༠༡༦ཟླ་༡༠ཚེས་༠༡ཉིན། ང་ཚོའི་སྙན་ངག་འགྲན་ཐེངས་བརྒྱ་ལ་བསླེབས་པའི་ཉིན་མོ་ཡིན།  ཐེངས་འདི་ལ་ཚོགས་མི་ཡོངས་ཀྱིས་རྨོངས་སད་གླིང་ཞེས་པའི་ཁ་བྱང་གཅིག་པའི་སྙན་ངག་ཅིག་བྲིས་ཡོད། འགྲན་ཞུགས་འདིའི་ཁྲོད་ཀྱི་ཨང་དང་པོ་ནས་དྲུག་པའི་བར་ལ་གཟེངས་རྟགས་ཀྱི་ཕྱག་ཁྱེར་དང་དམངས་སྒོར་གྱི་བྱ་དགའ་སྤྲད་པ་དང་། བོད་ཀྱི་རྩོམ་རིག་གི་སྐོར་ལ་བགྲོ་གླེང་གནང་མཁན་དང་གཞས་པ་གཞས་མ་སོགས་མང་པོ་གདན་འདྲེན་ཞུས་ནས་དམིགས་བསལ་གྱིས་དགའ་སྟོན་ལ་རོལ་ཡོད།

༣༈ ཚོགས་པའི་ངོས་ནས་ད་རག་བར་དུ་འབྲས་བུ་འབུར་དུ་ཐོན་པ་གང་བྱུང་སོང་ངམ།
ལན། ཚོགས་པ་འདི་བཙུགས་ནས་ཚོགས་མི་ཡོངས་ཀྱིས་སྒེར་སོ་སོ་ལ་རྩོམ་རིག་གི་སྐོར་ནས་ཡར་ཐོན་ཡོད་པ་ནམ་རྒྱུན་བཤད་ཀྱི་འདུག་པས་དེ་ནི་ཚོགས་པ་འདིའི་འབུར་འབྲས་ཤིག་ཏུ་སེམས་ཡོད། མ་ཚད་བོད་ཕྱི་ནང་གཉིས་ཀྱི་ཚོགས་མི་ཐུན་མོང་ནས།  ༼ན་གཞོན་གསར་བའི་རྡོག་སྒྲ་ཟེར་བའི་༽སྙན་དེབ་ཅིག་འགྲེམས་སྤེལ་ཟིན་པ་དེ་ཡང་ཚོགས་པ་འདིའི་འབུར་འབྲས་ཤིག་ཡིན། ཚོགས་པ་འདིའི་ནང་གི་ཚོམས་མི་མང་པོ་ལ་སྒེར་དེབ་སོགས་ཡོདལ། དེ་ཡང་ཚོགས་པ་འདིའི་འབུར་འབྲས་ཤིག་ཏུ་སེམས་ཡོད།

༤༈ ཚོགས་པའི་དམིགས་ཡུལ་གཞིར་བཟུང་སྟེ་མ་འོངས་པར་ག་རེ་བྱེད་རྩིས་ཡོད།
ལན། མ་འོངས་པ་ན་ཚོམས་པ་འདི་བོད་ཀྱི་སྤྱི་ཚོགས་དང་བོད་ཀྱི་རིག་གཞུང་ལ་ཕན་ཐོག་མེད་པ་ཞིག་ཏུ་གྱུར་ན་སྐབས་དེ་དུས་ཚོགས་པ་འདི་གཏོར་རྒྱུ་ཡིན།  

༥༈ ཚོགས་པའི་ནང་དུ་བོད་གཞིས་བྱེས་གཉིས་ཀྱི་གཞོན་སྐྱེས་ཡོད་དུས། རྣམ་པ་ཚོས་བལྟས་ན་རྩོམ་ཀྱི་ལྗིད་ཁོག་དང་དོ་དབྱངས་ཤུགས་ཆེ་ཤོས་ནི་ཕྱོགས་གང་ནས་སླེབས་ཀྱི་འདུག

ལན། སུམ་རྟགས་དག་གསུམ་གྱི་འགྲོ་ལུགས་མཁྱེན་པ་གཞིར་བྱས་ནས་ད་དུང་རྩོམ་པ་པོ་དེ་ལ་ཚིག་གི་བྱང་ཆ་ཐོན་པ། གཞན་དེབ་མང་དུ་བཀླགས་མྱོང་ཡོད་པ་མ་ཟད་རང་ཉིད་ཀྱི་རྩོམ་དེ་ལ་དྲང་བདེན་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པའི་རྩོམ་དེ་དག་ནི་རྩོམ་ཡིག་རིན་ཐང་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།

༦༈ ད་སྔ་རྩོམ་འབྲི་ཡར་རྒྱས་ཀྱི་གནས་སྟངས་གང་འདྲ་འདུག
ལན། ཡར་ཐོན་ཡག་པོ་འདུག་རང་ཉིད་ཀྱི་རྩོམ་རིག་ཡར་ཐོན་དགོས་ན་གཞན་གྱི་སློབ་ཁྲིད་ཙམ་ལ་མ་རེ་བར་རང་རང་གིས་ཉིན་ཐོ་སོགས་ནམ་ཡང་འབྲི་ཐུབ་དགོས་པ་ཞིག་བྱེད་དགོས་རེད་འདུག ག་ཚོད་བྲིས་ན་དེའི་ཚོད་ཀྱིས་དག་ཐོབ་དང་བྱང་ཆ་སྡེབ་སྦྱོར་སོགས་ཆ་ཚང་མཉམ་དུ་འཕེལ་རྒྱས་ཡོད་པ་ཧམ་བཤད་མ་ཡིན་པར་མྱོང་བ་ལས་གྲུབ། མ་ཚད་གཞན་དེབ་བཀླག་རྒྱུ་དེ་ཡང་གལ་ཆེ་བར་སེམས།

༧༈ བརྡ་འཕྲིན་དུས་རབས་བརྒྱུད་དེ་རྩོམ་འབྲི་འཕེལ་རྒྱས་ཀྱི་ཕྟོགས་སུ་བཟང་ཆ་དང་སྐྱོན་ཆ་གང་ཞིག་འདུག  
ལན། བཟང་ངོས་ནས་སྐད་འཕྲིན་སོགས་གང་ཡིན་རུང་ངག་ཐོག་ནས་བདེ་སྡུག་བཤད་ས་ཙམ་མ་ཡིན་པར་དུས་རབས་དང་འགྲོགས་ནས་བོད་ཀྱི་རྩོམ་རིག་དང་ལོ་རྒྱུས་སོགས་ལ་ཧ་ཅང་གི་ཕན་ཐོག་ཆེན་པོ་འདུག
 སྐྱོན་ངོས་ནས་བརྡ་འཕྲིན་འདི་པར་སོགས་བསྐུར་ས་དང་སྐད་ཆ་བཤད་ས་ཙམ་གྱི་འདུ་ཤེས་བཟུང་ནས་མང་དག་ཅིག་གིས་ལེགས་ཆ་གང་ཡང་ལེན་ཐུབ་ཀྱི་མི་འདུག    

༨༈ སྙན་ངག་ལས་ལུས་གང་གི་སྒང་ནས་འབྲི་མཁན་མང་པོ་འདུག་གམ་།རྒྱུ་མཚན་ཅི་ཡིན་ནམ།
ལན། ཚོགས་མི་མང་ཆེ་བའི་བཅད་གསར་ལ་གོམ་པ་གཏད་ཡོད། ཁ་ཤས་ཀྱིས་རྒྱུན་དུ་ལྷུག་རྩོམ་འབྲི་བཞིན་ཡོད། ཚོགས་མི་གཞན་གྱིས་བཅད་གསར་འབྲི་བའི་བསམ་བློའི་ཚད་གཞི་ངས་མི་ཤེས། ང་རང་བཅད་གསར་ལ་ཁ་ཕྱོགས་དོན།  སྲོལ་རྒྱུན་གྱི་སྙན་ངག་མང་དག་ཅིག་དེང་རབས་ཀྱི་མིའི་སེམས་ཁམས་དང་མི་མཐུན་པའམ་དེ་དང་ཧ་ཅང་རྒྱང་ཐག་རིང་བའི་ཚོར་སྣང་འདུག བཅད་གསར་གྱིས་ད་ལྟའི་ཁོར་ཡུག་དང་འཚོ་བ། མིའི་སེམས་ཁམས་སོགས་ཡོངས་རྫོགས་མཚོན་ཐུབ་པ་མ་ཟད་མྱོང་བ་དངོས་བཤད་ཡིན་རྐྱེན་གྱིས།  ཀློག་སྐབས་སྙན་ངག་གི་བྲོ་བ་སེམས་ཁམས་ལ་སྟེར་ཐུབ་རྒྱུ་འདུག

༩༈ གོང་འཁོད་དྲི་བར་མ་ཚུད་པའི་བསམ་ཚུལ་ཅི་ཡོད་གསུང་རོགས།
ལན། དེའི་སྐོར་ནས་བཤད་རྒྱུར་ཚོགས་པ་འདི་བཙུགས་ནས་ལོ་གཉིས་ཟིན་ལ་ཉེ་ཡོད། བདུན་ཕྲག་རེ་ལ་སྙན་ངག་ཐེངས་རེ་འགྲན་ནས་ད་ཐེངས་འགྲན་བསྡུར་བརྒྱ་ལ་བསླེབས་ཡོད། དེ་པར་དུ་ང་ཚོས་རྩོམ་རིག་དང་བོད་ཀྱི་ལོ་རྒྱུས་སོགས་ཤེས་ཆེད་དུ་བོད་ཀྱི་སྤྱི་ཚོགས་ནས་རིག་གཞུང་ལ་ཆ་རྒྱུས་ཡོད་པའི་རྒན་རབས་པ་མང་དག་ཅིག་ལ་ང་ཚོ་ལ་ལམ་སྟོན་དང་རྩོམ་རིག་གི་སྐོར་ནས་གསུངས་བཤད་གནང་རོགས་ཞེས་ནན་པོ་ཞུས་རུང་།
དངུལ་སོགས་འབུལ་བ་མེད་ན་གདན་འདྲེན་ཞུ་ཐུབ་རྒྱུ་ཁག་པོ་འདུག དེ་ནི་བོད་ཀྱི་ན་གཞོན་དང་རྒན་རབས་པ་གཉིས་ཀྱི་བར་སྟོང་ཆེ་ཤོས་ཤིག་དང་ཤེས་ཡོན་ཅུང་ཙམ་ཡོད་པའི་རྒན་རབས་པ་མང་དག་ཅིག་གི་སྐྱོན་ཆ་དང་ཁ་ནས་བཤད་པ་ཙམ་མ་གཏོགས་དོན་ལ་རང་ཉིད་ལ་ཁེ་ཕན་མེད་ན་བོད་ཀྱི་རིག་གཞུང་ཡར་རྒྱས་ལ་ཕན་སེམས་མེད་པ་ཞིག་ཏུ་ཚོར་ཡོད། འདི་ནི་ཚོགས་པ་འདིའི་ངོས་ནས་བསམ་ཚུལ་ཆེ་ཤོས་ཤིག་ཡིན།
 
གང་ལྟར་ཚོགས་པ་འདི་ནི་སློབ་རིན་སོགས་གང་ཡང་མི་དགོས་པར་བོད་ཀྱི་ན་གཞོན་ཁྱུ་གཅིག་གི་མཐུན་འབྲེལ་དང་གུས་ཞབས་ཀྱི་ངང་ནས་གྲུབ་པའི་སློབ་གླིང་ཚད་ལྡན་ཞིག་ཡིན། རྨོངས་སད་གླིང་གི་བོད་ཀྱི་སྙན་ངག་འགྲན་ཐེངས་བརྒྱ་ཐམ་པ་ལེགས་གྲུབ་བྱུང་ཡོད། གང་གི་ཆེད་དུ་ཞེ་ན་བོད་ཀྱི་རིག་གཞུང་ཡར་ཐོན་གྱི་ཆེད་དུའོ།།

༢༠༡༦ཟླ་༡ཚེས་༠༣ཉིན།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།