བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བོད་རང་གི་ལངས་ཕྱོགས་དང་ལྟ་བ་ཁུངས་སྐྱེལ་བྱས་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༥།༠༤ཉིན་སྤེལ། ངའི་དེབ་འདི་ཡང་ང་ཚོར་བཙན་མཛུལ་བྱེད་མཁན་གྱི་རྒྱ་རིགས་ཁོ་རང་ཚོའི་ཡི་གེ་བེད་སྤྱོད་བྱས་ནས་བྲིས་པའི་ཡི་གེ་ཡི་དུར་ཁྲོད་སྟེ། ངས་བོད་མི་རིགས་ལ་རང་ནུས་ཀྱི་ཞབས་ཞུ་གནང་ས་ཆུང་ཆུང་ཞིག་ཡིན་པར་བསམ་བཞིན་ཡོད།

altའདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་བོད་ཡིག་སྡེ་ཚན་གྱིས་རྒྱའི་ཡིག་ཐོག་ནས་བོད་དོན་ལ་ཉམས་ཞིབ་དང་རྩོམ་འབྲི་བྱེད་ཀྱིན་པའི་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་ཀྱིས་རྒྱ་ཡིག་ཐོག་པར་འགྲེམས་བྱས་པའི་དེབ་གསར་༼  དུར་ཁྲོད། ༽ སྐོར་ལ་བཅར་འདྲི་ཞུས་པ་ཞིག་དྲ་འགོད་བྱས་ཡོད།

༡ ཐོག་མར་སྐུ་ཉིད་ངོ་སྤྲོད་ཅིག་གནང་རོགས།
ལན། ངའི་མིང་ལ་སངས་རྒྱས་སྐྱབས་ཟེར། ང་བོད་མདོ་སྨད་ཁྲི་ཀ་རུ་སྐྱེས་ནས་རིམ་བཞིན་སློབ་གྲྭ་ཆུང་འབྲིང་བརྒྱུད་དེ། མཐར་༡༩༩༨ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་བྱིན་པ་དང༌། ༡༩༩༩ལོར་རྒྱ་གར་དུ་བཙན་བྱོལ་ལ་སོང་སྟེ། ༢༠༠༠ལོའི་ཟླ་༣བ་ནས་༢༠༡༤ལོའི་ཟླ་༡པོའི་ཚེས་༡༤བར་བོད་གཞུང་ཕྱི་དྲིལ་ལས་ཁུངས་རྒྱ་ཡིག་སྡེ་ཚན་ནང་གསར་འགོད་པ། ཡིག་བསྒྱུར། པར་བ། རྒྱ་ཡིག་གི་གཞུང་འབྲེལ་དུས་དེབ་བོད་ཀྱི་གནས་འཕྲིན་ཟེར་བའི་རྩོམ་སྒྲིག་པ། རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན། བོད་གཞུང་གི་རྒྱ་སྐད་མགྲིན་ཚབ་པ་སོགས་གནང་བ་ཡིན། ད་ལྟ་སི་པན་རྒྱལ་ཁབ་དུ་གནས་སྡོད་དང༌། མུ་མཐུད་དུ་བོད་དོན་སྐོར་ལ་ཉམས་ཞིབ་དང་རྩོམ་འབྲི་བྱེད་ཀྱི་ཡོད།

༢ སྐུ་ཉིད་ཀྱིས་དེབ་དེ་པར་འགྲེམས་བྱེད་དགོས་དོན་གྱི་དམིགས་ཡུལ་ཅི་ཞིག་ཡིན་པ་གསུང་རོགས
ལན། དེབ་འདིའི་ནང་ངས་༢༠༠༩ནས་༢༠༡༦པར་བྲིས་བའི་རྩོམ་ཡིག་མང་ཆེ་བ་འདུས་ཡོད་པ་ཞིག་ཡིན། སྤྱིར་བཏང་ངའི་རྩོམ་ཡིག་རྣམས་དྲ་རྒྱ་དང་དུས་དེབ་སོགས་སུ་ཀློག་ཐུབ་མོད། ཡིན་ཡང་ག་ས་ག་བར་ཐོར་སྡད་པ་རེད། དེ་བས་ཐེ་ཝན་གྱི་གངས་ལྗོངས་པར་སྐྲུན་ཁང་གིས་ངའི་རྩོམ་ཡིག་ཕྱོགས་སྒྲིག་གིས་དེབ་ཅིག་པར་བསྐྲུན་བྱེད་རྒྱུར་རེ་བ་དོན་པ་དང་། དེ་བས་ངས་ཀྱང་མོས་མཐུན་གནང་བ་ཡིན།

དམིགས་ཡུལ་གཙོ་བོ་ངའི་རྩོམ་ཡིག་ཚང་མའི་ནང་བོད་དོན་བཤད་ཀྱི་ཡོད་པ་རེད། བོད་ཀྱི་དཀའ་ངལ། བོད་ཀྱི་བདེན་པ། རྒྱ་གཞུང་དང་རྒྱ་རིགས་སྒེར་བ་སོགས་ཀྱི་དྲང་བདེན་མ་ཡིན་པའི་ཁྱབ་སྒྲགས་ལ་དགག་ལན་བྲིས་ཡོད་པ་རེད། རྒྱ་ཡིག་གི་འཇིག་རྟེན་ནང་བོད་པ་རང་གིས་བྲིས་པའི་དེབ་ཧ་ཅང་ཉུང་ཉུང་རེད། ལྷག་པར་དུ་བོད་དོན་དང་འབྲེལ་བའི་བོད་ཀྱི་ལོ་རྒྱུས་དང་བོད་རྒྱལ་ཁབ་སྐོར་དེ་ལས་དཀོན་པོ་རེད། དེའི་ཕྱིར་དེབ་འདི་འདྲ་ཞིག་པར་བསྐྲུན་གནང་བ་ཡིན་ན། རྒྱ་ཡིག་གི་འཇིག་རྟེན་ནང་བོད་ཀྱི་བདེན་པ་དང་བོད་པའི་རེ་འདོད་སོགས་ངོ་སྤྲོད་བྱེད་པར་ཕན་གྱི་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་ནང་དུ་དེབ་འདི་འགྲོ་ཐུབ་ཚེ་རྒྱ་ནག་གཞུང་གིས་བཤད་བཞིན་པ་དང་མི་འདྲ་བའི་ལངས་ཕྱོགས་ཤིག་དང་། འགྲེལ་བཤད་ཅིག་གནང་ཚེ་རྒྱ་རིགས་རྣམས་ཀྱིས་བོད་དོན་དང་བོད་ཀྱི་གནས་ཚུལ་སྐོར་རྒྱུས་ལོན་བྱེད་སའི་སྒོ་མོ་ཞིག་ཕྱེ་བ་ལྟ་བུ་ཡིན་པས་དམིགས་ཡུལ་དེ་འདྲ་ཞིག་གི་འོག་ནས་དཔར་བསྐྲུན་གནང་པ་ཡིན།

༣ ཁྱེད་ཀྱི་དེབ་ཀྱི་ཁ་བྱང་ལ་༼དུར་ཁྲོད།༽འདོགས་དགོས་དོན་ཅི་ཡིན་པ་དང༌། ཁ་བྱང་གི་འགྲེལ་ཐུང་ཞིག་གནང་རོགས
ལན། དུར་ཁྲོད་ནི་ངའི་ཟིན་བྲིས་ཀྱི་མིང་ཡིན། ད་རེས་དེབ་ཀྱི་མིང་ལ་ཡང་བཏགས་པ་རེད། དུར་ཁྲོད་ནི་བོད་མིའི་མཐའ་མཇུག་གི་ལུས་པོ་སེམས་ཅན་གཞན་ལ་སྦྱིན་པ་གནང་ས་དེ་རེད། ངའི་དེབ་འདི་ཡང་ང་ཚོར་བཙན་མཛུལ་བྱེད་མཁན་གྱི་རྒྱ་རིགས་ཁོ་རང་ཚོའི་ཡི་གེ་བེད་སྤྱོད་བྱས་ནས་བྲིས་པའི་ཡི་གེ་ཡི་དུར་ཁྲོད་སྟེ། ངས་བོད་མི་རིགས་ལ་རང་ནུས་ཀྱི་ཞབས་ཞུ་གནང་ས་ཆུང་ཆུང་ཞིག་ཡིན་པར་བསམ་བཞིན་ཡོད།

དེ་བཞིན་དྲ་གྲོགས་ཤིག་གིས་ཀྱང་དེབ་ཀྱི་མིང་གི་སྐོར་ལ་འདི་འདྲ་ཞིག་བྲིས་འདུག༼དུར་ཁྲོད་ན་མེ་འབར་བའི་རྣམ་ཤེས་ཡོད། དུར་བྱང་ན་ཁ་བའི་ལས་ཀྱི་ཐོད་ཡིག་ཡོད༽ཟེར།

༤ དེབ་ནང་དུ་དོན་ཚན་བདུན་དུ་དབྱེ་ཡོད་པ་ལས་ཁྱོད་རང་ལ་ཆེས་གལ་ཆེ་ཤོས་ཀྱི་དོན་ཚན་གང་ཡིན་པ་དང༌། རྒྱུ་མཚན་ཅི།
ལན། སྤྱིར་བཏང་དོན་ཚན་བདུན་པོའི་བརྗོད་དོན་ལ་དམིགས་ནས་དབྱེ་བ་རེད། དེ་བས་གལ་ཆེ་ཆུང་གི་ཁྱད་པར་ཡོད་པ་མ་རེད། དེ་དག་གི་ནང་ནས་ཡིན་གཅིག་མིན་གཅིག་གལ་ཆེ་ཆུང་དབྱེ་དགོས་ཟེར་ན་ཁག་པོ་རེད་མོད། ཡིན་ཡང་ང་རང་གིས་དོན་ཚན་༤བར་དགག་བཞག་བདེན་པའི་འཁོར་ལོ་བཞག་ན་བསམ་སོང༌། རྒྱུ་མཚན་ནི། དོན་ཚན་འདིའི་ནང་དགག་བཞག་བྱས་ཡོད་པས་རྒྱ་ནག་གམ་རྒྱ་རིགས་ཀྱི་ལྟ་བ་བདེན་པ་མ་ཡིན་པ་ལ་དགག་པ་དང༌། བོད་རང་གི་ལྟ་བ་བཞག་ཡོད་པས། ཕྱོགས་གཉིས་ཀྱི་བསམ་བློ་དང་ལྟ་བ་ཤེས་འདོད་ཡོད་མཁན་ཚོར་ཕན་པར་མ་ཟད། ལྟ་བ་གཉིས་བཀོད་ནས་ཀློག་པ་པོས་རང་གི་རྣམ་དཔྱོད་བེད་སྤྱོད་ཀྱིས་བདེན་རྫུན་ལ་དབྱེ་བ་འབྱེད་ཐུབ་ཀྱི་རེད།

གཞན་བོད་རིགས་གཞོན་སྐྱེས་ཚོར་ཡང་ཕན་གྱི་རེད་བསམ་གྱི་ཡོད། བོད་དོན་ཐོག་སེམས་ཤུགས་ཡོད་པ་ཡིན་ཡང་། འགྲེལ་བཤད་དང་རྒྱ་ནག་གཞུང་གི་བདེན་པ་མིན་པའི་དྲིལ་བསྒྲགས་ལ་དགག་པ་རྒྱག་མ་ཤེས་མཁན་མང་པོ་རེད། དེ་ཚོས་ངའི་དེབ་ཀློག་པ་ཡིན་ན་དག་དག་འགྲེལ་བཤད་དང་དགག་པ་རྒྱག་སྟངས་ཤེས་ཐུབ་ཀྱི་རེད་བསམ་གྱི་ཡོད།

༦ དེབ་དེ་ནི་མ་འོངས་པར་བོད་ཡིག་སྟེང་བསྒྱུར་བའི་འཆར་གཞི་ཡོད་དམ།
ལན། སྤྱིར་བཏང་རྩོམ་ཡིག་དེ་དག་རྒྱ་རིགས་ལ་དམིགས་ནས་བྲིས་པ་རེད། དེབ་ཡང་དེ་བཞིན་རེད། ད་ལྟ་བོད་ཡིག་ལ་བསྒྱུར་རྒྱུའི་འཆར་གཞི་མེད་ལགས།

༧ དེབ་ལ་ཤོག་གྲངས་ག་ཚོད་ཡོད་པ་དང་དེབ་གྲངས་ག་ཚོད་དཔར་ཡོད་པ། ཀློག་པ་པོའི་ངོས་ནས་ལྟ་ཚུལ་ག་རེ་ཐོན་གྱི་འདུག
ལན། དུར་ཁྲོད་ལ་ཤོག་གྲངས་༣༥༢ཙམ་ཡོད། དེབ་གྲངས་ག་ཚོད་ཡོད་མེད་ཤེས་མ་སོང༌། རྒྱ་རིགས་ཀློག་པ་པོ་དེ་ཚོས་དགའ་བསུ་ཞེ་དྲག་བྱེད་ཀྱི་འདུག རྒྱུ་མཚན་ནི། དེབ་འདི་བརྒྱུད་ནས་བོད་དོན་ལ་སྔར་ལས་གཏིང་ཟབ་མོའི་ངོས་འཛིན་དང༌། དེབ་འདི་ལས་དོན་དངོས་ཀྱི་བོད་ཡུལ་ཞིག་མཐོང་གི་འདུག་ཟེར། དེ་བཞིན་བརྗོད་བྱའི་ཁྱབ་ཁུངས་རྒྱ་ཆེན་པོ་ཡིན་པས་ཕྱོགས་ཡོངས་ནས་བོད་དང་བོད་ཀྱི་གནད་དོན་ཤེས་པར་ཕན་གྱི་འདུག་ཟེར།

དེ་བཞིན་བོད་རིགས་ཀློག་པ་པོ་ཚོས་ཀྱང་དགའ་བསུ་ཆེན་པོ་བྱེད་ཀྱི་འདུག རྒྱུ་མཚན་ནི། བོད་པའི་ལངས་ཕྱོགས་གསལ་བོ་ཡིན་པ། དེ་བཞིན་ཚིག་བརྗོད་སོགས་གོ་བདེ་བ་དང་བརྗོད་དོན་བོད་ཀྱི་རིགས་གནས། ལོ་རྒྱུས། ཆབ་སྲིད། ཆོས་ལུགས། རྒྱ་ནག་གི་སྲིད་ཇུས་སོགས་སྣ་འཛོམས་ཡིན་པས་དགའ་བསུ་ཞུ་ཡི་འདུག

༨ ཐེ་པེ་རུ་འཚོགས་པའི་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་ཚོགས་འདུའི་ཐོག་དབུ་འབྱེད་བྱས་དུས། མི་མང་གིས་ལྟ་ཚུལ་ག་རེ་བཏོན་སོང༌། ཁྱོད་ལ་གལ་ཆེ་ཤོས་ཀྱི་དྲི་བ་འདྲ་སླེབས་སོང་ངམ།
ལན། སྤྱིར་བཏང་ཚང་མས་དགའ་བསུ་བྱེད་ཀྱི་འདུག མི་མང་པོས་ཡིན་གཅིག་མིན་གཅིག་ཀློག་གི་ཡིན་ཟེར། དམིགས་བསལ་དེབ་དང་འབྲེལ་ནས་དྲི་བ་བཀོད་མཁན་བྱུང་མ་སོང༌། ལྷག་པར་དུ་དེབ་འདིའི་ནང་དུ་རྒྱ་ནག་གི་མཁས་པ་ཡིན་ཟེར་མཁན་ཀྲང་པོ་ཧྲོ་ལྟ་བུར་མཚོན་ན། ཁོང་གིས་དེ་སྔོན་བྲིས་པའི་དེབ་ཅིག་ལ་དགག་ཡིག་རིང་པོ་བཞི་བྲིས་ཡོད་པ་རེད། ཁོ་རང་སྐབས་འདིའི་ཚོགས་འདུའི་མཉམ་ཞུགས་བྱས་ཡོད་པ་རེད། ཁོང་གིས་དམིགས་བསལ་དགག་པ་དང་དྲི་བ་དྲིས་མ་སོང༌། ཁོས་ངའི་རྩོམ་ཡིག་ལ་ལན་འབྲི་ཡི་མིན་ཟེར། ངས་ཁོ་ལ་ཕྲིས་དང་དགའ་བསུ་ཡོད་ཞུས་བ་ཡིན། དེ་ལས་གཞན་ངའི་བྲིས་པ་འགྲིགས་མི་འདུག་སོགས་གང་ཡང་བཤད་མ་སོང༌།

༩ བོད་ཀྱི་བདེན་མཐའ་དང་རྒྱ་ནག་གི་སྲིད་ཇུས་བར་དུ་ཁྱོད་ཀྱིས་དམིགས་བསལ་ཅི་ཞིག་མཐོང་གི་ཡོད་པ་དང༌། དེབ་ཀྱི་ཚན་པ་གང་དུ་དེ་ལ་གསལ་ཁ་བཏོན་ཡོད།
ལན། རྒྱ་ནག་གིས་བོད་ཐོག་འཛིན་པའི་རྩ་བའི་སྲིད་ཇུས་བོད་མི་རིགས་རྩ་མེད་བཟོ་རྒྱུ་དེ་རེད། དེ་ཡང་བོད་རིགས་ཚང་མ་གསོད་ཀྱི་རེད་ཟེར་གྱི་ཡོད་པ་མ་རེད། རྒྱ་རིགས་ལ་བསྒྱུར་ནས་བོད་མི་རིགས་ཟེར་བ་མེད་པར་བཟོ་རྒྱུ་དེ་རེད། བོད་དོན་ཐོག་འཛིན་པའི་སྲིད་ཇུས་གང་བཤད་ཀྱང་ྋགོང་ས་མཆོག་མེད་ཚེ་བོད་དོན་མེད་འགྲོ་གི་རེད་བསམ་ནས་དུས་ཚོད་བསྐྱལ་ཐབས་བྱས་ནས་སྒུག་བསྡད་ཡོད་པ་རེད། དེ་སྐོར་དེབ་ཀྱི་དོན་ཚན་༣པ་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྔོན་དཔག་ཟེར་བའི་ནང་ཐེངས་མང་གླེང་ཡོད།

༡༠ དོན་ཚན་བདུན་ནི་གྲངས་འདྲེན་ཞིག་དང༌། དེའི་ནང་གི་རྒྱ་ནག་གཞུང་གི་སྲིད་ཇུས་ལ་སྔོན་དཔག་བྱས་པ་ལས་ཆེས་གལ་ཆེ་བའི་གནད་དོན་ཅི་ཞིག་བྲིས་ཡོད་པ་མདོར་བསྡུས་ཤིག་གསུང་རོགས།
ལན། ༡།བོད་ཀྱི་དཔལ་ཡོན་ལ་འཇུག་པ། ༢།བོད་ལ་ལྟ་ཞིབ། ༣རྒྱ་ནག་གི་སྲིད་ཇུས་ལ་སྔོན་དཔག ༤།དགག་བཞག་བདེན་པའི་འཁོར་ལོ། ༥།བདེན་པ་དབྱེ་ཞིབ། ༦།དམངས་གཙོ། ༧།སྣ་ཚོགས།
སྤྱིར་བཏང་དོན་ཚན་འདིའི་ནང་དུ་སོ་སོར་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་འཕེལ་ཕྱོགས་ལ་ཚོད་དཔག་གནང་བ་ཞིག་རེད།

གལ་ཆེ་བ་གསུམ་ཡོད། གཅིག་རྒྱ་ནག་གི་རྩ་བའི་སྲིད་ཇུས་ནི་བོད་མི་རིགས་རྩ་མེད་བཟོ་རྒྱུ་དེ་རེད། གཉིས་རྒྱ་ནག་གིས་བོད་དོན་ཐོག་དུས་ཚོད་འཕར་འགྱངས་ཀྱི་སྲིད་ཇུས་དེ་ྋགོང་ས་མཆོག་གི་སྐུ་ཚེ་ལ་སྒུག་བསྡད་ཡོད་པ། གསུམ་བོད་ཐོག་དྲག་པོའི་སྲིད་ཇུས་ལ་འགྱུར་བ་འགྲོ་མི་སྲིད་པ་སོགས་སོ།།

༡༡ ཁྱོད་རང་རྒྱའི་སྐད་ཡིག་ཐོག བོད་ཕྱི་ནང་གཉིས་ཀྱི་སྐོར་ལ་རྒྱུས་མངའ་ཆེ་ཤོས་དང་ལས་ཀ་མང་ཤོས་བྱས་མྱོང་བ་ཞིག་ཡིན་དུས། ད་རེས་དེབ་ནང་དུ་ཁྱོད་ཀྱི་ཆེས་འབུར་དུ་ཐོན་པའི་རྩོམ་ཡིག་གང་ཞིག་ནི་ཀློག་པ་པོས་དོ་སྣང་བྱེད་དགོས་པ་ཆགས་ཡོད།
ལན། བོད་ཀྱི་དཔལ་ཡོན་གྱི་དོན་ཚན་ནང་ངས་དེང་རབས་ཚན་རིག་དང་བོད་བརྒྱུད་ནང་བསྟན་བར་ཀྱི་འབྲེལ་བ་བྱུང་སྟངས་སྐོར་ཞིག་བྲིས་ཡོད། དེ་ལ་དོ་སྣང་བྱེད་རྒྱུ་གལ་ཆེ། དེ་བཞིན་དོན་ཚན་༤བའི་ནང་རྒྱ་ནག་གཞུང་དང་ཕྱི་སྡོད་མཁས་པ་ཡིན་ཟེར་མཁན་དེ་ཚོས་བོད་ཀྱི་བདག་དབང་དང་བོད་རང་བཙན་མིན་པ་བརྗོད་པར་ངས་དགག་བཞག་གནང་ཡོད་པ་དེ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་མཐོང་གི་ཡོད། རྒྱུ་མཚན་ནི་བོད་རིགས་ནང་དུ་ཡང་བོད་རང་བཙན་ཡིན་ཟེར་བ་མ་ཎི་འདོན་འདོན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གིས་ཡིག་ཆ་རྫུན་མ་མང་པོ་ཞིག་བཀོད་ཡོང་དུས་ཧང་སང་བ་ལས་དེ་དག་ཁུངས་དག་མིན་སོགས་ཀྱི་དབྱེ་ཞིབ་དང་ལན་རྙེད་ཀྱི་ཡོད་པ་མ་རེད།

དེ་བས་རྩོམ་དེ་དག་ནང་རྒྱ་ནག་གཞུང་དང་མི་སྒེར་གྱིས་བོད་ཀྱི་བདག་དབང་སྐོར་ལ་དགག་པ་གནང་པ་དེར་ལན་འདེབས་དང་། བོད་རང་གི་ལངས་ཕྱོགས་དང་ལྟ་བ་ཁུངས་སྐྱེལ་བྱས་ནས་བཞག་ཡོད་པ་དེ་ནི་གལ་ཆེན་པོ་ཡིན་པ་རེད།

༡༢ གོང་འཁོད་དྲི་བར་མ་འདུས་པའི་བསམ་ཚུལ་ཅི་ཞིག་ཡོད་ན་གསུང་རོགས་གནང༌།
ལན། ང་ཚོས་ངེས་པར་དུ་བོད་ཀྱི་བདེན་པ་ཁུངས་སྐྱེལ་དང་བོད་ཀྱི་གནད་དོན་སྐོར་གྱི་རྩོམ་ཡིག་དང་དཔྱད་རྩོམ་མང་པོ་འབྲི་དགོས་པ་རེད། ལྷག་པར་དུ་རྒྱ་ཡིག་ནང་འབྲི་དགོས་པ་རེད། ད་ལྟ་རྒྱ་ནག་གཞུང་གིས་རྒྱ་ནག་གི་བརྡ་འཕྲིན་ཡོངས་རྫོགས་བཀག་ཡོད་ཀྱང་། མ་འོངས་པར་རྒྱ་ནག་གཞུང་གིས་བརྡ་འཕྲིན་བཀག་ཐབས་བྲལ་བའི་ཉིན་གཅིག་བྱུང་དུས། ང་ཚོས་བོད་པའི་བདེན་པ་དང་བོད་ཀྱི་དངོས་ཡོད་གནས་ཚུལ་སོགས་རྒྱ་ནག་ནང་སྤེལ་ཆོག་ཆོག་གྲ་སྒྲིགས་དགོས་པ་རེད།

དེ་འདྲའི་གྲ་སྒྲིགས་མེད་ན་རྒྱ་ནག་ལ་འགྱུར་བ་སོང་ཡང་བོད་དོན་ཐོག་འགྱུར་བ་འགྲོ་རྒྱུ་ཁག་པོ་རེད། བོད་པའི་ངོས་ནས་ངེས་པར་དུ་གོ་སྐབས་དེ་ཟིན་ཐུབ་པ་བྱེད་པ་དང་། རྒྱ་ནག་མི་རིགས་ཀྱིས་གོ་བའི་སྐད་ཆ་བཤད་དགོས་པ་གལ་ཆེན་པོ་མཐོང་གི་ཡོད།

བཅར་འདྲི་མཁན། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།