བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

དྷ་རམ་ས་ལའི་ཁུལ་དུ་ས་ཆ་ཉོ་རྒྱུ་དེ་རྙོག་གྲ་ཆེན་པོ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༧།༡༥ཉིན་སྤེལ། དྷ་རམ་ས་ལའི་ཁུལ་དུ་ས་ཆ་ཉོ་རྒྱུ་དེ་རྙོག་གྲ་ཆེན་པོ་རེད། རྙོག་གླེང་དེ་འདྲ་ཞིག་ཡོད་པའི་སྐབས་དེར་ས་ཆ་ཉོ་བ་ལ་སོགས་པའི་ལས་གཞིའི་ཐོག་ཕྱིན་པ་ཡིན་ན་འགོག་རྐྱེན་ཤུགས་ཆེན་ཡོང་བའི་ཉེན་ཁ་ཆགས་ཀྱི་འདུག

དེ་ཡང་སྐབས་བཅོ་ལྔ་པའི་ནང་སྲིད་བཀའ་བློན་གསར་པ་བསོད་ནམས་སྟོབས་རྒྱལ་ལགས་སུ་མ་འོངས་པའི་ནང་སྲིད་ལས་ཁུངས་ཀྱི་ཐད་དམིགས་བསལ་གྱི་ལས་འཆར་དང་། ལས་དོན་གཉེར་ཕྱོགས་ཀྱི་སྐོར་ལ་བཅར་འདྲི་བྱས་པའི་དྲིས་ལན་གཤམ་དུ་བཀོད་ཡོད་པས་རྒྱས་གཟིགས་ཡོད་པར་ཞུ།

༡།  ཐོག་མར་སྐུ་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས།

ལན། ངའི་མིང་ལ་ཕོ་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ཟེར་གྱི་ཡོད། བོད་ལ་སྐྱེས་པ་རེད། ང་རང་ལོ་གསུམ་དང་བཞི་ལ་སླེབས་སྐབས་བོད་ནང་དུས་འགྱུར་ཆེན་པོ་བྱུང་སྟེ་ཕྱི་ལོ་༡༩༥༩ལོར་རྒྱ་གར་ནང་ཡོང་བ་རེད། ཕྱི་ལོ་༡༩༦༡ལོར་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཏེ་བཙན་བྱོལ་གཞུང་གི་སློབ་གྲྭ་གསར་འཛུགས་བྱས་པའི་འོག་གཞུང་གིས་མི་སྣ་བསྡུས་གནང་བ་དང་། ལོ་དེར་དྷ་རམ་ས་ལར་ཟླ་བ་གཅིག་ཙམ་ཞིག་བཞག་སོང་། དེ་རྗེས་མཱ་སུ་རིའི་སློབ་གྲྭར་ཕྱིན་རྗེས་སྔོན་རྩིས་འཛིན་སྐྱོང་གི་འབྲེལ་བ་ཡོད་པའི་ཐོག་ནས་སློབ་སྦྱོང་ཞིག་བྱས་པ་ཡིན། དེ་ནས་འཛིན་སྐྱོང་དང་འབྲེལ་བ་ཡོད་པའི་སློབ་ཚན་བླངས་ཡོད་པ་རེད།alt

དེ་གཉིས་ཀ་ཚར་རྗེས་ཕྱི་ལོ་༡༩༧༩ལོར་གཞུང་ཞབས་ནང་ཡིག་རྒྱུགས་བཏང་སྟེ་ཕྱི་ལོ་༡༩༨༣བཅས་ལོ་བཞིའི་རིང་ཨུ་རི་ས་གཞིས་ཆགས་སུ་ལས་ཀ་བྱས། དེ་རྗེས་ཕྱི་ལོ་༡༩༨༦བར་སིམ་ལའི་ས་གནས་འགོ་འཛིན་དང་། བཟོ་གྲྭའི་འགོ་འཛིན་གཅིག་ལྕོགས་བྱས་པ་ཡིན། ལོ་དེའི་ནང་བོད་ནས་གཞོན་སྐྱེས་མང་པོ་ཞིག་སླེབས་ཏེ་གསར་འབྱོར་སློབ་གྲྭ་སྦིར་རིར་གསར་འཛུགས་བྱས་ཏེ་ད་ལྟའི་སུ་ཇཱ་བོད་ཁྱིམ་དུ་ལོ་བཅུ་ལྷག་འགན་འཛིན་བྱས་པ་རེད། དེ་རྗེས་ཕྱི་ལོ་༡༩༨༩དང་༡༩༩༠ལོར་ཨ་རིར་འཛིན་སྐྱོང་གི་སློབ་སྦྱོང་ལོ་གཅིག་ལྷག་བྱས། ཕྱི་ལོ་༡༩༩༡ནས་༡༩༩༦བར་ནང་སྲིད་ཀྱི་དྲུང་ཆེ་བྱས། དེ་རྗེས་ཟུང་དྲུང་དྲུང་ཆེའི་གོ་གནས་ཀྱི་ཐོག་ལས་ཀ་བྱས་པ་རེད། ༡༩༩༦ལོར་VOTརླུང་འཕྲིན་ཁང་ཐོག་མར་གསར་འཛུགས་བྱེད་སྐབས་དེའི་འགན་འཛིན་བྱེད་དགོས་རེད་ཅེས་ནོར་ཝེལ་དུ་ཕྱིན་པ་རེད།

དེ་རྗེས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་གཞིས་ཆགས་སུ་ལོ་གཉིས་ཙམ་ཞིག་བསྡད། དེ་རྗེས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ལས་ཕར་ལོ་གཉིས་ཙམ་ཞིག་བསྡད། ཕྱི་ལོ་༢༠༠༠ལོ་དྲུང་ཆེའི་གོ་གནས་ཕར་པ་ཡིན་ཙང་ལས་ཁུངས་གཅིག་ནང་དྲུང་ཆེ་གཉིས་སྡོད་ཆོག་གི་མེད་པར་བརྟེན་བོད་གཞུང་་སྣེ་ལེན་ཁང་གི་འགན་འཛིན་ལོ་གཉིས་བསྡད་པ་ཡིན། ཕྱི་ལོ་༢༠༠༣ལོར་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་ལོ་གསུམ་བྱས་པ་རེད།

ཕྱི་ལོ་༢༠༡༠དང་༢༠༡༢གཉིས་དེ་བཀའ་ཤག་གིས་ཐུག་རེ་གནང་བར་གཞིར་བཟུང་མ་སུ་རིའི་བོད་ཁྱིམ་སློབ་གྲྭའི་འགན་འཛིན་ལོ་གཉིས་བྱས་པ་རེད། མ་སུ་རིར་ལོ་གཉིས་བསྡད་པའི་རིང་བཀའ་ཤག་གསར་པར་འགྱུར་བ་བྱུང་སྟེ་ང་རང་ནང་སྲིད་ལས་ཁུངས་ལ་ཡོང་དགོས་ཡོད་ཅེས་བཀའ་ཕེབས་པ་རེད། ཕྱི་ལོ་༢༠༡༢ནས་ད་ལོ་ཕྱི་ཟླ་༦པ་བར་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེའི་ལས་འགན་ཁུར་ཏེ་བསྡད་པ་རེད། ལོ་འདིའི་ཕྱིན་ཟླ་དྲུག་པའི་ནང་སྲིད་སྐྱོང་གིས་ཐུག་རེ་གནང་བར་གཞིར་བཟུང་གྲོས་ཚོགས་ཀྱི་ཐོག་མང་མོས་ཀྱི་འོས་འདེམས་བྱུང་བ་གཞིར་བཟུང་ནང་སྲིད་བཀའ་བློན་གྱི་ལས་ཐོག་ལ་སླེབས་པ་རེད།

༢། སྐུ་ཉིད་ཀྱིས་ད་ལྟའི་བཙན་བྱོལ་བོད་མིའི་གནས་སྟངས་དང་དགོས་མཁོ་ལ་གཞིེགས་ཏེ་ནང་སྲིད་ལས་ཁུངས་ཀྱི་ཐད་ནས་ཡར་རྒྱས་དང་འགྱུར་བ་གཏོང་དགོས་པ་གང་དང་གང་མཐོང་གི་ཡོད་དམ།

ལན། མ་འོངས་པར་ནང་སྲིད་ལས་ཁུངས་ཀྱི་ལས་དོན་གཙོ་བོ་ཞིག་གང་རེད་དམ་ཟེར་ན། བར་ལམ་ནང་སྲིད་ཀྱིས་ལོ་གསུམ་ནང་དཀའ་ངལ་མང་ཤོས་དེ་བཙན་བྱོལ་ལ་ཡོད་པའི་བོད་མི་ཚོར་རྒྱ་གར་གཞུང་གིས་མཐུན་འགྱུར་གནང་རྒྱུའི་ཐོག་སྲིད་བྱུས་ཀྱི་འགྱུར་བ་ཞིག་གཏོང་མ་ཐུབ་ན་འགྲིག་གི་མི་འདུག་ཅེས་པ་དེ་རེད། དེ་སྔ་ཡིན་ན་མི་དང་མིའི་དབར་འབྲེལ་བ་ཡག་པོ་ཡོད་ན་རྒྱ་གར་གཞུང་ངོས་ནས་ཁེ་ཕན་དང་ཐོབ་ཐང་དེ་རགས་ཀྱི་ཡོད་པ་དང་། འབྲེལ་བ་དེ་ཡག་པོ་མེད་ན་ཐོབ་ཐང་གང་ཡང་མ་རགས་པའི་གནས་སྟངས་དེ་འདྲ་ཡོད་པར་བརྟེན། ང་ཚོ་གཞུང་འཛིན་ཚོགས་པའི་ནང་མི་གཅིག་སླེབས་ཀྱི་ཡོད་མེད་ལ་མ་ལྟོས་པར་རྒྱ་གར་གཞུང་རང་གིས་བོད་པའི་ཐོག་ལ་མཐུན་རྐྱེན་སྤྲོད་རྒྱུའི་སྲིད་བྱུས་གཏན་འབེབས་ཤིག་ངེས་པར་དུ་དགོས་ཀྱི་འདུག་ཅེས་ང་ཚོས་ལོ་གཉིས་གསུམ་རིང་དཀའ་ལས་མང་པོ་བརྒྱབ་ཡོད་རེད།

ཕྱི་ལོ་༢༠༡༤ལོར་རྒྱ་གར་གཞུང་གིས་བཙན་བྱོལ་གཞུང་ལ་མཐུན་རྐྱེན་སྦྱོར་སྤྲོད་ཟེར་བའི་སྲིད་བྱུས་ཤིག་ཡིག་ཐོག་རང་ནས་ཆ་ཚང་གཏན་འབེབས་བཟོས་ཡོད་པ་རེད། སྲིད་བྱུས་དེའི་ནང་གསེས་ནང་གསལ་དུ། ནང་སྲིད་ཙམ་མ་ཡིན་པར། ཤེས་ཡོན་དང་། འཕྲོད་བསྟེན། ཆོས་ཕྱོགས། དཔལ་འབྱོར། སྤྱི་ཚོགས། ཁོར་ཡུག་དང་བཅས་འབྲེལ་བ་མང་པོ་ཞིག་ཡོད་པར་བརྟེན་ཐོབ་ཐང་དེ་རྒྱ་གར་གཞུང་ནས་ཆ་ཚང་ལག་པར་རགས་ཐུབ་པ་ཞིག་ང་ཚོས་འབད་བརྩོན་བྱེད་བཞིན་པ་རེད།

སྲིད་བྱུས་གཏན་འབེབས་བཟོས་པ་གཞིར་བཟུང་ང་ཚོ་བོད་མིའི་ལག་པའི་ནང་ཐོབ་ཐུབ་པ་ཞིག་དགོས་པ་རེད། དེ་ཐོབ་པར་བྱེད་པའི་ལས་ཀ་མང་ཆེ་བ་དེ་བྱེད་རྒྱུ་ལྷག་ཡོད་པ་རེད། དེའི་ཐོག་ང་ཚོས་ཤུགས་རྒྱབ་རྒྱུའི་འཆར་གཞི་ཡོད་།   རྩ་བའི་ང་རང་ལས་འགན་དེ་རྩིས་བླངས་ཏེ་དུས་ཚོད་ཐུང་ངུ་ལས་ཕྱིན་མེད་། ད་དུང་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གསར་པ་བསྐོ་རྒྱུ་ལྷག་ཡོད། ད་ལྟའི་འཆར་དྲུང་ཆེ་ཡོད་མ་རེད། ཉིན་གསུམ་བཞིའི་ནང་ལས་ཁུངས་ཁག་གི་དྲུང་ཆེ་གང་ལ་གང་ཙམ་ཞིག་གཏན་འཁེལ་བྱུང་ཟིན་གྱི་ཡོད་པ་རེད། དེ་གཏན་འཁེལ་བྱུང་ཟིན་རྗེས་ངས་ནང་སྲིད་ལས་ཁུངས་ཀྱི་འགན་ཡོད་པའི་ལས་བྱེད་ཚང་མ་འདུ་བསྐོང་བྱས་ཏེ་ལོ་བཞིའི་བཀའ་ཤག་གི་དུས་ཚོད་རིང་ནང་སྲིད་ལས་ཁུངས་ཀྱིས་ལས་ཀ་གང་དང་གང་བྱེད་ཀྱི་ཡོད་མེད་ཀྱི་སྲིད་བྱུས་ཤིག་གཏན་འབེབས་བཟོ་རྒྱུ་བསམ་བློའི་ནང་ལ་ཡོད།
 
༣། སྐུ་ཉིད་ཀྱིས་ལོ་ལྔའི་ནང་ནང་སྲིད་ལས་ཁུངས་ཀྱི་གནས་སྟངས་ཐད་དམིགས་བསལ་གྱི་ཕྱག་ལས་གནང་རྒྱུའི་འཆར་གཞི་གང་དང་གང་ཡོད་དམ། 

ལན། ང་ཚོ་བཙན་བྱོལ་ནང་སླེབས་ཏེ་ལོ་ལྔ་བཅུ་ལྷག་ཕྱིན་ཚར་བ་རེད། ང་ཚོ་སྡོད་སའི་ས་ཆ་དེ་སྲ་བརྟན་རྩ་བ་ནས་བྱུང་ཐུབ་མེད་པ་རེད། རྒྱ་གར་གཞུང་གི་ཐུགས་རྗེའི་བཀའ་དྲིན་གྱིས་ང་ཚོར་དཀའ་ངལ་འཕྲད་མེད་པ་ཡིན་ཡང་མ་འོངས་པར་ང་ཚོར་ཁྲིམས་ཀྱི་ཐོག་ནས་དཀའ་ངལ་འཕྲད་ཡོང་གི་རེད། དཔེར་ན་དྷ་རམ་ས་ལའི་ཟློད་གར་ལམ་འགྲམ་དུ་ཡོད་པའི་ཁྱིམ་ཚང་༢༡༦ལ་དཀའ་ངལ་འཕྲད་སོང་བ་རེད། མ་འོངས་པར་མི་ངན་རེ་ཟུང་གིས་རྒྱ་གར་གཞུང་གི་ཁྲིམས་ལ་གཏུགས་ཏེ་ཁྱེད་རང་ཚོ་སྡོད་སར་ཡིག་ཆ་གང་ཡོད་དམ་ཞེས་ཁྲིམས་ཁང་ལ་གཏུགས་ཚར་བ་ཡིན་ན་ཁྱེད་རང་བོད་པ་སྐྱབས་བཅོལ་བ་རེད་ཅེས་པའི་སྐད་ཆ་དེ་བཤད་ཀྱི་མ་རེད། རྒྱ་གར་གཞུང་གིས་ཁྱེད་རང་ཚོ་འདི་ལ་སྡོད་ཆོག་པའི་ཡིག་ཆ་གང་ཡོད་དམ་ཞེས་སྐད་ཆ་འདི་དྲིས་ཡོང་གི་རེད།
 
དེར་བརྟེན་ལོ་ལྔ་བཅུ་ང་གྲངས་ཕྱིན་ཚར་ན་ཡང་ང་ཚོའི་གནས་སྟངས་ད་དུང་འདི་འདྲ་ལྷག་ཡོད་པ་རེད། བར་ལམ་ནང་སྲིད་ལས་ཁུངས་ཀྱིས་གཞིས་ཆགས་ཁག་ནང་ཡོད་པའི་གཞུང་གི་ས་ཆ་བོགས་མ་སྤྲད་ཡོད་པ་དེ་ཚོའི་རིགས་དེར་ཡིག་ཆ་ཚད་དང་ལྡན་པ་ཞིག་བཟོ་དགོས་ཀྱི་འདུག་ཟེར་གྱི་ཡོད། ད་ལྟའི་སྲིད་བྱུས་ཀྱི་ནང་ལ་ཡིག་ཆ་དེ་དག་ཚད་དང་ལྡན་པ་གང་ཡོད་པ་དེ་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ཚོགས་པའི་མིང་ཐོག་ལ་བོགས་མ་སྤྲད་རྒྱུ་བྱས་ཡོད་པ་དང་། ནང་སྲིད་ཚོགས་པས་གཞིས་ཆགས་སོ་སོར་གནང་རྒྱུའི་བརྒྱུད་རིམ་ཞིག་འགྲོ་ཡི་ཡོད་པ་རེད།

དེ་དང་འདྲ་བར་ཉེ་ཆར་ནང་སྲིད་ལས་ཁུངས་ལ་ཆ་བཞག་པ་ཡིན་ན་ཕྱིས་སུ་བོད་ནས་འབྱོར་ཡོད་པ་མང་པོ་ཞེ་དྲག་རེད། དེ་དག་རིགས་གཅིག་བོད་ལ་ལོག་ཕྱིན་པ་རེད།  རིགས་གཅིག་རྒྱ་གར་ནང་སློབ་ཐོན་བྱུང་། འགྲོ་ས་འདུག་ས་མེད་པ་མང་པོ་ཡོད་པ་རེད། དེ་ཡང་ཁ་ཤས་གཞིས་ཆགས་ཁག་ནང་གནའ་མ་རགས། ཁ་ཤས་མག་པ་རགས་ཏེ་གཞིས་ཆགས་ཁག་ནང་བསྡད་དེ་འཚོ་བ་སྐྱེལ་བ་མ་གཏོགས་རྒྱ་གར་གྲོང་གསེབ་ནང་ད་ལྟ་བར་དུ་ཁང་གླ་སྤྲད་ནས་སྡོད་དགོས་མཁན་མང་པོ་ཞིག་དང་ལོ་རེ་བཞིན་ཁང་གླ་སྤར་བའི་རྒྱུ་མཚན་ལ་བརྟེན་ནས་དཀའ་ངལ་འཕྲད་སྡོད་མཁན་ཧ་ལས་པས་མང་པོ་ཡོད་རེད།

དེ་ཚོའི་རིགས་ལ་བར་ལམ་བཀའ་ཤག་སྐབས་བཅུ་བཞི་པའི་ཐོག་ནང་སྲིད་ལས་ཁུངས་ཀྱིས་གཙོ་བོ་འགན་ཁུར་ཏེ་དེ་དག་ལ་གཞིས་ཁང་ཞིག་བསྐྲུན་ཐུབ་ན་ཞེས་བཀའ་མོལ་མང་པོ་བྱུང་བ་གཞིར་བཟུང་། སྦི་རི་གཞིས་ཆགས་ནས་འགོ་འཛུགས་གནང་སྟེ་མི་གཉིས་བརྒྱ་ལྷག་ལ་ཁང་པ་༧༥སྡོད་ས་བཟོས་ཏེ་ལེའུ་གཅིག་ཚར་བ་རེད། ལེའུ་གཉིས་པ་དེ། ང་ཚོས་རྒྱ་གར་ལྷོག་ཕྱོགས་ཁུལ་དུ་ཤུགས་ཤིག་རྒྱབ་ཐུབ་ན་ཟེར་གྱི་ཡོད་པ་རེད། བྷལ་ཀོབ་ལ་ཆ་བཞག་ན་ཁྱིམ་ཚང་༨༠ཙམ་ཞིག་ཡོད་རེད། མོན་གྷོ་ཊི་ལ་ཁྱིམ་ཚང་༦༠ཙམ་ཞིག་ཡོད་རེད། དེའི་གཡས་གཡོན་ཞིག་ལ་ང་ཚོས་ས་ཆ་ཞིག་ཨེ་རགས་ལྟ་ཡི་ཡོད་པ་རེད། དངུལ་མང་པོ་རགས་ན་ལས་ཀ་མགྱོགས་པོ་འགྲིག་གི་རེད། མ་རགས་ན་ལས་ཀ་ག་ལེར་མ་གཏོགས་ཚར་གྱི་མ་རེད།

དེ་བཞིན་བདེ་སྐྱིད་གླིང་དུ་དེ་སྔ་ཐུག་ཐུག་གཞིས་ཆགས་མ་ཐོབ་པ་བསྡད་མཁན་ཁྱིམ་ཚང་༡༡༦ཙམ་ཞིག་ཡོད་པ་དེ་རུ་སྡོད་ཁང་གསར་བསྐྲུན་བྱེད་རྒྱུ་ཞིག་ཡོད་རེད། དེའི་ལས་གཞི་དེ་མཇུག་སྐྱོང་ཐུབ་པ་ཡིན་ན་དྷ་ར་རྡུན་དང་བདེ་སྐྱིད་གླིང་གི་ཁུལ་དུ་བོད་ནས་ཚུར་འབྱོར་ཏེ་ལྷག་བསྡད་མཁན་དཔེ་མི་སྲིད་མང་པོ་ཡོད་རེད། དེ་ཚོའི་རིགས་ལ་རིམ་བཞིན་ང་ཚོས་དགོངས་པ་གཞིས་ཏེ་རོགས་པ་ཞིག་བྱེད་ཐུབ་ན་བསམ་པ་ཞིག་བྱུང་གི་འདུག་གང་ལྟར་ལས་འཆར་རང་རེད་གཏན་འཁེལ་བ་ཞིག་ཡོད་མ་རེད། གང་ལྟར་བང་རིམ་ཞིག་ང་ཚོས་སྒྲིག་ཡོད། དེ་དག་ཆ་ཚང་ལ་རོགས་པ་ཞིག་བྱེད་ཐུབ་པ་ཡིན་ན་ལོ་བཞིའི་ནང་ལ་དཔེར་ན་ནང་སྲིད་ལས་ཁུངས་ཀྱིས་སྤྱི་ཚོགས་ཀྱི་དཀའ་ངལ་གསེལ་རྒྱུའི་དོན་དུ་ལས་ཀའི་གྲུབ་འབྲས་ཀྱི་གནས་འབབ་ཅིག་ཆགས་ཀྱི་ཡོད་རེད། དེ་ང་ཚོས་སང་ཉིན་གནངས་ཉིན་རིམ་བཞིན་ཚོགས་འདུ་ཚོགས་ཏེ་ལས་གཞི་གཏན་འབེབས་བཟོ་རྒྱུ་རེད།

༤། ཉེ་དུས་དྷ་སའི་གཡས་གཡོན་དུ་ཡོད་པའི་བོད་ནས་འབྱོར་བ་མང་པ་ཞིག་གིས་སྡོད་གནས་ས་ཁང་གོ་སྐོར་ལ་དཀའ་ངལ་ཡོད་སྐོར་བརྗོད་བཞིན་ཡོད་པར་བརྟེན་དེའི་ཐོག་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་རོགས་རམ་བྱ་རྒྱུའི་འཆར་གཞི་གང་ཡོད་དམ།

ལན། ཛ་དྲག་ཤོས་དེ་ལོ་རེ་བཞིན་ཆབ་སྲིད་བཙོན་ཟུར་བ་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་དག་ལ་༧གོང་ས་མཆོག་གི་དཔེ་མི་སྲིད་པའི་ཐུགས་སྣང་ཆེན་པོ་གནང་གི་ཡོད་པ་རེད། ཆབ་སྲིད་བཙོན་པ་ཚོས་བཙན་བྱོལ་གཞུང་དང་། ༧རྒྱལ་བ་རིན་པོ་ཆེར་གདོང་པ་སྟེན་ནས་ཡོང་བ་རེད། འདི་ལ་སླེབས་རྗེས་ཆགས་ས་གཏན་ས་མེད་པར་ལྷག་པར་ཡིན་ན་འགྲིག་གི་མེད་འདུག་ཅེས་བར་ལམ་ནང་སྲིད་ལས་ཁུངས་ཀྱིས་ཤུགས་སྣོན་བརྒྱབ་སྟེ་དགུ་བཅུ་གསུམ་ཉེ་འགྲམ་དུ་ཁང་པ་ཞིག་བརྒྱབ་ཡོད་པ་རེད། ཁང་པ་དེ་སུ་ལ་ཐོབ་ཀྱི་ཡོད་མེད་བདེ་སྲུང་ལས་ཁུངས་དང་ནང་སྲིད་གཉིས་ཐུན་མོང་གི་ཐོག་གསལ་བསྒྲགས་ཤིག་བྱེད་ཀྱི་རེད།

དྷ་རམ་ས་ལའི་ཁུལ་དུ་ས་ཆ་ཉོ་རྒྱུ་དེ་རྙོག་གྲ་ཆེན་པོ་རེད། ད་ལྟ་རྒྱ་གར་གཞུང་གི་ཁྲིམས་ཁང་ནང་རྙོག་གྲ་ཆེན་པོ་ཡོད་རེད། རྙོག་གླེང་དེ་འདྲ་ཞིག་ཡོད་པའི་སྐབས་དེར་ང་ཚོས་ས་ཆ་ཉོ་བ་ལ་སོགས་པའི་ལས་གཞིའི་ཐོག་ཕྱིན་པ་ཡིན་ན་འགོག་རྐྱེན་ཤུགས་ཆེན་ཡོང་བའི་ཉེན་ཁ་ཆགས་ཀྱི་འདུག ཡིན་ཡང་རིམ་བཞིན་ང་ཚོས་བསམ་བློ་གཏོང་རྒྱུའི་ནང་ཚུད་ཡོད་པ་རེད།

༥། ལས་འཆར་དེ་གཅིག་ནས་ལྔ་ཡང་ན་གཅིག་ནས་བཅུ་བར་གསུང་རོགས་གནང་།

ལན། བོད་པ་གང་དུ་བསྡད་ཡོད་ཡང་ས་བདག་རྒྱ་གར་གཞུང་རེད། དེ་ཚོའི་རིགས་དེ་ང་ཚོས་དབུས་ངལ་སེལ་ཚོགས་པའི་མིང་ཐོག་ནས་ས་བདག་སུ་དང་སུས་བཟུང་ཡོད་ན་ཡང་དེ་རུ་བཅར་ཏེ་ཡིག་ཆ་ཁུངས་བཙན་པོ་བཟོ་དགོས་པ་དེ་གནད་འགག་ཆེ་ཤོས་དང་། ཛ་དྲག་ཤོས་ཤིག་ཡིན་པ་རེད། བཙན་བྱོལ་སྒྲིག་འཛུགས་ནང་སྨན་པའི་སློབ་སྦྱོང་ཐོན་མཁན་མང་པོ་ཡོད་རེད། དེ་དག་སྨན་ཞབས་སློབ་ཐོན་བྱུང་རྗེས་སྨན་ཞབས་ཚོགས་པའི་ནང་དེབ་སྐྱེལ་བྱས་རྗེས་ཁོ་རང་ཚོས་ཐོབ་ཐང་གཅིག་མཚུངས་བླངས་དགོས་ཀྱི་ཡོད་རེད། དེར་བརྟེན་བར་ལམ་ཁོ་རང་ཚོར་གཅིག་མཚུངས་བྱུང་མེད་པ་རེད།

རྒྱུ་མཚན་ཁྱེད་རང་ཚོ་བོད་པ་རེད་འདུག སྐྱབས་བཅོལ་ལག་དེབ་དེའི་ཐོག་ཡོང་གི་མ་རེད་ཅེས་ཁས་མ་བླངས་པའི་གནས་ཚུལ་མང་པོ་ཞིག་བྱུང་བ་རེད། ང་ཚོའི་སྲིད་བྱུས་ནང་བོད་པའི་རིགས་ཀྱི་ཤེས་ཚད་དགོས་ངེས་ཀྱི་ཆ་རྐྱེན་ཏག་ཏག་འདངས་ཀྱི་ཡོད་ན་རྒྱ་གར་གཞུང་གི་སྡེ་ཚན་གང་གི་ནང་དུ་ཡིན་ཡང་ལས་ཀ་སྤྲོད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད་རེད། དེར་བརྟེན་ན་ནིང་ང་ཚོ་སྨན་ཞབས་ཀྱི་སློབ་སྦྱོང་ཐོན་མཁན་མང་པོ་ཞིག་ཁོང་ཚོའི་སྐྱིད་སྡུག་ནང་ཚུད་མ་ཐུབ་པའི་དཀའ་ངལ་འཕྲད་ཡོད་པ་རེད། དེ་དག་གི་ཆེད་དུ་བར་ལམ་ང་ཚོས་རྒྱ་གར་གཞུང་ནས་ཡིག་ཆ་བླངས་རྗེས་བོད་པའི་སྨན་ཞབས་སློབ་ཐོན་བྱུང་མཁན་ཚོར་སྒྲིག་འཛུགས་དེའི་ནང་ཞུགས་རྒྱུར་དཀའ་ངལ་མེད་པ་བཟོས་པ་རེད།

དེ་བཞིན་བྷེང་ལོར་དང་ཏཱ་མིར་ནང་ཆ་བཞག་ན་བུད་མེད་བསོད་ནམས་གཡང་འཛོམས་ཟེར་བ་ཞིག་སོ་ཡི་སྨན་པ་ཆ་ཚང་སློབ་ཐོན་བྱུང་ཟིན་པ་རེད། འོན་ཀྱང་ཁོང་རང་ཚོའི་ས་གནས་ཀྱི་ཚོགས་པའི་ནང་དེབ་སྐྱེལ་བྱེད་དགོས་ཀྱི་ཡོད་པ་རེད། དེབ་སྐྱེལ་བྱེད་རྒྱུར་རྩ་བ་ཉིད་ནས་ཁས་མ་བླངས་པར་མཐའ་མ་ང་ཚོས་རྒྱ་གར་གཞུང་ལ་ཡར་ཞུ་བྱས་ཏེ་ཡི་གེ་དེ་སྨན་པའི་ལྷན་ཚོགས་རང་ལ་བཏང་ཏེ་སྨན་ཞབས་ཚང་མ་འཛུལ་ཞུགས་ཆོག་པ་སྲིད་བྱུས་འདིའི་ནང་གསལ་ཡོད་པ་བཞིན་ཚང་མ་འཛུལ་ཞུགས་བྱེད་བཅུག་ཡོད་པ་རེད། དེ་དག་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཞིག་རེད།

དེ་དང་དེ་འདྲ་བར་དགོན་སྡེ་ཁག་ནང་ཆོས་དང་རིགས་གཞུང་ཉམས་ལེན་དང་དར་སྤེལ་བྱེད་རྒྱུར་རྒྱ་གར་གཞུང་ནས་ཆ་རྐྱེན་ལེན་རྒྱུ་མང་པོ་བཟོས་ཡོད་པ་རེད། ནང་སྲིད་ལས་ཁུངས་ལ་ཆ་བཞག་ན་གཞིས་ཆགས་ཁག་ཚོིར་ཐོིབ་ཐང་ཡོད་མེད་ཀྱི་དཀའ་ངལ་མང་པོ་ཡོད་པར་བརྟེན་དེ་དག་ལ་རྒྱ་གར་གཞུང་ངོས་ནས་སྔོན་མ་ཡིན་ན་ཪཱ་ཇིབ་གྷན་དྷི་ཨ་ཝ་ཅི་ཝར་ཅི་ནཱ་ཟེར་གྱི་ཡོད་པ་རེད། rajiv gandhi awaaz yojna དེང་སང་pradhanmatri yojnaཔར་དམ་མཱན་དྷིར་ཨ་ཝར་ཅི་ནཱ་ཐཱ་ཞེས་ལས་འཆར་དེའི་མིང་ལ་ཟེར་གྱི་ཡོད་པ་རེད། སྲིད་བྱུས་དེའི་འོག་ཕྱི་ལོ་༢༠༢༠ལོར་རྒྱ་གར་ནང་ལས་ཀ་མེད་མཁན་གྱི་མི་རྡོག་གཅིག་ཀྱང་མེད་པ་བཟོ་ཡི་ཡིན་ཟེར་གྱི་ཡོད་པ་རེད། དེ་ཐུབ་གྱི་ཡོད་མེད་གང་ཤེས་བསམ་བློ་གཏོང་གི་ཡོད་པ་རེད། ལས་འཆར་དེའི་ནང་ཁང་བཟོའི་ལག་རྩལ་ཡོད་པ་དེའི་ནང་ཁང་པ་བརྒྱབ་སྟེ་མི་མང་ལ་སྤྲོད་ཡག་བཅས་འཆར་གཞི་མང་པོ་སྲིད་བྱུས་དེའི་ནང་ཡོད་པ་རེད་ལ་དེ་བཞིན་ཤེས་ཡོན་དང་འཕྲོད་བསྟེན་བཅས་རྒྱ་གར་གཞུང་ནས་ཐོབ་ཐང་ལེན་རྒྱུ་ཞིག་གཏན་འབེབ་བཟོས་ཡོད་པ་རེད། དེར་བརྟེན་དེ་ཚོའི་རིགས་ལ་ང་ཚོས་ལག་ལེན་བསྟར་ཐུབ་པ་ཞིག་ལ་ཤུགས་རྒྱབ་དགོས་ཀྱི་ཡོད་པ་རེད།

༦། གོང་གི་དྲི་བ་དང་མ་འབྲེལ་བར་ནང་སྲིད་ལས་ཁུངས་ཀྱི་གནས་སྟངས་ཐད་གལ་གནད་ཆེ་བའི་དགོངས་འཆར་གང་གསུང་རྒྱུ་ཡོད་དམ།

ལན། བཙན་བྱོལ་ནང་གི་བོད་མི་གཙོ་བོར་གྱུར་བའི་ང་ཚོའི་སྒྲིག་འཛུགས་ཁག་དེ་དག་སྲ་བརྟན་ངང་གནས་ཐུབ་པ་བྱེད་རྒྱུ་དེ་ནང་སྲིད་ལས་ཁུངས་ཀྱི་ལས་འགན་གཙོ་བོ་དེ་རེད། དེ་དང་འབྲེལ་རྒས་འཁོགས་དང་། ཉམས་ཐག་བཅས་ཀྱི་རིགས་ལ་གཟིགས་སྐྱོང་གནང་དགོས་པ། དཔེར་ན། མི་ཧྲེང་ཡིན་པ་རྩ་བ་ནས་ལྟ་རྟོགས་བྱེད་མཁན་མེད་པ་དེ་འདྲ་ཡོད་ན་རྒས་གསོ་ཁང་ནང་བཅུག་དགོས་པ་དང་། གཞན་ཡང་རྒས་འཁོགས་ལོ་ལོན་ཡིན་པ་དང་ཁྱིམ་ཚང་ནང་སོ་སོའི་སྤུན་མཆེད་ཀྱིས་གཡོག་རྒྱུག་མཁན་ཡོད་པ་ཡིན་ན་དེ་ཚོར་དམིགས་བསལ་གྱི་འཚོ་སྣོན་སྤྲད་དེ་རོགས་སྐྱོིར་བྱེད་པ། ཡང་ལོ་ཆུང་རྒྱུན་རིང་ནད་ན་སྟེ་ལྷག་ཡོད་མཁན་ཡོད་ན་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་སྨན་བཅོས་ཀྱི་ཐོག་ནས་རོགས་པ་བྱེད་པ། ཤེས་ཡོན་གྱི་སྲིད་བྱུས་གཞིར་བཟུང་བྱིས་པ་ལོ་གསུམ་ལོན་སོང་ན་སློབ་གྲྭ་ཁག་ནང་བཅུག་སྟེ་ཕྱག་གཡང་སྤྲོད་པ་བྱེད་རྒྱུ་བཅས་དེ་དག་གི་རིགས་ལ་དངོས་སུ་ལག་བསྟར་བྱེད་དགོས་པ་རེད། 

གཞུང་ངོས་ནས་ད་ལྟ་བར་དཀའ་ལས་རྒྱབ། འཆར་གཞི་བཟོས་པ་ནང་བཞིན་ཡིག་ཐོག་ལ་མ་ལྷག་པར་ལག་བསྟར་གྱི་ཐོིག་ནས་འགྲོ་ཐུབ་པར་བྱེད་རྒྱུར་ང་ཚོས་ཤུགས་རྒྱབ་རྒྱུའི་གནད་འགག་ཅིག་ཡིན་བསམ་བཞིན་ཡོད། ང་ཚོས་ལག་བསྟར་དེ་འདྲ་ཞིག་བྱེད་ཐུབ་པ་ཡིན་ན་མ་འོངས་པར་ལོ་བཞིའི་མཚམས་སུ་བཀའ་བློན་གསར་པ་ཕེབས་ཡོང་གི་རེད། གཞུང་གི་འཛིན་སྐྱོང་གསར་པ་ཕེབས་ཡོང་གི་ཡོད་དུས་གཞུང་གིས་འཆར་གཞོ་བཟོས་པ་གཞིར་བཟུང་འཛུལ་བཞུགས་བྱེད་ཆོག་ཆོག་ཡོད་པ་ཞིག་བཟོ་དགསོ་པ་རེད། དེ་ང་ཚོས་ཤུགས་བརྒྱབ་སའི་གནད་འགག་དེ་རེད།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།