བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

སྐུ་ཕྱྭའི་འགན་འཁུར་དེ་ཕྱོགས་གཉིས་ཀས་ཧུར་ཐག་ཞུ་མུས་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༡༩ཉིན་སྤེལ། ༧གོང་ས་མཆོག་གི་སྐུ་ཕྱྭའི་འགན་འཁུར་ཞུ་ཕྱོགས་སྐོར་ལ་རྒྱ་གར་གཞུང་དང་། བདེ་སྲུང་ལས་ཁུངས་ཕྱོགས་གཉིས་ཀས་ཐུན་མོང་གི་ངོས་ནས་འཐུས་ཤོར་མེད་པར་ཧུར་ཐག་ཞུ་མུས་སུ་ཡོད།

དེ་ཡང་འདི་གའི་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་ལ་མ་འོངས་པའི་བདེ་སྲུང་ལས་ཁུངས་ཀྱི་ལས་འཆར་དང་། ཡར་རྒྱས་གཏོང་ཕྱོགས་ཀྱི་སྐོར་ལ་བཅར་འདྲི་བྱས་པར་སྐུ་ངོ་མཆོག་གིས་གསུང་དོན།

༡། སྐུ་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས། ལན། 

ངའི་མིང་ལ་འཕགས་པ་ཚེ་རིང་ཟེར་གྱི་ཡོད། ཕྱི་ལོ་༡༩༦༥ལོར་བོད་མདོ་སྨད་བླ་བྲང་བསང་ཆུ་རྫོང་དུ་སྐྱེས་པ་རེད། ཆུང་དུས་ནས་སློབ་གྲྭ་འགྲེམས་རྗེས་ཕྱི་ལོ་༡༩༨༩ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་པ་དང་༩༢ ལོར་རྒྱ་གར་ལ་འབྱོར། ཕྱི་ལོ་༡༩༩༣ལོའི་ཟླ་བ་༤པའི་ནང་བོད་གཞུང་གི་ལས་བྱེད་བྱས་པ་དང་། བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དུ་མི་ལོ་༢༠་ལྷག་ལས་ཀ་བྱས་ནས་བསྡད་པ་ཡིན། དེའི་བར་ཐེ་ཝན་སློབ་ཆེན་ཞིག་ཏུ་རྒྱ་ནག་སྐམ་ས་ཆེན་མོའི་སྐོར་ལ་ལོ་གཉིས་རིང་སློབ་སྦྱོང་བྱས་པ་ཡིན། དེ་བཞིན་བདེ་སྲུང་ལས་ཁུངས་ཀྱི་འཛིན་སྐྱོང་དྲུང་ཆེ་ལས་འགན་ཞུ་མུར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐབས་ཤག་སྐབས་༡༥ པའི་བཀའ་བློན་གྱི་འོས་མིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོར་འདོན་གནང་མཛད་པ་ལྟར་གྲོས་ཚོགས་ནས་མང་མོས་ཀྱི་འོས་འདེམས་བྱུང་བ་གཞིར་བཟུང་བདེ་སྲུང་བཀའ་བློན་ལས་འགན་ཞུ་བཞིན་ཡོད།alt

༢། སྐུ་ཉིད་ནས་ཀྱིས་ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དང་དགོས་མཁོ་ལ་གཞིགས་སྟེ་བདེ་སྲུང་ལས་ཁུངས་ཐད་ཡར་རྒྱས་དང་འགྱུར་བ་གཏོང་དགོས་པ་གང་དང་གང་མཐོང་གི་ཡོད་དམ། ལན། 

གཙོ་བོ་ཆེ་ཤོས་བཅའ་ཁྲིམས་དགོངས་དོན་༧གོང་ས་མཆོག་གི་སྐུ་ཕྱྭའི་འགན་འཁུར་ཞུ་ཕྱོགས་སྐོར་རེད། དེའི་ཆེད་དུ་རྒྱ་གར་དབུས་ས་གཞུང་གཉིས་དང་། བདེ་སྲུང་ལས་ཁུངས་ཐུན་མོང་གི་ངོས་ནས་འཐུས་ཤོར་མེད་པར་ཧུར་ཐག་ཞུ་མུས་སུ་ཡོད།

༣། སྐུ་ཉིད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་ལ་འདེམས་ཐོན་བྱུང་བར་བརྟེན་བདེ་སྲུང་ལས་ཁུངས་ཀྱི་གནས་སྟངས་ཐད་དམིགས་བསལ་གྱི་ཕྱག་ལས་གནང་རྒྱུའི་འཆར་གཞི་གང་དང་གང་ཡོད་དམ། ལན།

 གཙོ་བོ་དེ་ངས་གོང་དུ་ཞུས་པ་དེ་ཡིན། བདེ་སྲུང་ལས་ཁུངས་ཀྱི་འགན་གཙོ་བོ་དེ་༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་གནས་དོན་དང་འབྲེལ་བའི་སྐོར་རེད། དེ་རྗེས་བོད་མིའི་སྒྲིག་འཛུགས་དང་། བོད་མིའི་འདུས་སྡོད་ས་ཁུལ་ཁག་གི་སྤྱི་ཚོགས་བདེ་འཇགས་ལ་དོ་སྣང་བྱེད་རྒྱུ་དང་། ཞོར་དུ་གནས་ཚུལ་གང་ཡོད་ཀྱང་ལྟ་ཞིབ་དང་ཉམས་ཞིབ་བྱེད་རྒྱུ་དེ་རེད། 

༤། གཞན་གལ་གནད་ཆེ་བའི་དགོངས་འཆར་ཡོད་དམ། ལན། 

དེང་སྐབས་སྤྱི་ཚོགས་དྲ་རྒྱ་དེ་ཧ་ཅང་གི་ཡར་རྒྱས་འགྲོ་བ་དང་ཆབས་གཅིག་བདེན་པ་མིན་པའི་སྤྱི་ཚོགས་བརྡབ་སིག་འགྲོ་ཉེན་གནས་ཚུལ་དང་།  ༧གོང་ས་མཆོག་ལ་མཚན་སྨད་ཞུ་བ་དང་། བོད་མིའི་སྒྲིག་འཛུགས་ལ་གཞི་མེད་སྐྱོན་བརྗོད་མང་པོ་ཞིག་ཡོང་གི་ཡོད་པ་དེ་ཡག་པོ་ཞིག་མ་རེད་བསམ་གྱི་འདུག གཞི་རྩ་མེད་པའི་སྐྱོན་བརྗོད་དང་། མཚན་སྨད་ཞུ་བ་དེ་ལ་བོད་པ་ཚང་མས་དོ་སྣང་བྱེད་དགོས་པ་ཞིག་རེད་ཞུ་རྒྱུ་ཡིན།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།