བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ཚོགས་པ་འདི་ལ་ཡར་རྒྱས་འགྲོ་རྒྱུ་གང་ཡང་ཡོད་མ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༢༦ཉིན་སྤེལ། ཚོགས་པ་འདི་ལ་ཡར་རྒྱས་འགྲོ་རྒྱུ་གང་ཡང་ཡོད་མ་རེད། གང་ཡིན་ཟེར་ན་ང་ཚོ་ལ་དམིགས་བསལ་གྱི་ཡོང་འབབ་གང་ཡང་ཡོད་མ་རེད།

དེ་ཡང་འདི་གའི་གསར་འགོད་པས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཟུར་པ་འཆི་མེད་གཡུང་དྲུང་ལགས་སུ་གསར་འཛུགས་བྱས་ཟིན་པའི་བོད་ཀྱི་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གནས་སྟངས་སྐོར་ལ་བཅར་འདྲི་བྱས་པར་ཁོང་གིས་བརྗོད་དོན། ངའི་མིང་ལ་འཆི་མེད་གཡུང་དྲུང་ཟེར་གྱི་ཡོད། སྐྱེ་ས་མན་པཱ་ཊི་གཞིས་ཆགས་ལ་ཡིན། འཛིན་རིམ་བརྒྱད་པ་བར་གཞིས་ཆགས་རང་ལ་སློབ་སྦྱོང་བྱས་པ་རེད། དེ་རྗེས་ཝ་ནཱ་མཐོ་རིམ་སློབ་གྲྭའི་ནང་ལོ་ལྔ་སློབ་སྦྱོང་བྱས་པ་རེད། ཞོར་དུ་བོད་གཞུང་དྲིལ་བསྒྲགས་རྒྱ་གར་གྱི་སྡེ་ཚན་ནང་རྒྱ་གར་གྱི་སྐད་ཡིག་ཐོག་ལས་ཀ་བྱེད་རྒྱུའི་གོ་སྐབས་ཤིག་བྱུང་། སྐབས་དེ་དུས་ཕྱི་ལོ་༡༩༩༨ལོར་རེད།alt

དེ་རྗེས་ཤེས་རིག་ལས་ཁུངས་བརྒྱུད་ས་མཚམས་སུ་ནང་པའི་སློབ་གྲྭ་ཞིག་དབུ་འཛུགས་བྱས་པ་རེད། སློབ་གྲྭ་དེར་དགེ་རྒན་དང་ལས་བྱེད་གཅིག་ལྕོགས་བྱས་ཏེ་ལོ་གཉིས་དང་ཟླ་བ་དྲུག་བསྡད་པ་རེད། དེ་རྗེས་གཞུང་གི་ལས་འགན་གྱི་ངོ་བོའི་ཐོག་ནས་རྩ་དགོངས་ཞུས་ཏེ་རྒྱལ་ཞེན་ལྷན་འཛོམས་ཟེར་བའི་ལས་འགུལ་ཞིག་གསར་འཛུགས་བྱས་པ་རེད། དེ་ཆབ་སྲིད་ཀྱི་སྡིངས་ཆ་ཞིག་རེད། དེའི་ནང་བགྲོ་གླེང་བྱས་སྟེ་གཞོན་སྐྱེས་མང་པོ་ཞིག་ལ་གོ་རྟོགས་སྤེལ་བ་དང་། བསམ་བློ་བརྗེ་ལེན་བྱེད་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་གཞིར་བཟུང་འབྲེལ་མཐུད་པའི་འགན་གཙོ་བོ་འཁུར་ཏེ་ལོ་གཉིས་མིན་ཙམ་ཞིག་ལས་ཀ་བྱས་པ་རེད།

ཞོར་དུ་རྒྱ་གར་གྱི་བོད་དོན་ཚོགས་པ་མང་པོ་ཞིག་གི་ནང་རྒྱུན་ལས་དང་ལས་འགན་མང་པོ་ཞིག་འཁུར་བ་རེད། དཔེར་ན། ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། ཧི་མ་ལ་ཡའི་ཁྱིམ་ཚང་ཚོགས་པ་བཅས་ཀྱི་ནང་ལས་ཀ་བྱས་པ་རེད། ཕྱི་ལོ་༢༠༠༤ལོར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་དྲུང་ཆེར་འདེམས་ཐོན་བྱུང་བ་རེད། ཕྱི་ལོ་༢༠༠༦ལོར་དྲུང་ཆེ་ལས་གནས་ནས་ཚོགས་གཙོར་འོས་འདེམས་གནང་བ་རེད། རྒྱུ་མཚན་གང་ཡིན་ཟེར་ན་སྐབས་དེའི་ཚོགས་གཙོ་དེ་སྤྱི་འཐུས་ཀྱི་ཚོགས་གཙོར་འོས་འདེམས་བྱུང་ཡོད་པ་རེད།

དེ་རྗེས་ཚོགས་ཆེན་མུ་མཐུད་ཚོགས་གནང་ནས་༢༠༠༨ལོར་བསྐྱར་དུ་མང་མོས་ཀྱི་འོས་འདེམས་བྱུང་ཏེ་མང་གཙོ་ཚོགས་པའི་ཚོགས་གཙོ་བྱས་པ་རེད། ཁྱོན་བསྡོམས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ནང་དྲུང་ཆེ་ལོ་གཉིས་དང་། ཚོགས་གཙོ་ལོ་དྲུག་བཅས་ཁྱོན་བསྡོམས་ལོ་བརྒྱད་ཞབས་ཕྱི་ཞུས་པ་ཡིན། དེ་དང་མཉམ་དུ་ད་ལྟའི་ཆར་ཧི་མ་ཅཱལ་མངའ་སྡེའི་ཧི་མ་ལ་ཡིའི་ཁྱིམ་ཚང་ཚོགས་པའི་ཚོགས་གཞོན་དང་། དབུས་གཙང་ས་གནས་ཀྱི་ཚོགས་གཙོ། ཉེ་ཆར་ཁྱུག་ཙམ་རིང་དྷ་རམ་ས་ལའི་མངའ་རིས་ས་གནས་ཀྱི་ཚོགས་གཙོ་བྱས་པ་ཡིན།  གཞན་ཡང་ངའི་མི་ཚེའི་བརྒྱུད་རིམ་ནང་རྒྱ་གར་གྱི་སྐད་ཡིག་ཐོག་སྙན་ངག་གི་རྩོམ་དེབ་ཅིག་སྟོན་ཡོད།  དེ་བཞིན་བོད་དོན་གྱི་ཐོག་ཚགས་ཤོག་ནང་རྩོམ་ཡིག་སྟོན་གནང་ཡོད་པ་དང་། དེ་མིན་གྱི་དེབ་ཆུང་ཁག་གཉིས་ཙམ་སྟོན་གནང་ཡོད། དེ་དག་ངའི་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཤིག་ཡིན།
 
༢། ཁྱེད་ཀྱིས་བོད་ཀྱི་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འགན་ཁུར་གནང་བའི་དུས་ཡུན་དེའི་ནང་དམིགས་བསལ་གྱི་གྲུབ་འབྲས་ཆེ་བ་གང་དང་གང་བྱུང་ཡོད་དམ།

ལན། དེ་ཡང་ཐོག་མར་ང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཡིན་པའི་སྐབས་སུ་ངའི་བསམ་པར་ང་ཚོའི་སྤྱི་ཚོགས་ནང་ཡི་གེ་མི་ཤེས་མཁན་དང་། གློག་ཀླད་མི་ཤེས་མཁན་ཚོར་ཡིག་ཆའི་སྐོར་ལ་དཀའ་ངལ་ཞིག་ཡོད་པ་མཐོང་གི་ཡོད། དམིགས་བསལ་དེང་སང་དྲ་ཐོག་བརྒྱུད་ནས་རེའུ་མིག་འགེང་རྒྱུ་དེ་གལ་ཆེན་ཡིན་པར་བརྟེན་སློབ་སྦྱོང་མེད་ན་དཀའ་ངལ་ཞིག་རེད། ཡིན་ཡང་ང་རང་སྐབས་དེར་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཡིན་པར་བརྟེན་སྤྱི་ཚོགས་ཀྱི་དཀའ་ངལ་ལ་ལྟ་ཞིབ་བྱ་རྒྱུ་མ་བྱུང་། སྐབས་དེར་ངས་མ་འོངས་པར་སྤྱི་ཚོགས་ནང་དཀའ་དེའི་རིགས་ལ་རོགས་པ་ཞིག་བྱས་པ་ཡིན་ན་བསམས་པ་ཞིག་སྐབས་དེ་དུ་ནས་ཡོད། དེ་ཡོད་པ་གཞིར་བཟུང་ཕྱི་ལོ་༢༠༡༢ཟླ་༥པའི་ནང་ཚོགས་གཙོའི་ལས་གནས་ཚར་བ་དང་། ལོ་དེ་གའི་ཟླ་༡༠པའི་ནང་ཚོགས་པ་དེ་གསར་འཛུགས་བྱས་པ་ཡིན།
 
ཚོགས་པ་དེ་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་དེ། གོང་དུ་ཞུས་པ་བཞིན་མི་མང་ནང་ཡིག་ཆ་དཀའ་ངལ་འཕྲད་བཞིན་པ་དེ་དག་ལ་རོགས་པ་བྱ་རྒྱུ་དེ་ཡིན།  སྤྱི་ཚོགས་ནང་ང་ཚོ་སྒེར་ལ་ཁེ་ཕན་ཡོད་པ་ཞིག་དང་སྤྱི་ཚོགས་ལ་ཕན་ཐོགས་མེད་པ་ཞིག་ལ་དགོངས་ཀྱི་ཡོད་པ་རེད། ང་ཚོས་དངུལ་ཉུང་ཉུང་ཞིག་བླང་ནས་རོགས་པ་བྱས་པ་ཡིན་ལ་ཚོགས་པ་འདི་མུ་མཐུད་ནས་གནས་ཐུབ་པ་ཞིག་དང་། དཔལ་འབྱོར་གྱི་ཐོག་ནས་དཀའ་ངལ་མ་འཕྲད་པ་བཅས་བསམ་བློ་མང་པོ་བཏང་ནས་བཙུགས་པ་རེད།

ཚོགས་པ་དེ་བཙུགས་རྗེས་ང་ཚོས་གལ་ཆེ་ཤོས་དེ་གང་བྱེད་ཀྱི་ཡོད་པ་རེད་དམ་ཞུས་ན་ཕྱིར་སྐྱོད་ལག་དེབ་གསར་པ་དེ་སྔོན་མ་ཡིན་ན་ལག་བྲིས་བྱས་ཏེ་རེའུ་མིག་འགེང་དགོས་པ་རེད། དེ་ཕྱིས་སུ་འགྱུར་བ་ཕྱིན་ཏེ་དྲ་རྒྱ་བརྒྱུད་དེ་འགེང་དགོིས་པར་བརྟེན་མི་མང་པོ་ཞིག་གིས་གློག་ཀླད་དང་། དབྱིན་ཡིག་མ་ཤེས་པའི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་པ་རེད། ཁ་ཤས་ཀྱིས་དངུལ་ཕོན་ཆེན་བླངས་ཀྱི་ཡོད་པ་རེད། ང་ཚོས་དང་ཐོག་ཧིན་སྒོར་༥༠བླངས་ཏེ་ད་ལྟ་བར་མི་༥༨༠༠ལྷག་ལ་རེའུ་མིག་བཀང་རོགས་བྱས་ཡོད།

དེ་དང་མཉམ་དུ་Free Information གླ་མེད་ཐོག་མི་མང་པོར་དེབ་སེར་པོ་བཟོ་སྟངས་དང་ལས་ཀ་ཆང་ངི་ཆུང་ངི་སྐོར་ལ་ང་ཚོས་དངོིས་སུ་ལག་བསྟར་མ་བྱས་ཀྱང་ལམ་སྟོན་བྱེད་ཐུབ་ཀྱི་ཡོད་པ་རེད། སྐབས་འགར་སྙན་ཞུ་རྒྱབ་རོགས་ཀྱང་རོགས་པ་བྱེད་ཀྱི་ཡོད། དེར་བརྟེན་མི་མང་པོས་ང་དང་། ང་ཚོའི་ལས་བྱེད་ཚོར་ཉིན་རེ་བཞིན་ཁ་པར་ཆད་མེད་སླེབས་ཀྱི་ཡོད་པ་རེད། ཡང་དེ་ལས་དཀའ་ངལ་ཆེ་བ་དཔེར་ན། དྷ་རམ་ས་དང་། དྷ་ར་རྡུན། གཞིས་ཆགས་ཁག་ནས་འགེངས་ཤོག་དེ་དྷི་ལི་རུ་གཏོང་དགོས་པ་རེད། དེ་བསྐྱལ་རྒྱུར་ང་ཚོས་གླ་ཧིན་སྒོར་༣༠༠ཞིག་བླངས་ཏེ་རོགས་པ་བྱེད་ཀྱི་ཡོད་པ་རེད།

ལས་ཀ་དེ་རང་ངོས་ནས་བྱས་པ་ཡིན་ན། མིའི་ལག་པར་བསྐུར་དགོས་ཀྱི་ཡོད་པ་རེད། ཡང་མ་ཡིན་ན་རང་ཉིད་མར་བསྐྱལ་དུ་འགྲོ་དགོས་ཀྱི་ཡོད་པ་རེད། དཔེར་ན་མི་གཅིག་དྷ་ས་ནས་དྷི་ལི་བར་འགེངས་ཤོག་དེ་བསྐྱལ་དུ་འགྲོ་དགོས་བྱུང་ན་རླངས་འཁོར་གྱི་ཟླ་གླ་དང་། ཟས་གྲོན། ཁང་གླ་ཚང་མ་བསྡོམས་པ་ཡིན་ན་ཧིན་སྒོར་༣༠༠༠ནས་༤༠༠༠བར་འགྲོ་སོང་འགྲོ་སའི་ས་ཆ་རུ་ང་ཚོས་ཧིན་སྒོར་༣༠༠བླངས་ནས་བདེ་བླག་ངང་འབྱོར་ཐུབ་པ་བཟོ་ཡི་ཡོད་། དེའི་ལས་གཞི་དེས་གང་ཟག་སོ་སོར་ལས་སླ་པོ་དང་། སྟབས་བདེ་རུ་གཏོང་ཐུབ་ཀྱི་ཡོད་པ་མ་ཟད་འགྲོ་གྲོན་སིལ་ཚགས་བྱེད་ཐུབ་པ་དང་། དུས་ཚོད་འཕྲོ་བརླག་མི་འགྲོ་བ་བཅས་བསམ་བློ་མང་པོ་ཞིག་བཏང་ནས་ང་ཚོས་རོགས་རམ་བྱེད་ཀྱི་ཡོད།
 
སྤྱི་ཚོགས་ཞབས་ཞུ་ཟེར་དུས་མི་ཚང་མས་གླ་མེད་རང་བྱེད་དགོས་པ་རེད་བསམ་པ་དེ་མ་རེད་དྲན་གྱི་ཡོད། ཞབས་ཞུ་ཟེར་དུས་མི་དེ་ལ་ཕན་ཐོགས་ན་འགྲིག་གི་ཡོད་རེད་མ་གཏོགས་དངུལ་སྤྲད་དང་མ་སྤྲད་ཀྱི་ཞབས་ཞུ་དེ་མ་རེད་བསམ་གྱི་ཡོད། དངུལ་གཏོགས་ཙམ་མ་སྤྲད་པ་ཡིན་ན་ཞབས་ཞུའི་ཐོག་མུ་མཐུད་གནས་དགོས་པ་རེད། དེར་བརྟེན་དངུལ་འཕྲན་བུ་ཞིག་གིས་ལས་གཞི་རྒྱ་ཆེན་པོ་ཞིག་དང་ཕན་ཐོགས་ཆེན་པོ་ཞིག་བྱེད་ཐུབ་པ་ཞིག་རེད།  ཕར་ལྟ་ན་འགེངས་ཤོག་བཀང་རྒྱུ་དེ་ལས་གཞི་ཆུང་ཆུང་ཞིག་ཡིན་པ་མཐོང་གི་ཡོད་རེད། ཡིན་ཡང་དེ་གལ་ཆེན་པོ་ག་ཚོད་ཡིན་མིན་དང་། མི་རེ་ངོ་རེ་ལ་ཕན་ཐོགས་གང་བྱུང་གི་ཡོད་མེད་དེ་རེད་ལ་ང་ཚོར་བསྔགས་བརྗོད་ཞུ་མཁན་མང་པོ་བྱུང་སོང་།

ང་ཚོའི་ལས་ཁུངས་ཡན་ལག་ཅིག་ལྡི་ལི་ལ་ཡོད་པ་རེད།  ང་ཚོའི་འཆར་གཞི་གཞིར་བཟུང་བྱས་ན་གྲ་རྒྱས་པོ་ཡོད་རེད་དེ་ཏག་ཏག་གཅིག་འགྲོ་ཐུབ་ཡོད་པ་མ་རེད། དེ་སྔོན་ཡིན་ན་ལྡི་ལིར་ཡོད་པའི་ཡན་ལག་ཚོགས་པས་ནད་པ་ཛ་དྲག་བྱུང་བ་རྣམས་དང་། ལུས་པོར་རྟགས་དཔྱད་བྱེད་མཁན་སྐད་མ་ཤེས་མཁན་གྱི་དཀའ་ངལ་སེལ་རྒྱུར་ཐབས་ཤེས་བར་ལམ་ཞིག་རིང་བྱས་པ་ཡིན། སྐབས་དེ་དུས་ང་ཚོ་ལ་ལས་བྱེད་གཅིག་གཉིས་ཤིག་ཡོད། ད་ལྟའི་ཆར་དཀའ་ངལ་ཞིག་བྱུང་ནས་ལས་གཞི་དེ་མཚམས་འཇོག་བྱས་ཡོད། འོན་ཀྱང་དེབ་སེར་པོའི་ལས་ཀ་དེ་ཕྱི་ལོ་༢༠༡༢ནས་ད་ལྟ་བར་འགྲོ་བཞིན་ཡོད་ཞུ་རྒྱུ་ཡིན།

༣། གྲུབ་འབྲས་དེ་གཅིག་ནས་ལྔ་ཡང་ན་བཅུ་བར་གསུང་རོགས་གནང་།
ལན། ༡། ཕྱི་ལོ་༢༠༡༣དང་༢༠༡༤བརང་ཚོ་ལྡི་ལི་ལ་ཡོད་པའི་སྐབས། མི་༢༠༠ལྷག་ལ་རོགས་པ་བྱས་ཡོད་པ་རེད། རོགས་པ་བྱས་ཟེར་དུས་དངུལ་སྤྲད་ནས་རོགས་པ་བྱས་ཡོད་མ་རེད། ང་ཚོས་མི་བཏང་ཏེ་སྨན་ཁང་ཁག་ལ་སྐད་བསྒྱུར། ངོ་སྤྲོད་བྱེད་རོགས་བྱས་ཡོད་ལ་དེ་ཐོ་འགོག་བྱས་ནས་ཉར་ཚགས་བྱས་ཡོད། ༢། དྷ་སར་ཆ་བཞག་ན་བོད་ནས་སླེབས་མཁན་མང་པོ་ཞིག་དཀའ་ངལ་གང་ཡོད་པ་རེད་དམ་ཞུས་ན། ཁ་བྱང་གཏན་པོ་སྤྲོད་ས་མེད་པའི་དཀའ་ངལ་ཞིག་ཡོད་རེད། གང་ཡིན་ཟེར་ན། Inquire སླེབས་སྐབས་ཁ་བྱང་གཏན་པོ་མེད་པའི་དཀའ་ངལ་ཞིག་ཡོད་པ་དེ་ཚོི་རིགས་མི་ལྔ་བཅུ་ཙམ་ལ་ང་ཚོས་རོགས་པ་བྱས་ཡོད།  ད་ཆ་གནས་སྐབས་ང་ཚོས་དེའི་རིགས་དེ་བྱེད་ཐུབ་ཀྱི་མི་འདུག

༣། ང་ཚོས་ལོ་རེ་རེའི་ནང་ལས་བསྡོམས་ཤིག་སྟོན་གྱི་ཡོད་རེད། ད་ལོ་དམིགས་བསལ་སྟོན་ཐུབ་མ་སོང་ལ་ཕྱི་ལོ་༢༠༡༥ལོར་ལས་བསྡོམས་སྟོན་ཐུབ་མ་སོང་། རྒྱུ་མཚན་དཔལ་འབྱོར་གྱི་དཀའ་ངལ་འཕྲད་དེ་ལས་གཞི་དེ་རྒྱ་ཆུང་དུ་ཕྱིན་འདུག དྷ་སར་ཆ་བཞག་ན་ལས་ཁུངས་དེ་ཡང་རྩིས་སྤྲོད་བྱ་དགོས་བྱུང་སོང་། ད་ཆ་ཚོགས་པའི་ངོ་བོའི་ཐོག་ནས་ཚོང་ཁང་ཞིག་བཙུགས་ཐུབ་ཡོད་རེད། ཚོང་ཁང་དེ་ལས་ཁུངས་དང་མཉམ་དུ་གཅིག་ལྕོགས་གནང་གི་ཡོད།

༤། མི་ཁག་གཅིག་ཕྱི་རྒྱལ་དུ་འགྲོ་དགོས་བསམ་ཀྱང་ཡིག་ཆའི་ཐོག་འགྲོ་ལུགས་གཉེར་སྟངས་ཧ་གོ་ཡི་ཡོད་མ་རེད། དེའི་ཐོག་ང་ཚོས་གསལ་བཤད་དང་། ངོ་སྤྲོད་ལམ་སྟོན་བྱེད་ཀྱི་ཡོད། གཞན་མི་ཁ་ཤས་གཞིས་ཆགས་ཁག་ནས་དཀའ་ངལ་འཕྲད་དེ་གཞུང་ལ་ཞུ་དགོས་བསམ་ཡང་བྱེད་སྟངས་མ་ཤེས་པ་མཁན་མང་པོ་ཡོད་པ་དེ་དག་ལམ་སྟོན་བྱེད་ཀྱི་ཡོད་ལ་སྙན་ཞུ་བརྒྱབ་རོགས་ཀྱང་བྱེད་ཀྱི་ཡོད། གནས་ཚུལ་དེའི་རིགས་ལ་ཕྱི་རྒྱལ་དང་རྒྱ་གར་ལ་ཆ་བཞག་ན་དངུལ་མང་པོ་ལེན་གྱི་ཡོད་པ་རེད།

༤། བོད་ཀྱི་སྤྱི་ཚོགས་ཞབས་ཞུ་ཁང་གསར་འཛུགས་བྱས་ནས་ད་ལྟ་བར་ལོ་བཞི་མ་ཟིན་ཙམ་འགྲོ་ཡི་འདུག ད་ལྟའི་ཆར་ཚོགས་པའི་གནས་སྟངས་གང་འདྲ་ཞིག་ཡོད་དམ།

ལན། ཚོགས་པའི་ལས་ཀ་དེ་མུ་མཐུད་ནས་འགྲོ་བཞིན་ཡོད། ཚོགས་པ་འདི་ལ་ཡར་རྒྱས་འགྲོ་རྒྱུ་གང་ཡང་ཡོད་མ་རེད། གང་ཡིན་ཟེར་ན་ང་ཚོ་ལ་དམིགས་བསལ་གྱི་ཡོང་འབབ་གང་ཡང་ཡོད་མ་རེད། དང་པོ་ཚོགས་པ་འདི་གསར་འཛུགས་བྱེད་དུས་གྲོགས་པོ་ཞིག་གིས་ང་ལ་རོགས་པ་བྱས་བྱུང་ལ་ཕྱི་རྒྱལ་མང་པོ་ཞིག་གིས་རོགས་པ་བྱས་བྱུང་། སྤུན་མཆེད་ཚོས་ཀྱང་རོགས་པ་བྱས་ཡོད་པ་རེད། དེ་རྗེས་ཕྱི་རྒྱལ་གྱི་རོགས་ཚོགས་ཤིག་གིས་ལོ་གཅིག་རིང་ལས་བྱེད་གཅིག་གི་སྦྱིན་བདག་ཀྱང་བྱས་བྱུང་། དེ་མུ་མཐུད་རོགས་པ་བྱེད་ཐུབ་ཀྱི་མེད་འདུག་འཛིན་སྐྱོང་ལ་རོགས་པ་བྱེད་རྒྱུ་དེ་ཁག་པོ་འདུག་ཟེར་ཡོད་པ་རེད། དཀའ་ངལ་དེ་རེད། ད་ལྟའི་ཆར་ལས་བྱེད་ཀྱི་གླ་ཆ་དེ་དེབ་སེར་པོའི་ཐོག་ལས་ཀ་བྱས་ནས་བྱུང་བའི་དངུལ་ཕྲན་བུ་དེས་གླ་ཆ་ཏག་ཏག་འདང་བ་བྱས་ཡོད།  ཁང་གླའི་རྩིས་གཞི་དེ་སྤུན་མཆེད་ཚོས་རོགས་པ་བྱས་ནས་བསྡད་ཡོད། དམིགས་བསལ་གྱི་ཡོང་འབབ་དེ་འདྲ་གང་ཡང་མེད་ཞུ་རྒྱུ་ཡིན།

༥ མ་འོངས་པར་ཚོགས་པའི་ངོས་ནས་བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་རྒྱུའི་ལས་འཆར་གང་དང་གང་ཡོད་དམ།

ལན། དྲ་རྒྱའི་སྟེང་འཆར་གཞི་མང་པོ་ཞིག་བཀོད་ཡོད། དེ་ཡང་མང་ཆེ་བ་སློབ་གྲྭའི་སློབ་ཕྲུག་ཚོ་ལ་རོགས་པ་བྱེད་རྒྱུའི་བསམ་བློ་ཡོད་པ་ཞིག་དང་། བོད་ནས་ཕེབས་མཁན་མང་པོ་ཞིག་གུང་གསེང་འགྲོ་ས་མེད་པ་དེ་ཚོ་གུང་གསེང་ཁྲིད་རྒྱུའི་འཆར་གཞི་ཡོད་ན་ཡང་ལམ་སང་ལག་བསྟར་བྱེད་ཐུབ་ཀྱི་མེད་འདུག གཞན་འཛིན་སྐྱོང་གི་ངོས་ནས། ལས་མེད་བར་འཁྱམ་དང་། སྨྱོ་རྫས་ངན་གོམས་འཕྲོད་ཕུངས་མཁན་གྱི་གཞོན་སྐྱེས་ཚོར་མ་འོངས་པར་རོགས་པ་བྱེད་ཐུབ་པ་ཞིག མཐོ་རིམ་སློབ་གྲྭ་འགྲོ་སྐབས་དཔལ་འབྱོར་གྱི་རྒྱབ་སྐྱོར་བྱེད་ཐུབ་ན་བསམ་པའི་འཆར་གཞི་ཞིག་ཡོད། ཡིན་ཡང་དེ་དག་གཞུང་གིས་གནང་གི་ཡོད་དུས་ང་ཚོས་ཤུགས་ཆེན་པོ་ཞིག་བྱེད་ཐུབ་རྒྱུ་གང་ཡང་ཡོད་མ་རེད། ཡིན་ཡང་དམིགས་ཡུལ་ཡོད་ཆོག་གི་རེད། གཞུང་གིས་མ་སྙོབ་པའི་ས་ཆེ་དེ་ཚོར་ང་ཚོས་བྱེད་ཐུབ་པ་ཡིན་ན་ཡག་པོ་རེད་དྲན་གྱི་ཡོད། དེའི་འཆར་གཞི་དེ་དག་ཡིག་ཐོག་རང་ལ་ཡོད་པ་རེད་མ་གཏོགས་དམིགས་བསལ་གྱིས་ལག་བསྟར་བྱེད་ཐུབ་ཡོད་མ་རེད། སྔོན་མ་ང་ཚོས་མན་སྤ་ཊི་གཞིས་ཆགས་སུ་རྒན་འཁོགས་གསུམ་དང་ཕྲུ་གུ་གསུམ་ལ་སྦྱིན་བདག་རོགས་པ་བཙལ་པ་ཡིན། ང་ཚོའི་ངོས་ནས་ཨ་ན་གཅིག་བཏང་གི་མེད། ཡིན་ཡང་ང་ཚོས་སྦྱིན་བདག་འཚོལ་རོགས་བྱས་པ་རེད། མ་འོངས་པར་ང་ཚོའི་དམིགས་ཡུལ་ཡང་དེ་རེད།

༦། ཁྱེད་རང་གིས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བྱེད་པའི་གོ་སྐབས་དེ་བཟུང་ནས་བོད་ཀྱི་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དེ་གསར་འཛུགས་བྱས་པ་རེད་ཟེར་བ་དེ་བདེན་པ་ཡིན་ནམ།

ལན། དེ་བདེན་པ་རྩ་བ་ཉིད་ནས་མ་རེད། གང་ཡིན་ཟེར་ན་ཕྱི་ལོ་༢༠༡༢ཕྱི་ཟླ་༥པའི་ནང་ཚོགས་གཙོའི་དུས་ཡུན་ཚང་ནས་རྩིས་སྤྲོད་རྩིས་ལེན་ཚར་བ་རེད། ཚོགས་པ་དེ་ཕྱི་ཟླ་བཅུ་པའི་ནང་གཞི་ནས་གསར་འཛུགས་བྱས་པ་རེད། དེ་གཉིས་ཀྱི་བར་ལ་དུས་ཚོད་ཀྱི་ཆ་ནས་ཁྱད་པར་ཆེན་པོ་ཡོད་རེད་ལ་རྩིས་སྤྲོད་རྩིས་ལན་ཚང་མ་ཚར་ནས་གསར་འཛུགས་བྱས་པ་རེད། ཚོགས་པ་དེ་འདྲ་ཞིག་བཙུགས་པ་ལ་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྐབས་བཟུང་དགོས་པ་གང་ཡང་མེད་འདུག རྒྱལ་ཡོངས་མང་གཙོ་ཚོགས་པ་ཡིན་པའི་ཆ་ནས་ཚོགས་པ་དེ་བཙུགས་ཐུབ་པའི་རྒྱུ་མཚན་གང་ཡང་མ་རེད།

ཡིན་ཡང་ང་རང་ཚོགས་གཙོ་བྱེད་སྐབས་སྤྱི་ཚོགས་ནང་ཡིག་ཆའི་ཐོག་ནས་དཀའ་ངལ་འདི་འདྲ་ཞིག་སེལ་རྒྱུ་ལྷག་འདུག་བསམ་པའི་སེམས་ཚོར་ཞིག་བྱུང་བ་རེད། དེ་དག་ལ་རོགས་པ་བྱེད་བསམ་པ་ཞིག་ང་ལ་ཡོད། དེ་ངའི་ཁེ་ཕན་གང་ཡང་མ་རེད། དེ་ངའི་བསམ་བློ་རེད། བསམ་བློའི་ནང་ཡོད་པ་དེ་ངས་ལག་བསྟར་ཕྱི་ཟླ་བཅུ་པའི་ནང་བྱས་པ་ཡིན། ཕྱི་ཟླ་བཅུ་པ་ཟེར་དུས་ཚོགས་གཙོའི་རྩིས་སྤྲོད་རྩིས་ལེན་ཆ་ཚང་ཚར་ནས་དུས་ཚོད་རིང་པོ་སོང་ཟིན་པ་རེད།

སྐབས་དེ་དུས་ཚོགས་པ་ཞིག་གསར་འཛུགས་བྱས་ན་ཡང་རང་དབང་རེད། ང་ལས་མེད་རེད། དུས་ཚོད་ཀྱི་ཆ་ནས་མང་པོ་ཡོད་པར་བརྟེན་ཚོགས་པ་དེ་གསར་འཛུགས་བྱས་པ་ཡིན། གསར་འཛུགས་བྱས་པ་དེས་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་། བོད་པའི་སྤྱི་ཚོགས་ནང་གནོད་ཡོད་པ་དེ་འདྲ་བྱེད་རྒྱུ་མ་བྱུང་། ད་དུང་གསལ་པོ་བྱས་ནས་ཞུ་རྒྱུ་ཞིག་ལ། ཚོགས་པ་དེ་གཉིས་གཅིག་སྤྱི་ཚོགས་ཀྱི་ལས་ཀ་དང་། གཅིག་ཆབ་སྲིད་ཀྱི་ལས་ཀ་རེད། དེ་གཉིས་དབར་གང་གི་ཐོག་ནས་ལྟ་ན་ཡང་འབྲེལ་བ་གང་ཡང་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན།
 
༧། གོང་གི་དྲི་བ་དང་མ་འབྲེལ་བར་ཁྱེད་རང་ལ་གལ་གནད་ཆེ་བའི་དགོངས་འཆར་གང་གསུང་རྒྱུ་ཡོད་དམ།

ལན། ཁ་ཤས་ཀྱིས་བོད་ཀྱི་སྤྱི་ཚོགས་ཞབས་ཞུ་ཁང་དེ་དཔལ་འབྱོར་བཟོ་ས་ཞིག་ལ་རྩི་ཡི་འདུག རྩ་བའི་དེ་འདྲ་གང་ཡང་མ་རེད། སྤྱི་ཚོགས་ཞབས་ཞུ་ཁང་རང་ལ་དམིགས་བསལ་གྱིས་འགྲོ་གྲོན་གང་ཡང་ཡོད་མ་རེད། འགྲོ་གྲོན་གང་ཡོད་པ་དེ། ང་རང་སྒེར་ལ་ཚོང་ཁང་ཞིག་དང་། འཚེམ་ཁང་ཆུང་ཆུང་ཞིག་ཡོད་པ་དེ་ནས་ཁང་གླ་སྤྲོད་ཐུབ་ཙམ་ཞིག་ཡོད་རེད་མ་གཏོགས་ཡོང་འབབ་གཞན་གང་ཡང་ཡོད་པ་མ་རེད།

སྤྱི་ཚོགས་ནང་དཀྲོག་གཏམ་བཟོས་ནས་མང་གཙོ་ཚོགས་པའི་སྦྱིན་བདག་འཕྲོག་པ་རེད་ཟེར་བ་དེ་འདྲ་བྱུང་ཡོད་པ་རེད། དེ་བདེན་པ་མ་རེད། རྒྱུ་མཚན་གང་ཡིན་ཟེར་ན་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྐབས་ཀྱི་ཚོགས་གཙོ་ཡིན་པའི་མི་དག་མང་གཙོ་ཚོགས་པ་རང་ལ་སྡོད་ཀྱི་རེད་མ་གཏོགས་ང་འགྲོ་བ་ཡིན་ན་མཉམ་དུ་ཁྲིད་རྒྱུ་དེ་འདྲ་གང་ཡང་ཡོད་པ་མ་རེད། ཡིན་ཡང་མི་དེ་དག་གིས་མ་འོངས་པར་ང་ལ་རོགས་པ་བྱས་པ་ཡིན་ན་བྱེད་མི་ཆོག་པ་གང་ཡང་ཡོད་པ་མ་རེད།

བོད་ཀྱི་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ལས་བྱེད་གཅིག་ལ་རོགས་པ་བྱེད་མཁན་དེ་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྦྱིན་བདག་གཅིག་པ་རེད། ཡིན་ཡང་དེ་འཕྲོག་པ་དེ་འདྲ་གང་ཡང་མ་རེད། སྔོན་མ་རྒྱལ་ཡོངས་མང་གཙོ་ཚོགས་པར་གང་གནང་གི་ཡོད་པ་དེ་གནང་གི་ཡོད་པ་རེད། དེ་ལས་ལྷག་པ་མ་གཏོགས་ཉུང་དུ་གནང་གི་ཡོད་པ་མ་རེད། ཡིན་ཡང་མ་འོངས་པར་ཁྱེད་རང་ལས་ཀ་གང་བྱས་ན་ཡང་རོགས་པ་བྱེད་ཀྱི་ཡིན་ཞེས་བཤད་ཡོད་དུས་ལོ་གཅིག་རིང་ལས་བྱེད་གཅིག་ལ་ཟླ་བ་རེའི་གླ་ཆ་ཞིག་གནང་སོང་། དེ་ལ་མི་མང་པོ་ཞིག་གིས་སྦྱིན་བདག་འཕྲོག་པ་རེད་ཟེར་བ་དེ་འདྲ་བཤད་ཀྱི་འདུག  དེ་བདེན་པ་མ་རེད་ཅེས་ཞུ་རྒྱུ་ཡིན།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།