བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ལག་པའི་སྒང་ལག་པ་བཞག་ནས་བསྡད་ན་འགྲིག་ཐབས་མེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༨།༠༢ཉིན་སྤེལ། རྩ་བའི་དཀའ་ངལ་ཆེ་བ་ཞིག་ས་གནས་ས་ཐོག་ཏུ་ཕྱི་ལུགས་སྨན་པ་མ་འདང་བའི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་རེད། ཡིན་ཡང་དེའི་ཐོག་འབད་བརྩོན་བྱེད་དགོས་ཀྱི་ཡོད་རེད་མ་གཏོགས་ལག་པའི་སྒང་ལག་པ་བཞག་ནས་བསྡད་ན་འགྲིག་ཐབས་མེད་པ་རེད།

དེ་ཡང་སྐབས་བཅོ་ལྔ་པའི་འཕྲོད་བསྟེན་བཀའ་བློན་གསར་པ་སྐུ་ངོ་ཆོས་སྐྱོང་དབང་ཕྱུག་མཆོག་ལ་མ་འོངས་པའི་འཕྲོད་བསྟེན་ལས་ཁུངས་ཀྱི་ཐད་དམིགས་བསལ་གྱི་ལས་འཆར་དང་། ལས་དོན་གཉེར་ཕྱོགས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་ཞིག་གཤམ་དུ་བཀོད་ཡོད་པས་རྒྱས་གཟིགས་ཡོད་པར་ཞུ།

༡། སྐུ་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས།

ལན། ཐོག་མར་ང་རང་སྐྱེས་ས་དེ་རྒྱ་གར་གྱི་བྱང་ཤར་ཀ་ལམ་སྦུག་ཟེར་བ་དེ་ལ་སྐྱེས་པ་རེད། སློབ་གྲྭ་འགྲོ་ས་དེ་སྤོན་ཊ་TRSསློབ་གྲྭ་རུ་ཕྱིན་པ་དང་རྗེས་སུ་དེ་ནི་CSTསློབ་གྲྭ་ཆགས་པ་རེད། དེའི་རྗེས་སུ་ཧ་སྤུར་འདོད་རྒུ་གཡུ་རྒྱལ་གླིང་གཞིས་ཆགས་སུ་གནས་སྤོས་གནང་རྗེས་ས་གནས་དེའི་དམག་མིའི་སློབ་གྲྭ་ནས་འཛིན་རིམ་བཅུ་གཉིས་སློབ་ཐོན་བྱུང་བ་དང་། དེ་རྗེས་ཅཱ་དྷི་སྒར་མཐོ་སློབ་ནང་སློབ་སྦྱོང་བྱས་རྗེས་BA ཚར་བ་དང་། དེའི་རྗེས་སུ་magazin incendiat ཟེར་བའི་རིག་གནས་ཐོག་ལོ་གཅིག་སློབ་སྦྱོང་བྱས། དེ་རྗེས་MAསློབ་སྦྱོང་དེ་Economicཐོག་ལོ་རིམ་དང་པོ་ཚར་བ་དང་ལོ་རིམ་གཉིས་པའི་སྐབས་གཞོན་ནུའི་དབུས་རྒྱུན་ནང་སྐབས་གཉིས་རིང་འོས་འདེམས་བྱུང་སོང་།

དང་པོ་དེར། ཕྱི་དྲིལ་འགན་འཛིན་དང་དེ་རྗེས་ཟུང་དྲུང་། དྲུང་ཆེའི་འགན་འཁུར་ལོ་དྲུག་རིང་བྱས་པ་རེད།  ཕྱི་ལོ་༢༠༠༢ཀྱི་ལོ་སྟོད་ཙམ་ཞིག་ལ་ལྡི་ལིར་ཡོད་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ནང་འབྲེལ་མཐུད་པ་གཞོན་པའི་འགན་འཁུར་གནང་སྟེ་ཞབས་འདེགས་ཞུས་པ་དང་། དེའི་རྗེས་འབྲེལ་མཐུད་པ་རང་གི་ངོ་བོའི་ཐོག་ནས་འགན་འཁུར་གནང་སྟེ་ལོ་བཞི་བསྟུད་མར་ལས་ཀ་བྱས་པ་རེད། ཕྱི་ལོ་༢༠༠༦ལོར་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་མདོ་སྟོད་ཁྱབ་ཁོངས་ཀྱི་སྤྱི་འཐུས་འོས་འདེམས་བྱུང་བ་དང་། ཕྱི་ལོ་༢༠༠༨ཀྱི་ལོ་མཇུག་ནས་ལྡི་ལིར་ཡོད་པའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ཟེར་བའི་སྒྲིག་འཛུགས་ཀྱི་ངེས་སྟོན་པའི་ལས་འགན་བླངས་པ་ནས་བཟུང་༢༠༡༥ཡི་ལོ་འགོ་བར་ལས་ཀ་དེ་བྱས་པ་རེད།

ཕྱི་ལོ་༢༠༡༡ལོར་བསྐྱར་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་བཅོ་ལྔ་པའི་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་བ་དང་། བོད་མི་མང་གྲོས་ཚོགས་ནང་སྐབས་གཉིས་རིང་བསྟུད་མར་ཞབས་འདེགས་ཞུ་རྒྱུ་བྱུང་བ་དང་། ད་ལོ་༢༠༡༦ལོའི་ཟླ་བ་༦པའི་ནང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གྲོས་ཚོགས་ནང་མིང་འདོན་གནང་བ་དང་མང་མོས་ནས་རྒྱབ་སྐྱོར་གནང་བའི་ཐོག་བཀའ་བློན་ལ་འདེམས་ཐོན་བྱུང་བའི་རྗེས་ལ་སྲིད་སྐྱོང་མཆོག་གིས་འཕྲོད་བསྟེན་བཀའ་བློན་གྱི་འགན་བཞེས་དགོས་པ་རེད་ཅེས་རང་ངོས་ནས་ལས་ཀ་བྱས་པའི་ལོ་རྒྱུས་སྙིང་བསྡུས་དེ་འདྲ་ཞིག་ཡིན།alt
 
༢། སྐུ་ཉིད་ཀྱིས་ད་ལྟའི་བཙན་བྱོལ་བོད་མིའི་གནས་སྟངས་དང་དགོས་མཁོ་ལ་གཞིགས་ཏེ་འཕྲོད་བསྟེན་ལས་ཁུངས་ཀྱི་ཐད་ནས་ཡར་རྒྱས་དང་འགྱུར་བ་གཏོང་དགོས་པ་གང་དང་གང་མཐོང་གི་ཡོད་དམ།

ལན། ཡར་རྒྱས་ལ་དམིགས་ཏེ་འགྱུར་བ་གཏོང་དགོས་པ་དེ་ག་དུས་ཡིན་ཡང་དགོས་ངེས་ཅན་གྱི་གནས་སྟངས་ཤིག་རེད། དེར་བརྟེན་ཡར་རྒྱས་ལ་མཐའ་མེད་པར་བརྟེན་འགྱུར་བ་དེ་ཡང་རིམ་བཞིན་འགྲོ་དགོས་པའི་གནས་སྟངས་ཤིག་རེད། སྤྱི་ཚོགས་ཀྱི་གནས་སྟངས་དང་། ཁོར་ཡུག མང་ཚོགས་ཀྱི་བསམ་བློའི་འཁྱེར་སོ་བཅས་ཚང་མར་བལྟས་པའི་ཐོག་ནས་འགྱུར་བ་དུས་ནས་དུས་སུ་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ཡང་སྒོས་བཙན་བྱོལ་གྱི་སྒྲིག་འཛུགས་གཅིག་གི་ནང་གནས་པའི་མི་མང་གི་འཕྲོད་བསྟེན་གྱི་ཆེད་དུ་ད་ལྟ་ཡོད་བཞིན་པའི་ལས་ཁུངས་འདི་ཡིན་པ་དང་། ལས་ཁུངས་འདི་དམིགས་སུ་བཀར་ནས་འཕྲོད་བསྟེན་ཆེད་ལས་ཀ་བྱེད་དགོས་པ་དེ་དམིགས་ཡུལ་རེད་ལ་ལས་ཁུངས་ཀྱི་ངོ་བོ་ཡང་དེ་ག་རེད།

རྩ་བའི་ཆ་ནས་སྔོན་མ་ནས་ཕྱག་ལས་འགྲོ་བཞིན་པའི་ལས་ཀ་མང་པོ་ཞིག་གནང་དགོས་པའི་གནས་སྟངས་ཤིག་རེད། དེ་སྔོན་ཡིན་ཡང་གཞིས་ཆགས་ཁག་ནང་ལ་ཡོད་པའི་འཕྲོད་བསྟེན་གྱི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་དང་། དེ་ཚོའི་ནང་སྨན་པ་དང་། འཕྲུལ་རིག སྨན་ཞབས་བཅས་གང་ཐུབ་ཅི་ཐུབ་ཡོད་དགོས་པའི་གནས་སྟངས་ཤིག་ཡིན་པ་དང་། ས་གནས་ས་ཐོག་ཏུ་དེང་དུས་དང་འབྲེལ་བའི་འཕྲོད་བསྟེན་གྱི་ཡོ་བྱད་ཚད་དང་ལྡན་པ་ཞིག་མཁོ་སྤྲོད་དང་། མཐུན་རྐྱེན་སྦྱར་དགོས་པ་དེ་སྔོན་མར་གནང་གི་ཡོད་རེད། ད་ལྟ་དེ་ལས་བཟང་བ་ཞིག་དང་། ཡག་པོ་ཞིག་བྱེད་དགོས་པ་དེ་དུས་ནས་དུས་སུ་ངས་གོང་དུ་ཞུས་ཟིན་པ་ནང་བཞིན་འཕྲུལ་ཆས་ལ་སོགས་པར་འགྱུར་བ་འགྲོ་བསྡད་ཀྱི་ཡོད་པ་དེ་ཚོ་ཚང་མའི་ཐོག་ལ་གནང་དགོས་པ་ཞིག་ཆགས་ཡོད་རེད། དེ་བཞིན་སྔར་མེད་པའི་ནད་གཞི་འཇིགས་པ་བྱེད་དགོས་པ་དེ་འདྲ་ཡོང་གི་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་རེད། སྔོན་མ་ཡིན་ན་ང་ཚོའི་སྤྱི་ཚོགས་ནང་TBཞེས་བཤད་ཀྱི་ཡོད་རེད། ད་ལྟའི་ཆར་TBསྨན་རིགས་གཅིག་གིས་ཕན་པ་ཡོད་ན་རྗེས་སུ་ན་ཚ་བསྐྱར་ལོག་བྱེད་སྐབས་ཕན་གྱི་མེད་པ་བཅས་ཀྱི་ཉེན་ཁ་ཆེ་བའི་གནས་སྟངས་ཤིག་ཆགས་ཡོད། དེ་བཞིན་མཆིན་པའི་གཉན་ཚད་ཀྱི་ན་ཚ་དེ་ཕལ་ཆེར་ལོ་བཅུ་བཅོ་ལྔའི་ནང་ཤུགས་ཆེ་རུ་འགྲོ་ཡི་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད།

དེ་བཞིན་གཉན་ནད་རེག་དུག་གི་ན་ཚོའི་ཐོག་དེ་སྔ་ནས་ལས་ཀ་བྱེད་བཞིན་པ་རེད་ལ་ད་དུང་ཡིན་ན་ཡང་རིམ་བཞིན་གང་བྱེད་ཐུབ་ཀྱི་ཡོད་མེད་དེ་ཚོར་དགོངས་པ་བཞེས་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། དེ་ཚོར་གཞིགས་པའི་ཐོག་ནས་ས་གནས་ས་ཐོག་ནང་ནད་གཞི་ཁྱབ་ཆེན་པོ་ཡོད་པའི་རིགས་མང་ཚོགས་ནང་འགྲོ་བསྡད་ཀྱི་འདུག མིའི་ལོ་ཚད་ལ་གཞིགས་ཏེ་ན་གཞོན་ཚོའི་ལོ་ཚད་ནང་ག་ཚོད་ཡོད་མེད། རྒན་རབས་ཚོའི་ནང་ག་ཚོད་ཡོད་མེད། དར་མ་ཚོའི་ནང་ག་ཚོད་འདུག ན་གཞོན་ཚོའི་ནང་ན་ཚ་མེད་པ་ཡིན་ན་དེ་ཚོ་ལ་མ་ཡོང་བའི་སྔོན་འགོག་བྱེད་སྟངས་དང་། ལས་གཞི། ཞིབ་འཇུག་བཅས་འགྲོ་བཞིན་ཡོད་པ་རེད། དེ་བཞིན་TBཡི་ན་ཚ་ཁྱབ་བརྡལ་འགྲོ་བའི་རྒྱུ་རྐྱེན་གང་ཡིན་མིན་དེ་ལ་སྔོན་འགོག་གང་བྱེད་དགོས་ཀྱི་ཡོད་མེད་རྒྱུ་རྐྱེན་གང་ཡིན་མིན་བཅས་ཀྱི་ཐོག་ལ་ངོས་འཛིན་དགོས་པ་རེད། དཔེར་ན་སློབ་གྲྭ་དང་དགོན་སྡེ་ཁག་དེ་ཚོའི་ནང་ན་ཚ་དར་ཁྱབ་ཡོང་གི་ཡོད་ན་དེ་ཚོའི་རིགས་ལ་སྔོན་འགོག་བྱེད་རྒྱུ་དང་། ཉམས་ཞིབ་བྱེད་རྒྱུའི་སྙན་ཐོར་བལྟས་ནས་ལས་ཀ་བྱ་རྒྱུ་དེ་གནད་འགག་ཆགས་ཡོད་པ་རེད།

འཕྲོད་བསྟེན་ཞེས་བརྗོད་སྐབས་ཐོག་མ་ནས་ནད་མ་ཡོང་བའི་ཆེད་སྤྱོད་པ་ཁྱེར་སྟངས་ཡིན་ཡང་རེད། ཉིན་རེའི་ཟ་མའི་ཐོག་དགོངས་པ་བཞེས་སྟངས་ཡིན་ཡང་རེད། ལུས་སྦྱོང་བྱས་ཏེ་ལུས་པོའི་བདེ་ཐང་ལ་བསམ་བློ་གཏོང་རྒྱུ་བཅས་ལས་གཞི་མང་པོ་ཞིག་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་འགྲོ་བཞིན་པ་རེད། ལྷག་པར་དུ་ཉེ་ཆར་སྔོན་འགོག་བྱ་རྒྱུར་ཤུགས་རྒྱབ་དགོས་ཀྱི་འདུག་ཅེས་༧གོང་ས་མཆོག་གིས་བཀའ་ཕེབས་བསྩལ་གནང་ཡོད་པར་བརྟེན་འཕྲོད་བསྟེན་ལས་ཁུངས་དང་། བོད་གཞུང་སྨན་རྩིས་ཁང་། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་ལ་ཡོད་པའི་སྨན་ཁང་ཚང་མས་མཉམ་རུབ་ངང་ཉེ་ཆར་དམིགས་བསལ་གྱི་ཚོགས་ཆེན་ཞིག་ཚོགས་ཡོད་པ་དང་། ཚོགས་ཆེན་དེའི་ནང་ཕྱག་ལས་གནང་ཕྱོགས་དང་། གང་གི་ཐོག་ལ་ཤུགས་རྒྱགས་དགོས་ཀྱི་ཡོད་མེད་བཅས་ཀྱི་ཐོག་ལ་གྲུབ་འབྲས་ཀྱི་སྙན་ཐོ་ཞིག་ཡོད་པ་རེད། 

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཆེ་མཐོའི་སྔོན་འགོག་དང་ནད་རིམ་ཐོག་ཚོགས་ཆུང་ཞིག་བཙུགས་ཡོད་པ་རེད་ལ། ཕྱི་ཟླ་༧པའི་ཟླ་མཇུག་ཏུ་སྙན་ཐོ་ཐོན་ཡོང་བའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་དང་། དེ་དག་གི་རྒྱབ་གཉེར་དང་སྙན་ཐོ་ཚང་མ་སྒྲིག་སྟེ་དེའི་ནང་གི་གལ་ཆེ་བ་གང་ཡིན་པ་དེ་དག་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་ཤུགས་རྒྱགས་དགོས་པ་དང་ལས་ཀ་བྱེད་དགོས་པ་ཞིག་རང་བཞིན་གྱིས་ཆགས་འགྲོ་གི་རེད་བསམ་གྱི་ཡོད། རྩ་བའི་དཀའ་ངལ་ཆེ་བ་ཞིག་ས་གནས་ས་ཐོག་ལ་ཕྱི་ལུགས་སྨན་པ་མ་འདང་བའི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་རེད། ཡིན་ཡང་དེའི་ཐོག་འབད་བརྩོན་བྱེད་དགོས་ཀྱི་ཡོད་པ་རེད་མ་གཏོགས་ལག་པའི་སྒང་ལག་པ་བཞག་ནས་བསྡད་ན་འགྲིག་ཐབས་མེད་པ་རེད།  ད་ལྟ་མཐར་སོན་ཀྱི་སློབ་སྦྱོང་བྱེད་མཁན་ཚོས་ལོ་གཉིས་གན་ཡིག་གི་འབྲུ་དོན་བཞིན་ཞབས་ཕྱི་ཞུ་དགོས་པ་རེད། ཡིན་ཡང་ད་དུང་དེའི་ཐོག་ཞབས་ཕྱི་གང་མང་ཞུ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ་འཕྲོད་བསྟེན་ལས་ཁུངས་བརྒྱུད་ནས་སྔར་ནས་གསུངས་ཡོད་པ་རེད་ལ་ད་ལྟ་ཡིན་ཡང་དེ་ཤུགས་རྒྱགས་དགོས་པ་ཆགས་ཡོད་པ་རེད།

༣། སྐུ་ཉིད་ཀྱིས་ལོ་ལྔའི་ནང་འཕྲོད་བསྟེན་གྱི་གནས་སྟངས་ཐད་དམིགས་བསལ་གྱི་ཕྱག་ལས་གནང་རྒྱུའི་འཆར་གཞི་གང་དང་གང་ཡོད་དམ། 

ལན། ལོ་ལྔའི་ནང་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ཤུགས་རྒྱགས་ས་གཙོ་བོ་དེ་སྔོན་འགོག་རེད་དྲན་གྱི་ཡོད། གཞན་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ཇེ་ཡག་ཏུ་གཏོང་ཐུབ་པ་ཞིག་དང་། དེའི་ནང་ཚོགས་མི་གང་མང་མཉམ་ཞུགས་བྱེད་ཐུབ་པའི་འབད་བརྩོན་བྱེད་དགོས་པ་དེ་རང་བཞིན་གྱིས་ཆགས་ཡོད་པ་རེད། གཙོ་བོ་དེ་མང་ཚོགས་ནས་གང་མང་མཉམ་ཞུགས་བྱེད་དགོས་པ་རེད། ང་ཚོས་ལས་གཞི་དེ་ཤུགས་ཆེན་པོ་གནང་ཡང་མང་ཚོགས་ནས་མཉམ་ཞུགས་མ་བྱས་པ་ཡིན་ན་ནམ་ཞིག་ལམ་ལྷོང་མ་ཡོང་བའི་ཉེན་ཁ་ཡོང་མི་སྲིད་པ་མ་རེད།  ལས་གཞི་དེའི་འོག་ན་ཚ་ཕལ་མོ་ཆེ་ཚུད་ཡོད་པ་རེད་དེ་སྨན་བཅོས་གནང་ཕྱོགས་ལ་གཞིགས་ནས་སྔོན་འགོག་གི་ཚད་གཞི་ཞིག་བཟོས་ཡོད་པ་རེད། སྔོན་འགོག་རང་ལ་དབྱེ་བ་ཡིན་ན་ལས་གཞི་ཧ་ཅང་གི་མང་པོ་ཡོད་པ་དེ་ལ་གཙོ་བོ་ཤུགས་རྒྱགས་དགོས་པ་དང་། དེ་དག་ཚང་མར་ལས་ཀ་བྱེད་པའི་སྐབས་སུ་མ་དངུལ་མེད་པ་ཡིན་ན་ལས་ཀ་དེ་བྱེད་ཐུབ་ཀྱི་མེད་པ་རེད། དེ་དག་གི་འགྲོ་གྲོན་དེ་ཏག་ཏག་གཏོང་ཐུབ་པ་ཞིག་དང་། སླེབས་ས་ལ་སླེབས་ཐུབ་པ་ཞིག་བྱུང་བའི་ཐོག་ལ་ཤུགས་རྒྱགསདགོས་པ་གནད་འགག་ཅིག་ཆགས་ཡོད་རེད་བསམ་གྱི་ཡོད།

༤། འཆར་གཞི་དེ་གཅིག་ནས་ལྔ་ཡང་ན་བཅུ་བར་གསུང་རོགས་གནང་། 

ལན། གཙོ་བོ་དེ་༧སྐྱབས་མགོན་རིན་པོ་ཆེ་ཡིས་བཀའ་ཕེབས་པ་དེ་ག་རང་རེད། སྔོན་འགོག་གི་ལས་གཞི་རྒྱ་ཆེ་ཐག་ཆོད་བྱེད་རྒྱུ་ཞིག་ཆགས་བསྡད་ཀྱི་འདུག ས་གནས་ཁག་ལ་སྔོན་འགོག་ཀྱི་ལས་ཀ་བྱེད་སྐབས་ལས་བྱེད་ཚད་ལྡན་དགོས་ཀྱི་ཡོད་རེད། སྨན་པ་ཚད་ལྡན་དགོས་པ་རེད། ད་ཆ་ས་གནས་ཁ་ཤས་ལ་སྨན་པ་མེད་པའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་ལ། དེ་དག་ལ་སྨན་པ་ཁ་གསབ་བྱ་རྒྱུར་ང་ཚོས་འབྲེལ་བ་བྱས་དང་བྱེད་བཞིན་ཡོད། ད་དུང་མ་དངུལ་གྱི་རྒྱུན་ཆད་དུ་འཇུག་རྒྱུ་མེད་པ་རེད། སོང་ཙང་རྒྱུན་དུ་རོགས་ཚོགས་ལ་ཞུ་རྒྱུའི་ལས་རིམ་དེ་མུ་མཐུད་ནས་ཤུགས་རྒྱབ་ནས་འགྲོ་བཞིན་ཡོད་པ་རེད།
 
ལྷག་པར་དུ་གོང་དུ་ཞུས་པ་ནང་བཞིན་སྔོན་འགོག་ལས་གཞིའི་ནང་ཕྲུ་གུ་དང་། ཕྲུ་གུ་མ་བཙའ་གོང་གི་མ་དང་བྱིས་པ། ལོ་ན་རྒན་པ། སློབ་གྲྭའི་ནང་ཡོད་པ། དགོན་སྡེ་ཁག་ནང་ཡོད་པ་དེ་དག་ཚང་མ་ལས་ཀ་བྱེད་དུས་ཆུང་ཆུང་ཞིག་ཡོད་རེད། དེ་མར་གསེས་པ་ཡིན་ན་གཞི་རྒྱ་ཆེ་བའི་ལས་གཞི་ཞིག་ཆགས་ཡོད་པ་རེད། དེའི་ཐད་དབུས་འཕྲོད་བསྟེན་ལས་ཁུངས་དང་། སྨན་རྩིས་ཁང་། དགོན་སྡེ་ཁག་གི་སྨན་ཁང་བཅས་ཚང་མས་མཉམ་རུབ་ཐོག་ལས་གཞི་བང་རིམ་སྒྲིག་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད་བསམ་གྱི་ཡོད།

༥། གོང་གི་དྲི་བ་དང་མ་འབྲེལ་བར་འཕྲོད་བསྟེན་གྱི་གནས་སྟངས་སྐོར་ལ་གལ་གནད་ཆེ་བའི་དགོངས་འཆར་ཞིག་གསུང་རོགས་གནང་།

ལན། རྩ་བའི་ཆ་ནས་འཕྲོད་བསྟེན་ལས་ཁུངས་དང་། ལས་བྱེད། མང་ཚོགས་ཚང་མས་འཕྲོད་བསྟེན་གྱི་གནད་དོན་འདི་ལས་ཁུངས་གཅིག་གི་འགན་རེད་ང་ལ་ནད་ན་ཚ་བྱུང་ན་འཕྲོད་བསྟེན་ལས་ཁུངས་ཀྱིས་ལྟ་རྟོག་བྱེད་ཀྱི་རེད་བསམ་བསྡད་པ་ཡིན་ན། རང་ཉིད་ལ་གནོད་ཀྱི་རེད་མ་གཏོགས་ཏག་ཏག་ཅིག་བསྡད་ཀྱི་ཡོད་པ་མ་རེད་བསམ། ང་ལ་ཆ་བཞག་ན་ཐ་མག་མ་འཐེན་དགོས་ག་དུས་ཡིན་ཡང་བསམ་གྱིན་ཡོད། ཐ་མག་ཉུང་དུ་གཏོང་རྒྱུར་འབད་བརྩོན་བྱེད་ཡག ཆང་རག་ཅིག་བཏུང་ཡང་དེ་ཉུང་དུ་གཏོང་རྒྱུར་འབད་བརྩོན་བྱེད་ཡག སྨྱོ་རྫས་བཏུང་མཁན་ཡོད་ན་དེ་ཉུང་དུ་བཏུང་རྒྱུར་འབད་བརྩོན་བྱེད་དགོས་པ་གལ་ཆེན་པོ་རེད། དེ་བཞིན་སོ་སོས་ཉིན་རེའི་ལས་ཀ་བྱེད་ཀྱི་ཡོད་ན་དེ་ལ་དོ་སྣང་སླེབས་ཐུབ་པ་བྱས་ཏེ་སོ་སོས་སོ་སོར་ཆེ་མཐོང་བྱས་ནས་མི་ཚེ་བསྐྱལ་བ་ཡིན་ན་ཁྱིམ་ཚང་ལ་ཕན་པ། སྤྱི་ཚོགས་ལ་ཕན་པ། དེ་བཞིན་འཕྲོད་བསྟེན་ལས་ཁུངས་དང་འབྲེལ་བའི་སྡེ་ཁག་ཚང་མར་ལས་ཀ་ཡང་དུ་འགྲོ་བ་དང་། ཉུང་དུ་འགྲོ་ཡི་ཡོད་པ་རེད། ཡང་སྒོས་བོད་མི་རིགས་དེ་གཟུགས་པོ་བདེ་ཐང་ཡོད་པ་དང་། ཧྲག་པོ་ཆགས་ཐུབ་ཀྱི་རེད། དེ་དག་ཚང་མས་ངེས་པར་དུ་དགོངས་པ་བཞེས་ཐུབ་པ་བྱེད་དགོས་ཀྱི་རེད་བསམ་གྱི་ཡོད།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།