བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

དཔལ་འབྱོར་ལས་ཁུངས་ཀྱིས་རོཊ་འདེཊ་བྱ་རྒྱུའི་ལམ་ཁ་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༧།༠༨ཉིན་སྤེལ། རིག་གསར་ཚོང་ལས་ཀྱི་སྦྱོང་བརྡར་སྤྲད་པའི་ཐོག་ནས་དཔལ་འབྱོར་ལས་ཁུངས་ཀྱིས་ངོས་ནས་གང་ནུས་རོགས་འདེགས་བྱ་རྒྱུའི་ལམ་ཁ་ཞིག་ཡོད་པ་རེད།

altདེ་ཡང་སྐབས་བཅོ་ལྔ་པའི་དཔལ་འབྱོར་བཀའ་བློན་གསར་པ་ཀརྨ་ཡེ་ཤེས་ལགས་སུ་མ་འོངས་པའི་དཔལ་འབྱོར་ལས་ཁུངས་ཀྱི་ཐད་དམིགས་བསལ་གྱི་ལས་འཆར་དང་། ལས་དོན་གཉེར་ཕྱོགས་ཀྱི་སྐོར་ལ་བཅར་འདྲི་བྱས་པའི་དྲིས་ལན་གཤམ་གསལ་རྒྱས་གཟིགས་གནང་རོགས།

༡། སྐུ་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས། ལན། ངའི་ཕ་མ་བོད་ནས་སླེབས་པ་ཞིག་དང་། ང་རང་རྒྱ་གར་འབྲས་ལྗོངས་སྒང་ཏོག་ལ་སྐྱེས་པ་ཞིག་རེད། དེ་རྗེས་ལོ་ཁ་ཤས་རྗེས་ལ་དྷ་སར་གནས་སྤོ་བྱས་རྗེས་གཞིས་ཆགས་ཁག་ལ་བཏང་འདུག ང་རང་འཚར་ལོངས་གཞིས་ཆགས་ལ་བྱུང་བ་རེད། གཞིས་ཆགས་ནང་ཡོད་པའི་སྐབས་འཛིན་རིམ་ལྔ་པ་བར་སློབ་སྦྱོང་བྱས། དེ་རྗེས་པོན་ཊ་རུ་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་སློབ་སྦྱོང་བྱས། དེ་རྗེས་ཊལ་ཧོར་གཏན་སློབ་ནས་འཛིན་རིམ་བཅུ་གཉིས་ཐོན། སྐབས་དེར་བོད་གཞུང་ཡིན་པ་དང་། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་གཞིར་བཟུང་། དང་སློབ་དམག་སྒར་རུ་ཁྱུག་ཙམ་རིང་སྦྱོང་བརྡར་བྱེད་དུ་ཕྱིན། དམག་སྒར་ནས་སློབ་སྦྱོང་ཡག་པོ་ཡོད་པ་དེ་ཚོ་མར་ཐོན་ཡོང་གི་རེད། ང་རང་ཅཱན་དྷི་སྒར་Chandigarh མཐོ་སློབ་BA(Hons)

དང་། BLདགེ་རྒན་འོས་སྦྱོང་ཐོན། དེ་རྗེས་རྒྱ་གར་གཞུང་གི་འོག་ལ་ཡོད་པའི་བོད་སློབ་དགེ་རྒན་ལོ་བཞི་ལྷག་བྱས་པ་ཡིན། སྐབས་དེའི་རིང་ཅཱན་དྷི་སྒར་གྱི་ས་གནས་གཞོན་ནུ་དང་། རང་བདེན་ཚོགས་ཆུང་གི་ས་གནས་རྒྱུན་ལས་ཡིན། པུ་རུ་ཝ་ལའི་ནང་དགེ་རྒན་བྱེད་པའི་སྐབས་སུ་ས་གནས་འཐུས་ཚོགས། ས་གནས་གཞོན་ནུ། རང་བདེན་ཚོགས་ཆུང་གི་ཚོགས་གཙོའི་ལས་ཀ་བྱས་པ་ཡིན།  ཕྱི་ལོ་༡༩༩༥ལོར་དབུས་གཞོན་ནུའི་ཚོགས་ཆེན་སྐབས་སུ་དབུས་རྒྱུན་ལས་ཀྱི་ཚོགས་གཞོན་ལོ་དྲུག་རིང་བྱས་པ་ཡིན། སྐབས་དེར་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་རྒྱུ་བྱུང་ལ་འཆར་གཞི་ལེགས་པོ་བྱུང་ཐུབ་ཡོད།

དེ་རྗེས་ལོ་གཅིག་ལྷག་གི་རིང་ང་ཚོ་མི་ཁག་གཅིག་གིས་བོད་པའི་གཞིས་ཆགས་ཆེ་ཁག་ཁ་ཤས་ནང་ཉིན་བཅུ་བཅུ་རིང་ཞོགས་པ་ཆུ་ཚོད་༡༠།༠༠པ་ནས་དགོང་མོ་ཆུ་ཚོད་ལྔ་པ་བར་ཆབ་སྲིད་གོ་རྟོགས་ཀྱི་ཟབ་སྦྱོང་ལས་འགུལ་སྤེལ་རྒྱུ་བྱུང་སོང་། དེ་རྗེས་ནོར་ཝེ་རླུང་འཕྲིན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ངོས་ནས་ང་ལ་ཡི་གེ་འབྱོར་ཏེ་འགན་འཛིན་བྱེད་པར་རེ་ཞུ་གནང་བར་བརྟེན་ལོ་བརྒྱད་ལྷག་ནོར་ཝེ་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གི་འགན་འཁུར་བ་ཡིན། འགན་འཁུར་གནང་བའི་རིང་ཕྱི་ལོ་༢༠༠༤ལོར་སྐབས་བཅུ་གསུམ་པའི་དབུས་གཙང་སྤྱི་འཐུས་ཀྱི་བར་མའི་འོས་བསྡུའི་ནང་སླེབས་ཏེ་སྐབས་བཅོ་ལྔ་བར་མུ་མཐུད་ནས་སྤྱི་འཐུས་བྱས་པ་ཡིན། སྐབས་དེའི་རིང་ཚོགས་ཆུང་འདྲ་མིན་ནང་མཉམ་ཞུགས་དང་། བཀའ་སྤྱི་གཉིས་ཀྱི་ལས་འགུལ་སྤེལ་བ། ཆབ་སྲིད་ཀྱི་ལས་འགུལ་གོ་སྒྲིག་བྱེད་པ་བཅས་ལས་འགུལ་མང་པོར་འགན་འཁུར་ནས་བསྡད་པ་རེད། ཕྱི་ལོ་༢༠༡༦ཟླ་༦ཚེས་༡ཉིན་སྐུ་ངོ་སྲིད་སྐྱོང་མཆོག་གིས་མི་ཁག་གཅིག་སྐབས་བཅོ་ལྔ་པའི་བཀའ་ཤག་གི་བཀའ་བློན་འོས་མིར་བཏོན་ཏེ་ཆ་ཚང་གྲོས་ཚོགས་ནས་མང་མོས་ཐོབ་སྟེ་ཟླ་བ་འདིའི་ཟླ་འགོ་ནས་དཔལ་འབྱོར་ལས་ཁུངས་ཀྱི་འགན་འཁུར་གནང་བཞིན་ཡོད། 

༢། སྐུ་ཉིད་ཀྱིས་ད་ལྟའི་བཙན་བྱོལ་བོད་མིའི་གནས་སྟངས་དང་དགོས་མཁོ་ལ་གཞིགས་ཏེ་དཔལ་འབྱོར་གྱི་ཐད་ནས་ཡར་རྒྱས་དང་འགྱུར་བ་གཏོང་དགོས་པ་གང་དང་གང་མཐོང་གི་ཡོད་དམ། ལན། སྤྱིར་ལྷན་ཁང་ཚང་མ་གལ་ཆེན་པོ་རེད། དཔལ་འབྱོར་ལས་ཁུངས་འདི་ལྷན་ཁང་ཁག་གི་ནང་ནས་ཆེ་གྲས་ཤིག་རེད། དེ་ཡང་དཔལ་འབྱོར་ལས་ཁུངས་ཀྱིས་ལས་ཀ་གཙོ་བོ་དེ་བོད་མིའི་སྒྲིག་འཛུགས་སྤྱི་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་ལྟ་རྟོགས་བྱེད་རྒྱུ་དང་། ལྷག་པར་དུ་གྲོས་ཚོགས་ལ་སྔོན་རྩིས་བཀའ་ཁྲོལ་ཞུ་བྱེད་ཀྱི་མཚོན་པས་སྔོན་རྩིས་བར་བརྒལ་བཀའ་ཁྲོལ་་དང་བཅས་པས་འགན་འཁུར་བཞེས་རྒྱུ་དང་། སྔོན་མ་ཡིན་ན་དཔལ་འབྱོར་ལས་ཁུངས་ཀྱིས་ཚོང་ལས་གཉེར་གྱི་ཡོད་པ་རེད། བར་སྐབས་ཤིག་ནས་ཚོང་ལས་ཚང་མ་མེད་པར་བཟོས་ཏེ་གཞུང་ངོས་ནས་ཚོང་རྩ་བ་ནས་རྒྱག་གི་མེད་ན་ཡང་བོད་པའི་སྤྱི་ཚོགས་ནང་གི་གཞོན་སྐྱེས་ཚང་མ་བཞུགས་སྒར་དྷ་རམ་ས་ལར་ལས་ཀ་སྤྲོད་རྒྱུའི་གོ་སྐབས་དེ་ཡོང་ཐབས་མེད་པ་རེད།

གཞན་ཡང་སྤྱི་ཚོགས་ནང་སློབ་སྦྱོང་ཡག་པོ་ཡོད་པ་གང་ཞིག་ཚོང་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ཚེ་ཚོང་ལས་ཀྱི་ཟབ་སྦྱོང་དང་། རིག་གསར་ཚོང་ལས་ཀྱི་སྦྱོང་བརྡར་སྤྲད་པའི་ཐོག་ནས་དཔལ་འབྱོར་ལས་ཁུངས་ཀྱི་ངོས་ནས་གང་ནུས་རོགས་འདེགས་བྱ་རྒྱུའི་ལམ་ཁ་ཞིག་ཡོད་པ་རེད། དཔལ་འབྱོར་ལས་ཁུངས་ཀྱི་ནང་། སྤྱི་ཚོགས་ཡར་རྒྱས་ཀྱི་སྡེ་ཚན། ཡིད་ཆེས་དགེ་རྩ། བོད་མིའི་བདེ་དོན་ལྷན་ཚོགས་བཅས་སྡེ་ཚན་གསུམ་ཡོད་པ་དེའི་ཚོགས་གཙོ་དེ་སྐུ་ངོ་སྲིད་སྐྱོང་རེད། ཚོགས་གཙོ་གཞོན་པ་དེ་ང་རང་ཡིན། དེ་བརྒྱུད་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དཔལ་འབྱོར་བསྡུ་འགོད་བྱ་རྒྱུ་བཅས་འགན་ཆེན་པོ་རེད།

དེ་ཡང་ད་ལྟ་བར་དུ་ལས་འཆར་གང་ལ་གང་ཙམ་ཞིག་ཡོད་པ་དཔེར་ན། ཡར་ཐོན་ཚོང་ལས་ཀྱི་ལས་གཞི། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་འབབ་ཡག་ཏུ་གཏོང་རྒྱུར་ཐབས་ཤེས་གང་བྱེད་དགོས་མིན། དེ་བཞིན་དཔྱ་ཁྲལ་ལག་དེབ་བརྒྱུད་དེ་གཞུང་ལ་དཔལ་འབྱོར་བསྡུ་འགོད་ཇི་ལྟར་བྱེད་དགོས་མིན། དཔལ་འབྱོར་བསྡུ་འགོད་ཙམ་མ་ཡིན་པར་གཞུང་མང་གཉིས་དབར་གྱི་འབྲེལ་བ་དེ་དཔྱ་ཁྲལ་ལག་དེབ་བརྒྱུད་དེ་ཆགས་ཀྱི་ཡོད་པར་བརྟེན་དུས་ཐོག་ཏུ་དཔྱ་ཁྲལ་ལག་དེབ་བསྡུ་བ། དེ་བཞིན་བོད་པ་མ་ཡིན་པར་ཕྱི་རྒྱལ་ཡུལ་མི་སུ་འདྲ་ཞིག་ཡིན་རུང་བོད་མིར་ཤ་ཚ་དང་རྒྱབ་སྐྱོར་ཡོད་མཁན་ཁག་གཅིག་གིས་ལག་དེབ་སྔོན་པོ་བརྒྱུད་དེ་གདུང་སེམས་མཉམ་སྐྱེད་ཀྱིས་གཞལ་འདེབས་ཕུལ་མཁན་ཡང་ཡོད་པ་བཅས་དེ་འདྲ་བའི་ལས་འཆར་མང་པོ་ཞིག་བང་བསྒྲིགས་ཡོད་པ་རེད།

སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་ཆ་བཞག་པ་ཡིན་ན་རོགས་ཚོགས་ཁག་ལ་འབྲེལ་བ་བྱས་ཏེ་དེའི་དངུལ་གྱི་འཆར་གཞི་ཕར་ཕུལ་རྒྱུ། ལྷན་ཁང་གི་ངོས་ནས་འཆར་གཞི་ཚུར་བསྡུས་ཏེ་ལག་བསྟར་བྱས་རྗེས་གྲུབ་འབྲས་གང་དུ་སླེབས་ཡོད་མེད་བཅས་ལས་གཞི་རྒྱ་ཆེན་པོ་ཞིག་རེད་འདུག དེ་དག་ཚང་མ་སྤྱི་ཡོངས་ནས་ཡག་པོ་འགྲོ་བཞིན་ཡོད་པ་རེད་ལ་ཡག་ཐོག་ཡག་བརྩེགས་ཟེར་བ་ལྟར་ཇི་ལྟར་ཉམས་ཞིབ་བྱེད་དགོས་མིན་དང་ཚག་ཚུད་ཇི་ལྟར་བྱེད་དགོས་མིན། བཏང་སར་སྨིན་པ་ཇི་ལྟར་བྱེད་དགོས་མིན། ཕྱི་རྒྱལ་གྱི་རོགས་དངུལ་ཐོབ་པ་དེ་གཞིས་ཆགས་དང་ས་གནས་གང་དུ་གཏོང་བ་དེས་མི་མང་ལ་ག་ཚོད་ཕན་ཐོགས་བྱུང་གི་ཡོད་མེད་ཞིབ་འཇུག་བྱེད་དགོས་པ་དེ་གལ་ཆེན་པོ་རེད་འདུག་པ་བཅས་དེའི་ཐོག་ནུས་ཤུགས་འདོན་རྒྱུ་ཡིན། རོགས་ཚོགས་ཀྱིས་རོགས་དངུལ་རྒྱབ་སྐྱོར་བྱས་པ་དེས་གྲུབ་འབྲས་འདི་བྱུང་འདུག་ཅེས་མ་འོངས་པར་དེ་བས་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་ལས་འཆར་གཅིག་དེ་ཡིན།

དེ་བཞིན་བོད་མིའི་སྤྱི་ཚོགས་ནང་དཔལ་འབྱོར་ལས་ཁུངས་ཀྱིས་ཐུབ་དང་མ་ཐུབ་མ་ཤེས་ཀྱང་སྐྱེས་ཆུང་བུན་གཡར་དང་འབྲེལ་བའི་དངུལ་ཁང་ལྟ་བུ་ཞིག་བཙུགས་རྒྱུའི་འཆར་གཞི་ཞིག་བང་སྒྲིག་ཡོད། དེ་ལམ་སང་ཡོང་རྒྱུ་ཁག་པོ་རེད་འདུག་གང་ཡིན་ཟེར་ན་གཞན་དབང་སྟབས་བསྟུན་ཡིན་པར་བརྟེན་སྒྲིག་གཞི་མང་པོ་བརྒྱུད་དགོས་པ་རེད། དེར་བརྟེན་བོད་པ་ནང་ཁུལ་གྱི་འཁོར་རྒྱ་དེ་གཞན་དུ་འགྲོ་མི་དགོས་པར་བོད་པའི་སྤྱི་ཚོགས་ནང་འཁོར་ཐུབ་པ་ཞིག དང་།  དངུལ་དེས་མ་རྩ་གཡར་ཏེ་ནང་ཁུལ་བསྐོར་བ་རྒྱག་རྒྱུའི་འཆར་གཞི་ཞིག་ཡོད་པ་དེའི་ཐོག་ནུས་པ་འདོན་དགོས་བསམ་པ་ཞིག་དང་། དེ་དང་ཕྱོགས་མཚུངས་ལོ་གཅིག་གི་དངུལ་འཛིན་ཕུལ་བ་དེ་སྒྲིག་གཞི་དང་། གཙོ་བོ་བཅའ་ཁྲིམས། ཡང་བརྒོས་གཞུང་དངུལ་འདུ་འགོད།  ལོ་འཁོར་སྔོན་རྩིས་བཅས་སྒྲིག་གཞི་ལས་མ་བརྒལ་བ་བྱ་རྒྱུ་དེ་སྤྱི་ཡོངས་ཡིན་པ་དེ་འགྲོ་ཡི་འདུག

དེ་མ་ཡིན་པར་དཔལ་འབྱོར་ལས་ཁུངས་ཀྱི་ནང་གལ་ཆེ་ཤོས་དེ་དཔྱ་ཁྲལ་ལག་དེབ་དེ་རེད། ལག་དེབ་དེ་བོད་མི་ཚང་མས་བཟོ་དགོས་པ་དང་བཟོས་པ་ཙམ་མ་ཟད། དུས་ཐོག་དངུལ་ཕུལ་དགོས་པ་དེ་དཔལ་འབྱོར་ལས་ཁུངས་ལ་ཐད་ཀར་ཡོང་དགོས་པ་དེ་འདྲ་གལ་མ་རེད། རྒྱ་བལ་འབྲུག་གསུམ་ནང་རང་བདེན་ཚོགས་ཆུང་། ཕྱི་རྒྱལ་ཁག་ཏུ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། བོད་རིགས་མི་མང་། བོད་རིགས་ཚོགས་པ་རྒྱུད་ནས་དཔྱ་ཁྲལ་གྱི་དངུལ་བསྡུ་ཡི་ཡོད་པ་དེ་དག་ཚག་ཚུད་དུ་གཏོང་རྒྱུ་བང་རིམ་བསྒྲིགས་ཡོད་ཞུ་རྒྱུ་ཡིན།

༣། སྐུ་ཉིད་ཀྱིས་ལོ་ལྔའི་ནང་དཔལ་འབྱོར་གྱི་གནས་སྟངས་ཐད་དམིགས་བསལ་གྱི་ཕྱག་ལས་གནང་རྒྱུའི་འཆར་གཞི་གང་དང་གང་ཡོད་དམ། ལན། ང་རང་གི་ངོས་ནས་བཤད་ན་དཔལ་འབྱོར་གྱི་རིག་པ་གང་ཡང་སྦྱངས་ཡོད་མ་རེད། གྲོས་ཚོགས་ཀྱི་འཐུས་མི་བྱེད་པའི་རིང་སྔོན་རྩིས་ཚོད་དཔག་ཚོགས་ཆུང་ནང་ཐེངས་ཁ་ཤས་བསྡད་པ་རེད། དེ་དག་ཚང་མ་དཔལ་འབྱོར་དང་འབྲེལ་བ་ཡོད་པར་བརྟེན་དེའི་ཉམས་མྱོང་ཕྲ་ལ་ཕྲན་བུ་ཡོད་པ་རེད། བོད་པའི་གཞོན་སྐྱེས་ནང་ཚོང་ལས་གཉེར་མཁན་མང་པོ་ཡོད་པ་རེད། ཚོང་གང་རྒྱག་པ་དེ་རིག་པ་གསར་པའི་ཚོང་ལས་དེང་རབས་དང་མཐུན་པ། དྲ་ལམ་ཐོག་ནས་གང་འདྲ་བྱས་ནས་ཚོང་རྒྱག་དགོས་མིན་དེ་སྔ་ནས་འདུག དེ་ཤུགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཞིག་བང་རིམ་བསྒྲིགས་ཡོད། གཞན་ཡང་གོང་དུ་ཞུས་ཟིན་པའི་དངུལ་ཁང་གི་སྐོར་དེ་གཅིག་ཡིན། ང་ཚོའི་ཚན་པའི་ནང་དུ་དང་ཞབས་ཀྱི་ལས་གཞི་གཅིག་འགྲོ་བཞིན་ཡོད་པ་རེད། དེ་བརྒྱུད་ནས་ཕྱི་རྒྱལ་དུ་ཡོད་པའི་བོད་མི་དང་། རྒྱ་གར་ལ་ཡོད་པའི་བོད་མིའི་སྒྲིག་འཛུགས་ནང་མ་ཡིན་པར་རྒྱ་གར་གྱི་སྡེ་ཚན་དང་། ཕྱི་རྒྱལ་གྱི་སྡེ་ཚན་ནང་ཕྱག་ལས་གནང་མཁན་གྱི་བོད་མི་དེ་དག་གི་ཤེས་ཡོན་དང་ཉམས་མྱོང་བརྗེ་རེས་བྱ་རྒྱུའི་འཆར་ཞིག་ཡོད།

ལྷག་པར་དུ་བོད་མིའི་སྒྲིག་འཛུགས་སྤྱི་ཡོངས་ཀྱི་འཆར་གཞི་དེ་ཕྱི་ལོ་༢༠༢༠ལོར་གང་དུ་སླེབས་ས་རེད།  སྐབས་དེར་ང་ཡོད་དམ་མེད་ཀྱི་སྐད་ཆ་མ་རེད་དེ་དག་ཕུགས་རྒྱང་རིང་པོའི་འཆར་གཞི་གཏིང་དགོས་པ་དེ་གལ་ཆེན་པོ་རེད་འདུག སྤྱི་ཡོངས་ཀྱི་དཔལ་འབྱོར་ལས་ཁུངས་དེ་གང་ཆགས་ཡོད་པ་རེད་དམ་ཟེར་ན་ལས་འཆར་ཚང་མའི་ཡོང་ས་དེ་འཆར་གཞི་ཚོགས་ཆུང་ནས་ཞིབ་འཇུག་བྱས། འཆར་ཇུས་ལྷན་ཚོགས་དེ་བཀའ་ཤག་ལ་འགྲོ་དགོས་པ་རེད། དེ་བརྒྱུད་ནས་འཆར་གཞི་དེ་དག་ཚང་མར་ཞིབ་འཇུག་བྱེད་རྒྱུ་ནི་དེ་སྔ་དང་མི་འདྲ་བའི་བང་རིམ་ཞིག་བསྒྲིགས་ཡོད་ཞུ་རྒྱུ་ཡིན།

༤། འཆར་གཞི་དེ་གཅིག་ནས་ལྔ་ཡང་ན་བཅུ་བར་གསུང་རོགས་གནང་། ལན། དཔལ་འབྱོར་ལས་ཁུངས་ཀྱིས་གྲངས་འབོར་དེ་སྟོན། གྲངས་འབོར་དེ་སྟོན་ཚར་བའི་རྗེས་ལ་ལྷན་ཁང་ཚང་མ་དང་། མང་གཙོའི་ཀ་བ་གསུམ་དབར་འབྲེལ་བ་བྱས་ཏེ་ནང་སྲིད་ཀྱི་ལས་དོན་དེ་ནང་སྲིད་ཀྱིས་ཡག་པ་མཁྱེན་གྱི་རེད། ཆོས་རིག་གི་ལས་དོན་དེ་ཆོས་རིག་གིས་ལེགས་པོ་མཁྱེན་གྱི་རེད། དེ་དག་སོ་སོའི་འཆར་གཞི་དེ་ལོ་ལྔ་དང་བཅུའི་རྗེས་ལ་གང་འདྲ་ཞིག་བྱུང་གི་ཡོད་མེད། དེའི་འཆར་གཞི་ལེགས་པོ་ཞིག་བང་རིམ་བསྒྲིག་སྟེ་ལོ་ལྔའི་རིང་ལ་དམིགས་ཚད་དེ་ཡིན་ཞེས་དང་། རྒྱུན་ལྡན་གྱི་ལས་ཀ་མུ་མཐུད་བྱེད་དགོས་ངེས་ལྟར་ཕུགས་རྒྱང་རིང་པོའི་དམིགས་ཡུལ་དེ་ཡང་ཡོད་པ་བྱས་། ཕྲལ་ཕུགས་རྒྱང་གསུམ་གྱི་འཆར་གཞི་བཀོད་ཐུབ་པ་ཞིག་དང་། མ་འོངས་པར་དེ་ཡིན་ཞེས་འཆར་ཇུས་ལྷན་ཚོགས་ཚོགས་ཀྱི་ཡོད་པར་བརྟེན་འདིའི་ནང་ཁྱད་ལས་པས་ཞིབ་འཇུག་བྱས་ཏེ་བང་རིམ་ཞིག་སྒྲིག་ཐུབ་པ་ཡིན་ན་གནས་སྐབས་རིང་། ཕུགས་ཀྱི་རིང་ཞེས་ལམ་ཁ་ཞིག་བང་བསྒྲིག་དགོས་པ་དེ་གལ་ཆེན་པོ་རེད་འདུག་བསམ་གྱིན་ཡོད།


༥། གོང་གི་དྲི་བ་དང་མ་འབྲེལ་བར་དཔལ་འབྱོར་གྱི་གནས་སྟངས་སྐོར་ལ་གལ་གནད་ཆེ་བའི་དགོངས་འཆར་ཞིག་གསུངས་རོགས་གནང་། ལན། དེ་རིང་གི་གོ་སྐབས་དེ་བརྒྱུད་ནས་དཔལ་འབྱོར་ལས་ཁུངས་ཀྱིས་གཙོ་ཆེ་ཤོས་དེ། དཔལ་འབྱོར་ལས་ཁུངས་དང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་དེ་ཚོ་མཉམ་རུབ་ཀྱིས་རང་བདེན་ཚོགས་ཆུང་གི་ལས་དོན་དང་སྤྱི་མཐུན་ཚོགས་པའི་ལས་དོན་ཚག་ཚུད་ཡོང་བ་བྱེད་རྒྱུ་དེ་རེད། དེ་རྒྱུད་དེ་དཔྱ་ཁྲལ་ལག་དེབ་བོད་མི་ཚང་མར་རགས་ཐུབ་པ་ཞིག་དང་། རགས་ཚར་རྗེས་དཔྱ་དངུལ་དུས་ཚོད་ཏག་ཏག་ཕུལ་རྒྱུ་དེ་གལ་ཆེན་པོ་རེད་འདུག

དེའི་ཐོག་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་དགོས་པ་དེ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་དང་། དེ་གནང་བ་ལ་བརྟེན་ནས་བོད་མི་རིགས་ཀྱི་ལ་རྒྱ་དང་། བོད་ནང་གི་གནས་སྟངས། ༧གོང་ས་མཆོག་གིས་དབུ་ཁྲིད་འོག་མ་འོངས་པའི་གནས་སྟངས་ལ་བལྟས་ཏེ་རང་ངོས་ནས་གཞལ་འདེབས་ཕྲན་བུ་རེ་བརྒྱབ་པ་ཡིན་ན་ཕན་ནུས་ཆེན་པོ་བྱུང་གི་ཡོད་པ་རེད། གཉིས་པ། འབྲེལ་ཡོད་ས་གནས་འགོ་འཛིན་དང་། སྐུ་ཚབ་དོན་གཅོད་ཡིན་ཡང་རེད་ལག་དེབ་སྔོན་པོ་དེ་བོད་པ་མ་ཡིན་པའི་ཕྱི་རྒྱལ་དང་རྒྱ་གར་མི་ཡིས་དོ་ཁུར་ཆེན་པོ་གནང་གི་ཡོད་པ་རེད། དེའི་ཐོག་སྐུ་ཚབ་དོན་གཅོད་ཁག་གཅིག་གིས་ལས་དོན་ལེགས་པོ་གཉེར་གྱིན་འདུག དེའི་ཐོག་འབྲེལ་ཡོད་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་བ་ཡིན་ན་མ་འོངས་པར་ཕུགས་རྒྱང་རིང་པོའི་དཔལ་འབྱོར་སྲ་བརྟན་བཟོ་རྒྱུར་ཐུགས་ཕན་གསོས་ཐུབ་ཀྱི་རེད་བསམ་གྱིན་ཡོད།

གསུམ་པ། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འཆར་གཞི་དེའི་ཐོག་ལ་རིང་མིན་ཡིག་ཆ་ཞིག་ཐོན་ཡོང་གི་རེད། སྐབས་དེར་ཚང་མས་སོ་སོའི་འཆར་གཞི་ཡར་ཕུལ་ཏེ་མཉམ་བཞུགས་གནང་དགོས་པ་དེ་རེད། འཆར་གཞི་ཡར་ཕུལ་བ་ཙམ་གྱིས་ཚུད་མ་ཚུད་སྐད་ཆ་ཁ་ཁ་རེད། མཐའ་མའི་ཞིབ་འཇུག་དེ་ནས་བྱེད་ཀྱི་རེད། དེར་བརྟེན་བཀའ་ཤག་ནས་བཀའ་ཁྲོལ་་ཞུ་ཡི་རེད། ཕུགས་ལ་ཡིག་ཆ་གཞི་བཞག་བྱེད་རྒྱུ་དེ་གལ་ཆེན་པོ་རེད་འདུག དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འོག་ཏུ་དེང་རབས་ཅན་གྱི་ཚོང་ལས་གཉེར་རྒྱུའི་ལས་འཆར་ཞིག་ང་ཚོས་འགྲོ་བཞིན་པ་རེད། དེའི་ནང་ང་ཚོས་ཟབ་སྦྱོང་སྤྲོད་ཀྱི་ཡོད་རེད། མ་དངུལ་ཕྲ་ལ་ཕྲན་བུ་གནང་གི་ཡོད་རེད། དེ་རིང་མི་བཞི་ཚུད་རྒྱུར་ཞིབ་འཇུག་བྱེད་བཞིན་པ་ཡིན། དེ་དག་ཚང་མའི་ནང་གཞོན་སྐྱེས་ཚོས་མཉམ་ཞུགས་གནང་དགོས་པ་རེད། མཉམ་ཞུགས་གནང་རྗེས་སོ་སོའི་གཞིས་ཆགས་ནང་ཚོང་ལས་ཀྱི་སྡེ་ཚན་བཙུགས་ཏེ་དེ་གཞིར་བཟུང་མི་མང་ལ་ཕན་ཐོགས་བྱེད་ཐུབ་པ་དང་ལྷན་སོ་སོར་ཁེ་ཕན་ཡོང་བར་འབད་བརྩོན་བྱེད་དགོས་པ་རེད། དེའི་སྡིངས་ཆ་བསྐྲུན་རྒྱུ་དེ་དཔལ་འབྱོར་ལས་ཁུངས་ཀྱི་ལས་འགན་རེད། བཀའ་ཤག་གི་ཐུགས་འགན་རེད། མི་མང་གིས་ངོས་ནས་མཉམ་ཞུགས་གནང་ཚར་བའི་རྗེས་ལ་ཏན་ཏན་ཡག་པོ་ཡོང་གི་རེད།།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།