བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ཕྲུ་གུ་བཞི་ནས་ལྔ་བར་སྐྱེས་མཁན་ཚོར་བཀག་འགོག་མ་གནང་རོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༡༢ཉིན་སྤེལ། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་བཟའ་ཚང་སུ་དང་སུ་ཡིན་ཡང་ཕྲུ་གུ་བཞི་ནས་ལྔ་བར་སྐྱེས་མཁན་ཚོར་བཀག་འགོག་མ་གནང་རོགས། ཕྲུ་གུ་བཙའ་ཐབས་གནང་རོགས་ཞུ་རྒྱུ་ཡིན།


དེ་ཡང་འདི་གའི་གསར་འགོད་པས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་སུ་མ་འོངས་པའི་ལས་འཆར་དང་། ཚོགས་པའི་གནས་སྟངས་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་གཤམ་གསལ།
༡། ཚོགས་གཙོ་ལགས་ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས། ལན། 

ངའི་མི་ང་ལ་སྒྲོལ་མ་དབྱངས་ཅན་ཟེར་གྱི་ཡོད། ངའི་མི་ཚེ་གང་པོ་སྤྱི་ཚོགས་ནང་ལས་ཀ་བྱས་ནས་བསྡད་པ་རེད། ཆུང་དུས་མ་སུ་རི་བོད་གཞུང་སློབ་གྲྭ་འགྲེམས། དེ་རྗེས་མ་སུ་རི་རང་ལ་ཡོད་པའི་དབྱིན་ཇིའི་སློབ་གྲྭར་ཕྱིན། དེ་མཐར་ཕྱིན་རྗེས་བྷེང་ལོར་རུ་སློབ་སྦྱོང་བྱེད་དུ་ཕྱིན། སྐབས་དེར་སློབ་སྦྱོང་བྱེད་པའི་སྐབས་སུ་གཞིས་ཆགས་ཁག་གསུམ་༼བྷལ་ཀོབ་ཏུ་ཡོད་པའི་བདེ་སྐྱིད་སླར་གསོ། ཧོན་སུར་རབ་རྒྱས་གླིང་། ཀོ་ལི་གྷལ་དོན་ལྡན་གླིང་། ༽གི་སྦྱིན་བདག་ཚོགས་པ་ཆེ་ཤོས་དེ་བྷེང་ལོར་རུ་ཡོད་རེད། དེ་ལ་ལས་གཞི་རྒྱ་ཆེན་པོ་ཡིན་ན་ཡང་བོད་པའི་ལས་བྱེད་དེ་ཡིན་ཟེར་ནས་ཡོད་མ་རེད། སྐབས་དེར་རྒྱ་གར་བྱང་ཕྱོགས་ནས་སློབ་ཐོན་བྱུང་བའི་བོད་པའི་སློབ་ཕྲུག་མང་པོ་ཞིག་བྷེང་ལོར་རུ་སློབ་གྲྭར་ཡོང་སྐབས་ཚོགས་པ་དེས་རོགས་པ་བྱེད་ཀྱི་ཡོད་པ་རེད། སྐབས་དེར་ང་རང་ཆུང་ཆུང་ཡིན།  ཡིན་ཡང་ཚོགས་པའི་ངོས་ནས་བོད་པ་མེད་ཙང་ལས་ཀ་བྱེད་རོགས་གནང་ཟེར་ནས་ངས་ལས་ཀ་བྱེད་རྒྱུ་འགོ་རྩོམ་གནང་བ་རེད། སྐབས་དེར་སློབ་ཕྲུག་ཚོ་མཐོ་རིམ་སློབ་གྲྭའི་ནང་འཛུལ་ཞུགས་བྱེད་རྒྱུར་རོགས་རམ་དང་། སྡོད་སར་དཀའ་ངལ་སེལ་རོགས་བྱེད་པ་ལ་སོགས་པར་རོགས་པ་བྱེད་ཀྱི་ཡོད་པ་རེད། དེ་རྗེས་བྷལ་ཀོབ་གཞིས་ཆགས་ལུགས་བསམ་བསམ་གྲུབ་གླིང་དུ་ས་གནས་ལས་བྱེད་ཀྱི་དཀའ་ངལ་བྱུང་བར་བརྟེན་ས་གནས་གཞི་འགོ་ནས་འབོད་བསྐུལ་གནང་བ་བཞིན་བཅར་ཡོད། ལས་ཀ་གཙོ་བོ་དེ་འཆར་འགོད་དང་། རྒན་འཁོགས། བུ་ཕྲུག་ཉམ་ཐག་མང་པོ་ཞིག་ལ་རོགས་པ་བྱེད་དགོས་པ་རེད།alt

གཞིས་ཆགས་མི་མང་གི་འཚོ་བ་བསྐྱལ་སྟངས་གཙོ་བོ་དེ་ས་ཞིང་འདེབས་ལས་བྱེད་དགོས་པ་དེ་རེད། སྐབས་དེར་མི་མང་ཚང་མ་དབྱར་ཁ་ཆར་པའི་ཆུ་དེ་སྒུག་བསྡད་པ་མ་གཏོགས་གཞན་ལོ་ཏོག་འདྲ་མིན་འདེབས་འཛུགས་བྱེད་པའི་མཐུན་རྐྱེན་མེད་པ་རེད། ཕྱིས་སུ་ང་ཚོས་ཕྱི་རྒྱལ་ནས་སྦྱིན་བདག་བརྩལ་བ་དང་། སྐབས་རེ་ང་ཚོས་ནང་སྲིད་བརྒྱུད་ནས་རོགས་ཚོགས་ཡག་པོ་དེ་འདྲ་བརྩལ་ཏེ་ཞིང་ཆུ་འདྲེན་རྒྱུར་ཐབས་ཤེས་བྱས་ཏེ་མཇུག་ཏུ་ཞིང་ཁ་ཕོན་ཆེན་ཞིག་ལ་ཞིང་ཆུ་འདྲེན་ཐུབ་པ་བཟོས་ཏེ་མི་མང་གི་འཚོ་བ་བསྐྱལ་སྟངས་དེ་ལས་སླ་པོ་དང་། ལོ་རེ་བཞིན་ཡོང་འབབ་མང་དུ་གཏོང་བའི་ཐབས་ཤེས་མང་པོ་ཞིག་བྱས་ཡོད་པ་རེད། དེའང་ཐོག་མར་གཞིས་ཆགས་ཁག་ནང་སླེབས་སྐབས་མཐུན་རྐྱེན་མང་པོ་མེད་འདུག རྗེས་སུ་ང་ཚོས་མཐུན་རྐྱེན་ཚང་མ་ཇེ་ལེགས་སུ་བཏང་སྟེ། དཔེར་ན། བོད་གཞུང་སློབ་གྲྭའི་ནང་རྒྱ་གར་གཞུང་གིས་རོགས་རམ་གཏོགས་ཙམ་ཡོད་པ་དེས་འདང་གི་ཡོད་མ་རེད། དེའི་ཐོག་ང་ཚོས་སྦྱིན་བདག་བརྩལ་ནས་སློབ་ཕྲུག་ཚོའི་ཁ་ལག་ཡག་ཏུ་གཏོང་ཡག་ལ་སོགས་པའི་ལས་ཀ་ཤུགས་ཆེན་པོ་བྱས་ཡོད་ཞུ་རྒྱུ་ཡིན། དེ་དང་མཉམ་དུ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་བྱས་པ་རེད། དེ་རྗེས་ཚོགས་གཙོ་ཐེངས་མ་ཁ་ཤས་བྱས་པ་ཡིན། དེ་རྗེས་དབུས་རྒྱུན་ལས་ནང་སླེབས་ཡོད་ན་ཡང་ཡར་བཅར་ཐུབ་མེད་པར་བརྟེན་ས་གནས་ཕྱོགས་བཞུགས་རྒྱུན་ལས་བྱས་པ་རེད།  དེ་རྗེས་བདེ་སྐྱིད་སླར་གསོ་མི་མང་གིས་འོས་འདེམས་བྱུང་བ་བཞིན། གཞིས་ཆགས་ཀྱི་འགན་འཛིན་ལྷན་ཚོགས་ནང་ཞབས་ཕྱི་ཞུས་པ་ཡིན། ལས་ཀ་བྱེད་བཞིན་པའི་སྐབས་དེར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོར་བཅར་དགོས་བྱུང་པ་རེད།

༢། ཚོགས་གཙོ་ལགས་ཀྱིས་ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་དང་དགོས་མཁོ་ལ་གཞིགས་ཏེ་ལྷན་ཚོགས་ལ་ཡར་རྒྱས་དང་འགྱུར་བ་གཏོང་དགོས་པ་གང་དང་གང་མཐོང་གི་ཡོད་དམ། ལན།

ག་དུས་ཡིན་ཡང་ང་ཚོས་ཡར་རྒྱས་གཏོང་དགོས་པ་ཞིག་ཆགས་ཡོད་རེད། ད་ལྟའི་ཆར་བོད་ཀྱི་བུད་མེད་ལྷན་ཚོགས་འདི་སྤྱི་ཚོགས་ནང་བོད་ཀྱི་བུད་མེད་ཀྱི་ཚོགས་པ་ཤུགས་ཆེ་ཤོས་དང་། ཕན་ཐོགས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ད་དུང་ནུས་སྟོབས་སྤེལ་རྒྱུའི་ལས་འགུལ་ལ་ཆ་བཞག་པ་ཡིན་ན། ལོ་རེ་བཞིན་བུད་མེད་སློབ་སྦྱོང་ཡོད་པ་ཚོས་ནུས་སྟོབས་ཤུགས་ཆེ་བ་སྤེལ་རྒྱུ་དང་། བུད་ཚོའི་སྤྱིོ་ཚོགས་ཀྱི་སྡིངས་ཆ་བསྐྲུན་རྒྱུ། སྤྱི་ཚོགས་ནང་ཕན་ཐོགས་པའི་ཆེད་དུ་བུད་མེད་ལོ་གཞོན་ཤེས་ཡོན་ཡོད་པ་ཚོར་ནུས་སྟོབས་སྤེལ་རྒྱུའི་ཆེད་དུ་ཤུགས་རྒྱབ་ཀྱིན་ཡོད། ལོ་རེ་བཞིན་ང་ཚོས་ནུས་སྟོབས་སྤེལ་རྒྱུའི་ཟབ་སྦྱོང་ཞིག་སྤྲད་ཀྱི་ཡོད་པར་བརྟེན། དེས་བུད་མེད་ཀྱི་ནང་ལ་བསམ་བློ་གཏོང་སྟངས། ལས་ཀ་བྱེད་ཕྱོགས། སྤྱི་ཚོགས་ནང་ཕན་ཐོགས་པའི་བསམ་བློ་གཏོང་ཕྱོགས་ལ་ཕན་ཐོགས་བྱུང་གི་འདུག་བསམ་གྱི་ཡོད། དེ་བཞིན་བཙུན་མ་དེ་དག་ལ་ཡང་ང་ཚོས་དེ་ལ་དཔག་པའི་ཟབ་སྦྱོང་སྤྲད་ཀྱི་ཡོད། སྔོན་མ་ཡིན་ན་བཙུན་མ་ཟེར་དུས་དགོན་པའི་ནང་དཔེ་ཆ་ལྟ་བ་མ་གཏོགས་གོ་རྒྱུ་ཚོར་རྒྱུ་རྩ་བ་ནས་མེད་པ་འདྲ་བོ་རེད། ཕྱིས་སུ་ང་ཚོས་ཟབ་སྦྱོང་སྤྲད་པར་བརྟེན་བཙུན་མ་ཚོ་ཡང་བོད་པའི་བུད་མེད་ཚོ་ནང་འདྲ་འདྲར་སླེབས་ཐུབ་ཀྱི་ཡོད་པ་རེད།

གཞན་ཡང་ད་ལྟའི་ཆར་དགེ་བཤེས་མའི་ཡིག་རྒྱུགས་གཏོང་རྒྱུའི་གོ་སྐབས་ཤིག་ཐོབ་པ་དེ་ཡང་ང་ཚོ་བོད་ཀྱི་བུད་མེད་ཚོར་བསྐལ་པ་བཟང་པོ་ཞིག་རེད་བསམ་གྱིན་ཡོད།  བོད་པ་ཚོ་མང་གཙོའི་ལམ་བུར་བསྐྱོད་སྐབས་མི་རེ་ངོ་རེར་འོས་འགན་ཡོད་རེད། དབང་ཆ་དང་ཐོབ་ཐང་ཞིག་རགས་རྒྱུ་ཡོ་པ་རེད། ཐོབ་ཐང་ཤ་སྟག་བླངས་ཏེ་འགན་རྩ་བ་ནས་མ་བླངས་པ་ཡིན་ན་མང་གཙོའི་ནང་གི་མི་ཞིག་ཡིན་པ་ང་ཚོས་ངོས་འཛིན་བྱེད་ཀྱི་མེད་དབུས་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་འགྲོ་གྲོན་ཚང་མ་བཏང་ནས་གང་ལ་མང་གཙོའི་འགྲོ་སྟངས་དང་། གང་ལ་མང་གཙོ་ཟེར་གྱི་ཡོད་མེད་ཟབ་སྦྱོང་སྤྲོད་ཀྱི་ཡོད་རེད་ལ་མཐའ་མཇུག་འོས་བསྡུའི་སྐབས་ལ་ཡིན་ཡང་ཕན་ཐོགས་བྱུང་གི་འདུག་བསམ་པ་ཞིག་ཡོད། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་མི་མང་གི་དབུ་ཁྲིད་ཡག་པོ་ཡོང་རྒྱུར་གལ་ཆེན་པོ་ཞིག་བརྩི་ཡི་ཡོད། དེ་བཞིན་སྔོན་མ་ཡིན་ན་བོད་ནས་བུད་མེད་ཧྲང་ཧྲང་སྐྱོ་བོ་མང་པོ་ཞིག་རྒྱ་གར་ལ་སླེབས་ཏེ་འགྲོ་ས་དང་སྡོད་ས་ཡོད་མ་རེད། དེ་ཚོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དགུ་བཅུ་གསུམ་ཉེ་འགྲམ་དུ་འཚེམ་བཟོ་ཁང་ཆུང་ཆུང་ཞིག་བཙུགས་ཏེ་ཟླ་བ་བཅོ་བརྒྱད་ཀྱི་རིང་སློབ་སྦྱོང་སྤྲོད་ཀྱི་ཡོད་རེད། ཡིན་ཡང་ཕྱིས་སུ་བོད་ནས་སླེབས་མཁན་ཧ་ཅང་ཉུང་དུ་ཕྱིན་འདུག ང་ཚོའི་ངོས་ནས་བོད་ཀྱི་བུད་མེད་ཡིན་ཕྱིན་དཀའ་ངལ་འཕྲད་སྐབས་ལྟ་རྟོག་བྱེད་རྒྱུ་གལ་ཆེན་པོར་བརྩི་ཡི་ཡོད།

ད་ལྟའི་བརྩི་གཞིར་བུད་མེད་འཚེམ་བཟོ་སློབ་སྦྱོང་བྱེད་བཞིན་པ་ལྔ་ཡོད། སློབ་སྦྱོང་བྱེད་པའི་རིང་ཟླ་བ་རེར་ཧིན་སྒོར༢༤༠༠རྩ་གེ་རྩིག་གེ་ཉོ་བྱེད་སྤྲོད་ཀྱི་ཡོད་པ་རེད། འཚེམ་བཟོ་ཁང་གི་འགྲོ་འགྲོན་ཚང་མ་ཚོགས་པས་གཏོང་གི་ཡོད་པ་རེད། བུད་མེད་འཚེམ་བཟོ་བ་གསར་པ་ཞིག་སླེབས་སོང་ན་དེ་ལ་འཁོར་ལོ་འཚེམ་བུ་གཅིག་སྤྲད་ཀྱི་ཡོད་པ་རེད། མཐའ་མ་འཚེམ་བཟོ་སློབ་སྦྱོང་ཚར་རྗེས་འཁོར་འཚེམ་དེ་མོ་རང་ལ་སྤྲོད་ཀྱི་ཡོད་པ་རེད། ཡང་སྐབས་དང་དུས་ལ་བུད་མེད་མང་པོ་ཞིག་ཁྱོ་གས་བརྙས་བཅོས་བཏང་བ་དང་། སྤྱི་ཚོགས་ནང་དཀའ་ངལ་ཡོད་པ་དེ་འདྲ་མང་པོ་ཞིག་འདི་ལ་ཡོང་གི་ཡོད་པ་རེད། དེ་དག་ཚང་མར་ལྷན་ཚོགས་ཀྱི་ངོས་ནས་བསླབ་བྱ་རྒྱབ།ལས་ཀ་འཚོལ་བ་ལ་སོགས་དེ་དག་ཚང་མ་ང་ཚོས་ལྟ་རྟོག་བྱད་ཀྱི་ཡོད་པ་རེད།
གཞན་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཁོར་ཡུག་དེ་ལ་གལ་ཆེན་པོ་བྱེད་ཀྱི་ཡོད། ཨི་ཤི་ཡའི་ཆུའི་ཐོན་ཁུངས་གཙོ་བོ་བོད་ནས་ཡིན་ཙང་བོད་ཀྱི་ཁོར་ཡུག་དེ་ཧ་ཅང་གི་གལ་ཆེན་པོ་བྱེད་ཀྱི་ཡོད། རྒྱ་ནག་གཞུང་ལ་ཆ་བཞག་ན་གཏོར་སྐྱོན་ཤ་སྟག་བྱེད་པ་ལས་སྲུང་སྐྱོབ་ཀྱི་ལས་ཀ་རྩ་བ་ནས་བྱེད་ཀྱི་མེད་པ་རེད།  དེའི་སྐོར་འཛམ་བུ་གླིང་གི་རྒྱལ་ཁབ་ཁག་སོ་སོའི་དབུ་ཁྲིད་དང་མི་མང་བཅས་ཚང་མར་བུད་མེད་ཚོགས་པའིོ་ངོས་ནས་བོད་ཀྱི་གནས་སྟངས་དེ་དག་ཁྱབ་ཐུབ་པ་བྱེད་ཀྱི་ཡོད་ཅེས་ཞུ་རྒྱུ་ཡིན།

ན་ནིང་ཧྥ་རན་སིར་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་སྐོར་ལ་ཚོགས་ཆེན་ཞིག་ཚོགས་ཡོད་པ་རེད། ཚོགས་འདུ་དེའི་ནང་འཛམ་གླིང་རྒྱལ་ཁབ་ཁག་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་རེད་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། སྒེར་པ་མང་པོ་ཞིག་ཚོགས་བཅར་ཞུས་ཡོད་པ་རེད། དེའི་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཁོར་ཡུག་འགན་འཛིན་དམིགས་སུ་བཀར་ནས་ཚོགས་ཆེན་དེའི་ནང་མཉམ་ཞུགས་གནང་ཡོད་པ་རེད། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམ་པའི་ཆེད་དུ་སོན་རྩ་རྣམས་ལ་སློབ་སྦྱོང་གི་ཐོག་ལ་རོགས་པ་བྱེད་ཀྱི་ཡོད་རེད་ལ་སྐད་ཡིག་དང་ཀུན་སྤྱོད་ཀྱི་ཐོག་ལ་ས་གནས་གཞིས་ཆགས་ཁག་གི་བུད་མེད་རྒྱུན་ལས་ཚོ་བརྒྱུད་ནས་བུ་ཕྲུག་ཚོའི་ཕ་མར་སློབ་སྟོན་གནང་གི་ཡོད་ཅེས་ཞུ་རྒྱུ་ཡིན།

༣། ཁྱེད་ཉིད་ཚོགས་གཙོ་གསར་པར་འོས་འདེམས་བྱུང་བ་རེད། མ་འོངས་པར་དམིགས་བསལ་གྱི་ཕྱག་ལས་གནང་རྒྱུའི་འཆར་གཞི་གང་དང་གང་ཡོད་དམ། ལན། 

གཙོ་ཆེ་ཤོས་དེ་ང་ཚོ་བོད་མིའི་མི་འབོར་དེ་ཉུང་དུ་འགྲོ་ཡི་ཡོད་པ་དེ་ལ་༧གོང་ས་མཆོག་གིས་ཐུགས་འཚབ་གནང་གི་ཡོད་རེད། དེ་བཞིན་ང་ཚོ་ཡང་ཚོགས་པ་གཅིག་ཡིན་པའི་ཆ་ནས་སེམས་འཚབ་ཡོད། དེར་བརྟེན་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པའི་སྐབས་གྲོས་ཆོད་ཅིག་བྱུང་བ་རེད། བོད་མིའི་ནང་དགུང་ལོ་གཞོན་པ་ཆང་ས་རྒྱབ་ཚར་བ་ཚོས་ཕྲུ་གུ་བཀག་འགོག་མ་གནང་རོགས་གནང་། འོན་ཀྱང་བཀག་འགོག་བྱེད་ཆོག་གི་མ་རེད་ཟེར་ནས་ང་ཚོས་བཀའ་གཏོང་རྒྱུ་དེ་འདྲ་གང་ཡང་ཡོད་མ་རེད། འོན་ཀྱང་མང་པོ་ཞིག་དཀའ་ངལ་ལ་ཐུག་ནས་ཕྲུག་གུ་མང་པོ་བཙའ་ཡི་ཡོད་མ་རེད། དེ་འདྲ་བྱས་པ་ཡིན་ན་ང་ཚོ་བོད་པའི་མི་རིགས་དེ་སྟོང་རྒྱུར་ཉེན་ཁ་ཧ་ཅང་ཆེན་པོ་རེད། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ད་ལྟའི་ཚོགས་ཆེན་དེའི་ཐོག་བཀའ་མོལ་ཡོང་གི་རེད། བཟའ་ཚང་སུ་དང་སུ་ཡིན་ཡང་ཕྲུ་གུ་བཞི་ནས་ལྔ་བར་སྐྱེས་མཁན་ཚོར་བཀག་འགོག་མ་གནང་རོགས། ཕྲུ་གུ་བཙའ་ཐབས་གནང་རོགས་ཞུ་རྒྱུ་ཡིན།

ཕྲུ་གུ་སྐྱེས་པ་ནས་ལྷན་ཚོགས་ཀྱི་ངོས་ནས་ཕྲུ་གུའི་སློབ་སྦྱོང་ཐད་དབུས་ས་གཉིས་ཀྱིས་རོགས་རམ་གནང་རྒྱུ་ཡིན་ཞེས་ཞུས་ཡོད། དེ་ཞུས་པ་ཙམ་གྱིས་འགྲིག་ཐབས་མེད་པ་རེད། ཚོགས་པ་རང་ལ་དངུལ་རྡོག་རྡོག་སྟོན་རྒྱུ་མེད། ད་ལྟ་བར་ང་ཚོས་ལས་གཞི་གང་འདྲ་ཞིག་བྱས་ན་ཡང་ཕྱི་རྒྱལ་གྱི་རོགས་ཚོགས་ལ་ཞུ་ཡི་ཡོད་མ་རེད། ད་ཆ་ང་ཚོ་བོད་པའི་མི་འབོར་ཉུང་དུ་འགྲོ་ཡི་འདུག་ཅེས་ཕྱི་རྒྱལ་མི་རིགས་དང་རྒྱལ་ཁབ་ལ་ཞུ་ས་ཡོད་མ་རེད། གང་ཡིན་ཟེར་ན་ཕྱིའི་རྒྱལ་ཁབ་གང་དུ་ཡིན་ཡང་མི་འབོར་ཉུང་དུ་གཏོང་གི་ཡོད་པ་རེད། ང་ཚོའི་རྩིས་གཞི་དེ་ལ་མི་འབོར་དགོས་ཀྱི་ཡོད་རེད། ང་ཚོ་འུ་ཐུག་ཡོད་རེད།

དེར་བརྟེན་བོད་པའི་སྤྱི་ཚོགས་རང་ནང་དཔལ་འབྱོར་ཡོད་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་ཡིན་ཡང་དེ་དག་གིས་དཔལ་འབྱོར་བསྡུ་རུབ་བྱེད་རྒྱུའི་ལས་འགན་དེ་གལ་ཆེན་པོ་རེད་བསམ་གྱི་འདུག བུད་མེད་ལྷན་ཚོགས་ཡོད་སའི་ས་གནས་ཁག་ལྔ་བཅུ་ང་དྲུག་ཡོད་པ་རེད། ཉེ་ཆར་གསར་པ་ཞིག་བཅུག་པ་ཡིན། དེ་སྡོམ་ན་ལྔ་བཅུ་ང་བདུན་ཆགས་ཡོད་པ་རེད། དེ་དག་གི་ནང་ནས་ཉུང་ཤོས་ལ་ཁྱིམ་ཚང་རེ་རེའི་ནང་ནས་ཕྲུ་གུ་གཅིག་ནས་གཉིས་བར་བཙའ་སྲིད་པ་རེད། དེ་རྗེས་ཁྱིམ་ཚང་གི་ཕྲུ་གུ་ཚོ་བོད་ཁྱིམ་སློབ་གྲྭར་གཏོང་བའི་སྐབས་ལ་ཡིན་ཡང་དཀའ་ངལ་དེ་ཙམ་ཡོད་ཀྱི་མ་རེད། ཕྱི་ལ་མཐོ་སློབ་གཏོང་དགོས་དུས་འགྲོ་སོང་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། སྐབས་དེ་དུས་བོད་པའི་སྤྱི་ཚོགས་ནང་དཔལ་འབྱོར་ཡོད་པ་ཚོས་ང་ཚོ་ལ་རོགས་པ་གནང་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་འདུག་ལ་ང་ཚོས་བོད་པ་དཔལ་འབྱོར་ཡོད་མཁན་ཚོ་ལ་རོགས་རམ་གནང་རོགས་ཞུ་རྒྱུའི་དམིགས་ཡུལ་གཅིག་ཡོད། དེ་ང་ཚོའི་མི་འབོར་འཕེལ་རྒྱས་ཡོང་རྒྱུའི་ལས་འགུལ་གཅིག་ཡིན།

ད་ལྟའི་ཆར་བོད་ཀྱི་བུད་མེད་ལྷན་ཚོགས་འདི་ཚང་མས་ཡིད་ཆེས་དང་བློ་འགེལ་གནང་སའི་ཚོགས་པ་ཞིག་རེད། དེར་བརྟེན་ང་ཚོའི་ངོས་ནས་ཚོགས་པ་འདི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དང་། ལས་འགུལ་རྒྱ་ཆེ་རུ་གཏོང་རྒྱུར་ང་ཚོས་ག་དུས་ཡིན་ཡང་ཐབས་ཤེས་བྱེད་ཀྱི་ཡོད། གཞན་དགུང་ལོ་བགྲེས་པོ་ཚོར་ལྟ་རྟོག་བྱེད་དགོས་པ་དེ་གལ་ཆེན་པོ་ཆགས་ཀྱི་འདུག གང་ཡིན་ཟེར་ན་ཕྲུ་གུ་ཚར་ལོངས་བྱུང་རྗེས་ས་ཐག་རྒྱང་ནས་ཕྱིན། ཕྱིས་སུ་ཕྲུ་གུ་དེས་ཕ་མར་དངུལ་གཅིག་པུ་བཏང་ན་འགྲིག་གི་རེད་བསམ་པ་ཡིན་དུས་སྤྱི་ཚོགས་ནང་འགྲིག་གི་མེད་པ་རེད། གང་ལྟར་མི་ལོ་རྒན་ཞིག་ཡིན་ཡང་། ནད་པ་ཞིག་ཡིན་ཡང་ཞབས་ཕྱི་ཞུ་མཁན་ཞིག་མེད་ན་དངུལ་གཅིག་པུས་འགྲིག་ཐབས་མེད་པ་རེད། དེའི་ཐོག་ང་ཚོས་སློབ་སྟོན་བྱེད་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཡོད་རེད་བསམ་གྱིན་ཡོད་ལ་དེ་བཞིན་བུད་མེད་མཐོ་སློབ་ཐོན་རྗེས་རིགས་གཅིག་རྐང་འཛིན་ཐོག་སློབ་སྦྱོང་བྱེད་མཁན་ཡོད་ན་ཚོགས་པའི་ངོས་ནས་དངུལ་བསགས་ཏེ་ཁོང་ཚོར་རོགས་པ་བྱེད་ཀྱི་ཡོད་པ་རེད།

༤། འཆར་གཞི་དེ་གཅིག་ནས་ལྔ་ཡང་ན་བཅུ་བར་གསུང་རོགས་གནང་། ལན། 

དང་པོ། མོ་འབོར་དེ་ཡིན། སྔོན་མ་ཡོད་བཞིན་པའི་ལས་གཞི་མང་པོ་ཞིག་ད་ཆ་འགྲོ་བཞིན་པ་དེ་དག་མཐའ་སྐྱོང་དགོས་པ་དེ་གལ་ཆེན་པོ་རེད་འདུག གཉིས་པ། ཕྱི་རྒྱལ་ཁག་ལ་ཚོགས་པའི་ཡན་ལག་བཙུགས་ཐུབ་པ་ཡིན་ན་ང་ཚོའི་ཆོས་དང་རིག་གཞུང་ལ་ཉམ་ཆགས་མི་འགྲོ་བ་དང་། སོན་རྩ་དེ་དག་ལ་ཡང་མ་འོངས་པར་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱབ་སྐྱོར་ཤུགས་ཆེ་བ་བྱེད་ཐུབ་ཀྱི་རེད་དྲན་གྱི་ཡོད། གསུམ་པ། དུས་འཁོར་དབང་ཆེན་ལ་ཆ་བཞག་ན་བུད་མེད་ཀྱིས་སྤྱི་ཚོགས་ཞབས་ཕྱི་ཤུགས་ཆེན་པོ་ཞུ་ཡི་ཡོད་རེད། ཡུལ་ལུང་གང་དང་གང་ནས་ཆོས་ཞུ་བ་ཕེབས་ཡོད་པ་དེ་དག་ལ་ང་ཚོ་ཚོགས་པའི་ངོས་ནས་བོད་པའི་གནས་སྟངས། འཕྲོད་བསྟེན། མ་དང་བྱིས་པའི་སྐོར་བཅས་བུད་མེད་ཀྱིས་སྤྱི་ཚོགས་ནང་ཞབས་འདེགས་ཇི་ལྟར་ཞུ་དགོས་ཡོད་མེད་སློབ་སྟོན་བྱེད་པ་སོགས་ཀྱི་ལས་འགུལ་ཤུགས་ཆེན་པོ་སྤེལ་ཡོད་རེད།

བཞི་པ། ལོ་རེ་བཞིན་ཕྱི་རྒྱལ་གྱི་སློབ་ཕྲུག་ཉི་ཤུ་ནས་སུམ་ཅུ་ཆད་མེད་བུད་མེད་ལྷན་ཚོགས་ལ་བཅར་གྱི་ཡོད་པ་རེད་ལ་ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་ཕྱི་རྒྱལ་གྱི་གསར་འགོད་པ་དེ་འདྲ་འདི་ལ་བཏང་ཡོང་གི་འདུག  དེ་དག་ལ་བོད་པའི་གནས་སྟངས་དང་། བོད་པའི་བུད་མེད་ཀྱི་གནས་སྟངས། བོད་པ་སྐྱབས་བཅོལ་བའི་གནས་སྟངས་བཅས་ཀྱི་སྐོར་ལ་འགྲེལ་བཤད་རྒྱབ་ཀྱི་ཡོད་ལ་ཕན་ཐོགས་ཡོང་གི་རེད་བསམ་གྱི་ཡོད། ཚོགས་པ་སུ་དང་སུ་ཡིན་ཡང་ང་ཚོས་དུས་ཚོད་བཟོས་ནས་ཆུ་ཚོད་ཕྱེད་ཀ་ལྷག་རིང་གཏམ་བཤད་བྱེད་ཀྱི་ཡོད།

༥། ཚོགས་ལ་ཉེ་བའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་སྐོེར་ལ་ངོ་སྤྲོད་ཅིག་གནང་རོགས། ལན། 

རེད། འགན་འཛིན་ལྷན་ཚོགས་དེ་ཟླ་བ་༡༨ནང་ཐེངས་མ་རེ་ཚོགས་ཀྱི་ཡོད་པ་རེད། དེ་ཡང་ག་པར་ཚོགས་ཀྱི་ཡོད་མེད་ཚོགས་ཆེན་དེའི་སྐབས་ལ་ཐག་གཅོད་གནང་གི་རེད། ད་ལོའི་རྩིས་གཞི་དེ་ཧོན་སུར་གཞིས་ཆགས་ངོས་ནས་འཚོགས་གནང་གི་ཡོད་རེད། འོན་ཀྱང་ད་ལྟའི་འགན་འཛིན་ལྷན་ཚོགས་དེ་ཟླ་བ་བཅོ་བརྒྱད་ཕྱིན་ཡོད་མ་རེད། ང་ཚོས་ཕར་ཚུར་གཏོགས་ཙམ་བསྟུན་དགོས་ཀྱི་འདུག ཕྱི་ཟླ་༩པའི་ནང་གཞིས་ཆགས་ས་གནས་ཁག་གི་བོད་མི་མང་ཆེ་བ་དགུན་ཚོང་གཉེར་དུ་ཕེབས་ཀྱི་ཡོད་པ་རེད། དེ་བཞིན་བུད་མེད་ལྷན་ཚོགས་ཀྱི་ནང་ནས་ཚོང་ལ་ཕེབས་མཁན་མང་པོ་ཡོད་རེད། དེར་བརྟེན་ང་ཚོས་དུས་ཚོད་གཏོགས་ཙམ་ཡར་སྐུམ་དགོས་ཀྱི་འདུག དེར་བརྟེན་ད་ལྟའི་འཆར་གཞི་དེ་ཕྱི་ཟླ་༨པའི་ཚེས་༨ནས་༡༣བར་ས་གནས་གཞིས་ཆགས་ཧོན་སུར་རབས་རྒྱས་གླིང་གཞིས་ཆགས་ནང་ཚོགས་གཏན་འཁེལ་ཡོད་པ་རེད། ད་ལྟ་ས་གནས་༥༨ཡོད་པ་རེད། ས་ཆ་ཁ་ཤས་ལ་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་རེད། ད་ལོར་ལ་དྭགས་ནས་ཕེབས་ཐུབ་ཀྱི་མེད་པ་རེད། གང་ཡིན་ཟེར་ན་༧གོང་ས་མཆོག་ལ་དྭགས་ལ་ཆིབས་བསྒྱུར་གནང་ཡོད་པ་རེད། གཞན་ས་གནས་ཚང་མ་ནས་ཚོགས་གཙོ་དང་དྲུང་ཆེ་དང་། དྲུང་གཞོན་ཚང་མ་ཕེབས་ཀྱི་ཡོད་པ་རེད།

༦། ཚོགས་ཆེན་དེའི་ནང་ས་གནས་ག་ཚོད་དང་། ཚོགས་མི་ག་ཚོད་ཙམ་མཉམ་ཞུགས་གནང་གི་ཡོད་དམ། ལན། ས་གནས་དེ་ངས་གོང་དུ་བཤད་ཟིན་པ་ལྟར་༥༧ཡོད་པ་རེད། གོ་མཐོས་ལྟར་ན་ས་གནས་གསུམ་བཞི་ཞིག་ཕེབས་ཐུབ་ཀྱི་མེད་པ་རེད་འདུག ཚོགས་མི་༡༢༥ཙམ་ཕེབས་ཀྱི་ཡོད་པ་རེད།

༧། གོང་གི་དྲི་བ་དང་མ་འབྲེལ་བར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་པའི་གནས་སྟངས་སྐོར་ལ་གལ་གནད་ཆེ་བའི་དགོངས་འཆར་ཞིག་གསུངས་རོགས་གནང་། ལན། 

སྤྱིར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གནས་སྟངས་དེ་སྤྱི་ཡོངས་ནས་ཡག་ཐག་ཆོད་ཡོད་པ་རེད། ས་གནས་ལ་ཆ་བཞག་ན་ཚང་མ་དང་བླངས་རེད། གླ་ཆ་གང་ཡང་ཡོད་མ་རེད། ལས་འགུལ་སྤེལ་སྐབས་འགྲོ་སོང་མང་པོ་འགྲོ་ཡི་ཡོད་རེད། དེ་དག་སྦྱིན་བདག་བརྒྱུད་ནས་ལེན་གྱི་ཡོད་མ་རེད། ཚོགས་ཆུང་རང་ངོས་ནས་དཔལ་འབྱོར་བཟོ་རྒྱུའི་ལས་འགུལ་སྤེལ། དེའི་དངུལ་དེ་ལས་འགུལ་སྤེལ་སྐབས་ལས་འགུལ་ལ་བསྐོར་བ་རྒྱབ་ནས་འགྲོ་ཡི་ཡོད་རེད། ཁོང་ཚོའི་ལས་འགུལ་དེ་དག་དབུས་ནས་བཀའ་བརྒྱ་བཏང་བ་གཞིར་བཟུང་འགྲོ་ཡི་ཡོད་རེད།  སྐབས་རེ་རྒྱ་གར་གྱི་མི་སྣ་མང་པོ་ཞིག་ལ་སྣེ་ལེན་ཞུ་དགོས་པ་དེ་འདྲ་ཡོད་རེད། དེ་དག་ས་གནས་སོ་སོའི་དཔལ་འབྱོར་ལ་ལྟ་ནས་འགྲོ་ཡི་ཡོད་རེད། དབུས་ལ་རྒྱུན་ལས་བདུན་འདེམས་ཡོད་རེད། དེའི་ནང་ལྔ་ལས་ཁུངས་རང་ལ་ལས་འགན་ཁུར་ནས་བཞུགས་ཀྱི་ཡོད་རེད། གཉིས་ཕྱོགས་བཞུགས་རྒྱུན་ལས་རེད། རྒྱུན་ལས་བདུན་པོ་དེས་ཚོགས་པའི་ལས་འཆར་ཐད་ཐག་གཅོད་གནང་གི་ཡོད་རེད།

ལས་བྱེད་ལ་ཆ་བཞག་ན། དེང་དུས་ཀྱི་ལས་ཀ་བྱེད་ཤེས་མཁན་བུད་མེད་ལྔ་ཡོད་པ་དེ་དག་རྩིས་པ་དང་། གསར་འཕྲིན་འགོད་མཁན། འཆར་འགོད་འགན་འཛིན། ཁོར་ཡུག་འགན་འཛིན། ལས་ཁུངས་ཀྱི་དོ་དམ་པ་བཅས་ལྔ་ཡོད་པ་རེད།  ས་གནས་ལ་ཆ་བཞག་ན་རྒྱུན་ལས་ཡོད་པ་རེད། དེའི་འོག་རུ་ཁག་གི་རུ་དཔོན་ཚོ་ལ་འཆར་འགོད་བྱས་པ་ཡིན་ན་ཁོང་ཚོས་ལས་ཀ་བྱེད་ཀྱི་ཡོད་པ་རེད། དབུས་ས་གཉིས་ཀྱི་སྐོར། ད་ལྟའི་འཆར་དབུས་ས་གཉིས་ཀྱི་བར་འབྲེལ་མཐུད་ཧ་ཅང་བཟང་པོ་ཡོད།  ན་ནིང་༧གོང་ས་མཆོག་གི་བརྟན་ཞུགས་ཕུལ་རྗེས་ཉིན་གཉིས་རིང་ཟབ་སྦྱོང་ཞིག་གོ་སྒྲིག་བྱས་པ་ཡིན། ཟབ་སྦྱོང་སྐབས་མང་གཙོ་དེ་གལ་ཆེན་པོ་ཡིན་པ་དང་། དབུས་ས་གཉིས་ཀྱི་བུད་མེད་དབར་འབྲེལ་བ་ཅི་འདྲ་བྱེད་དགོས་མེད་དབུས་ནས་རྒྱུན་ལས་མི་འདྲ་བ་རེ་ལ་ལས་ཀ་མི་འདྲ་བ་རེ་བགོས་ཡོད། ད་ལྟའི་ཆར་བུད་མེད་ལྷན་ཚོགས་ཀྱི་གནས་སྟངས་ཡག་ཐག་ཆོད་ཡོད་ཅེས་ཞུ་རྒྱུ་ཡིན།

གསར་འགོད་པ། ཟླ་བ་ཕུར་བུ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།