བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ང་ཚོ་གསར་འགོད་པ་ཡིན་པ་ལས་དྲུང་ཡིག་མིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༢།༡༨ཉིན་སྤེལ། འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་ངོས་ནས་མི་ལོ་བཅུ་ལྷག་རིང་གསར་འགོད་ཀྱི་ལས་ཀ་བྱས་པའི་གསར་འགོད་པ་མགུར་འབུམ་ལགས་སུ་གསར་འགྱུར་སྐོར་གྱི་བཅར་འདྲི་ཞུས་པ་གཤམ་དུ་གསལ་བོར་བཀོད་ཡོད།

༡། སྐུ་ཉིད་ངོ་སྤྲོད་མདོ་ཙམ་ཞིག་གནང་རོགས།
  ལན། གུས་པའི་མིང་ལ་མགུར་འབུམ་རྒྱལ་ཟེར་ཞིང༌། ཕྱི་ལོ༡༩༨༠ལོར་བོད་མདོ་སྨད་མང་རྫོང་དུ་སྐྱེས། ཆུང་དུས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་རྗེས། མཚོ་ལྷོ་ཁུལ་མང་ར་རྫོང་དུ་དགེ་རྒན་དང༌། སློབ་གསོ་ལྟ་སྐུལ་བའི་ལས་འགན་ཁུར། ༢༠༠༢ལོར་རྒྱ་གར་ཏུ་ཐོན། ༢༠༠༣ལོ་ནས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ལས་ཁུངས་ཀྱི་རྒྱ་སྐད་སྡེ་ཚན་དུ་ལས་ཞུགས་བྱས་ཏེ་གསར་འགོད་དང་སྙན་སྒྲོན། དྲ་བརྙན་པར་ལེན་དང་ལས་རིམ་རྩོམ་སྒྲིག་སོགས་ཁུར་ཏུ་བླངས། ལས་ཞོར་དུ་༼རང་སྲེག་ལོ་རྒྱུས་ཡིག་ཚགས།༽དང་༼གསར་འགོད་པའི་ལག་དེབ༽ཅེས་པའི་དཔེ་དེབ་གཉིས་རྒྱ་ཡིག་ཐོག་བསྒྱུར་སྒྲིག་བྱས།
 
༢། སྐུ་ཉིད་ཀྱིས་ལོ་ག་ཚོད་རིང་གསར་འགོད་པ་བྱས་པ་དང༌། དེའི་རིང་གི་ཉམས་མྱོང་ཆེ་ཤོས་དེ་གང་ཡིན་ནམ།

ལན། རྒྱ་གར་དུ་སླེབས་རྗེས་ལོ་གཅིག་ལ་གསོག་སྒར་སློབ་གྲྭར་སོང་ཞིང༌། དེའི་རྗེས་ཀྱི་འདས་པའི་ལོ་ངོ་༡༢ཙམ་གྱི་རིང་གསར་འགོད་ལས་རིགས་ཐོག་འབད་འབུངས་བྱས་ཁུལ་ཡིན། ལོ་ཟླ་དེ་དག་ལས་བདག་ལ་ཉམས་མྱོང་ཆེ་ཤོས་ཤིག་ཐོབ་པ་ནི། གསར་འགོད་པ་ཞིག་ཡིན་ཚེ། ངེས་པར་དུ་དཀའ་སྤྱད་དང་སྙིང་རུས་དཔུང་རོགས་ལ་བསྟེན་ཏེ། དཀར་ནག་གོ་ཟློག་གི་རྣམ་དབྱེ་གསལ་བོར་ཕྱེ་དགོས་ཤིང༌། དེ་ཡང་གནས་ཚུལ་གང་ཡིན་ཡང་དེ་ལ་འཚོལ་བསྡུ་དང་རྩད་ཞིབ། རྒྱུན་འཁྱོངས་རྗེས་འདེད་བཅས་མ་མཐའི་ཆ་རྐྱེན་ནམ་གོ་རིམ་གསུམ་ཚང་བ་ལ་འབད་དགོས་པར་འདོད།

༣། སྐུ་ཉིད་ཀྱིས་རྒྱ་ཡིག་སྟེང་གསར་འགོད་རྒྱུན་རིང་བྱས་པའི་ཉམས་མྱོང་བརྒྱུད་དེ་བོད་ཡིག་སྟེང་གསར་འགོད་བྱེད་མཁན་རྣམས་དང་མ་འདྲ་བའི་ཆ་ཅི་ཞིག་མཐོང་སོང༌།
ལན། དྲི་བ་འདི་གལ་ཆེན་པོར་མཐོང་སོང༌། གང་ཡིན་ཟེར་ན། ནོར་ཝེ་བོད་ཀྱི་རླུང་འཕྲིན་རྒྱ་སྐད་སྡེ་ཚན་དེ་བོད་པ་ཚོས་དེ་ཙམ་མི་ཚོར་ཞིང༌། རྒྱ་གཞུང་ལ་ན་ཟུག་གང་མང་ཕྱིན་མྱོང་བའི་ཐབ་ཆུང་ཆུང་མེ་ཚ་བོ་ཟེར་བ་དེ་རེད།

དེ་ཡང་བོད་པ་རང་ངོས་ནས་རྒྱ་སྐད་དང་རྒྱ་ཡིག་གི་ལམ་ནས་རྒྱ་རིགས་མི་མང་ལ་ཐད་ཀར་བོད་དོན་ངོ་སྤྲོད་དང་ཁྱབ་བསྒྲགས་བྱེད་མཁན་ཁོ་ན་དེ་ཆགས་ཡོད་པས། བོད་ཡིག་སྟེང་གསར་འགོད་བྱེད་མཁན་རྣམས་དང་མ་འདྲ་བའི་ཆའམ་དཀའ་ངལ་འཕར་མ་ཅིག་ཡོད་པ་ནི། རྩམ་གཟན་ཚོར་རྩམ་པ་སྟེར་བ་མ་ཡིན་པར། འབྲས་དང་སྔོ་ཚལ་ལ་གོམས་པའི་རྒྱ་རིགས་མི་མང་ལ་རྩམ་པའི་བྲོ་བ་ཇི་ལྟར་མྱོང་དུ་འཇུག་རྒྱུ་དེ་ཡིན་པ་རེད།

༤། ངྷ་རམ་ས་ལའི་བོད་ཀྱི་གསར་འགོད་པ་དང་གསར་ཁང་དག་ལ་ཁྱོད་རང་གི་ངོས་ནས་ལྟ་ཚུལ་ག་རེ་ཡོད།
ལན། བཙན་བྱོལ་སྤྱི་ཚོགས་ནང་གི་གསར་འགོད་པ་མང་ཆེ་ཤོས་ཤིག་བདག་དང་འདྲ་བར་གསར་འགོད་ལས་རིགས་ཀྱི་སློབ་སྦྱོང་དང་ཉམས་མྱོང་མེད་པས། ལས་ཞུགས་ཀྱི་ཐོག་མའི་ལོ་ཟླ་ཁ་ཤས་རིང་གཞན་གྱི་དྲུང་ཡིག་ལྟ་བུར་ལྷག་ཡོད་པ་རེད།

དེར་བརྟེན་གསར་ཁང་ཁག་གིས་འགན་བླངས་ཏེ། ང་ཚོའི་གསར་འགོད་པ་དག་ངེས་པར་དུ་རྒྱལ་སྤྱིའི་གསར་འགོད་ལས་རིགས་གཞན་ཁག་དང་མཉམ་སྐྱོད་བྱ་ཐུབ་པ་ཞིག་དུ་བསྐྱེད་སྲིང་བྱ་དགོས་ལ། གསར་འགོད་པ་རྣམས་ཀྱིས་ཀྱང་རང་འགན་རང་འཁུར་གྱིས་དྲུང་ཡིག་གི་ལས་ཀ་ཙམ་བྱེད་པ་མ་ཡིན་པར་མིང་དོན་དང་ལྡན་པའི་གསར་འགོད་པ་ངོ་མ་དེ་བྱ་རན་པ་རེད་བསམ་གྱིན་ཡོད།

ཡིན་ནའང་ཕྱོགས་གཞན་ཞིག་ནས་རང་བསྟོད་ཅིག་བྱས་པ་ཡིན་ན། ང་ཚོའི་གསར་འགོད་པ་རྣམས་ཀྱིས་གནས་སྟངས་སྐྱོ་བོ་འདིའི་འོག་ནས་ཡོད་ཚད་ལ་གདོང་ལེན་གནང་ཏེ། མི་སྣ་གཅིག་གིས་རང་རྐྱ་འཕེར་བའི་སྒོ་ནས་གསར་འགྱུར་འཚོལ་སྒྲུབ། བཅར་འདྲི། བསྡུ་སྒྲིག རྩོམ་འབྲི། འགོད་སྤེལ་སོགས་བྱ་ཐུབ་ཀྱིན་ཡོད་པ་རེད།

༥། གསར་འགོད་པ་ཞིག་ཡིན་ན་ངེས་པར་དུ་དོ་སྣང་བྱེད་དགོས་པའི་གནད་དོན་ག་རེ་དགོས་པ་དང༌། ཁྱོད་ཀྱི་ངོས་ནས་གསར་འགོད་བྱས་པའི་ཉམས་མྱོང་ཁྲོད་དུ་ནམ་ཡང་གལ་ཆེན་དུ་མཐོང་དགོས་པ་ག་རེ་ཡོད།
 ལན། གསར་འགོད་པ་ཞིག་ཡིན་ཚེ་ངེས་པར་དུ་སོ་སོའི་ལས་རིགས་ལ་སྤྲོ་བ་དང་སྤོབས་པ་ཡོད་དགོས་པར་མ་ཟད། གནད་དོན་གང་ཡིན་ཡང་དོན་དངོས་ཡིན་མིན་ལ་བརྟག་དཔྱད་བྱེད་དགོས་པ་དང༌། གནད་དོན་གང་རུང་དེའི་རྒྱབ་ལྗོངས་ཀྱི་གནས་སྟངས་ཁག་ལའང་རྒྱུས་ལོན་གང་འཚམས་བྱ་བར་གལ་ཆེ།

དེ་བཞིན་སྤྱི་ཚོགས་ཁྲོད་ཀྱི་སྐྱོན་ཡོན་གཉིས་ཀའི་གནས་ཚུལ་དག་སྔོག་འདོན་དང་དྲང་བདེན་སྒོས་འགོད་སྤེལ་བྱེད་དགོས་ཀྱང༌། བཙན་བྱོལ་འོག་གི་གསར་འགོད་པ་རྣམས་ལ་འོས་འགན་འཕར་མ་ཞིག་ཡོད་པ་དེ་ཡང་དྲན་དགོས་པར་སྙམ།

༦། བཙན་བྱོལ་ནང་གི་ཁྱོད་ཀྱི་སྣང་བ་འགྲོ་ཤོས་ཀྱི་གསར་འགོད་པ་སུ་ཡིན། རྒྱུ་མཚན་ཅི་ལ།

ལན། ང་ཚོ་བོད་པའི་བཙན་བྱོལ་སྤྱི་ཚོགས་འདི་ཆུང་ཆུང་ཡིན་ཡང༌། དེ་ན་ཡང་སྟག་འདྲ་གཟིག་འདྲའི་གསར་འགོད་པ་མང་པོ་ཅིག་བྱུང་དང་འབྱུང་བཞིན་ཡོད་པ་རེད། དེ་དག་གི་ཁྲོད་ནས་ང་མོས་ཤོས་ཀྱི་གསར་འགོད་པ་གཉིས་ཡོད་ལ། གཅིག་ནི་ཕ་ཡུལ་དྲ་རྒྱའི་རྩོམ་སྒྲིག་པ་སྐལ་བཟང་རིན་ཆེན་དང་། གཞན་དེ་བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་དང་རྩོམ་སྒྲིག་ལས་རོགས་ཚེ་རིང་རྒྱལ་ཡིན། རྒྱུ་མཚན་ནི་ཁོ་བོ་གཉིས་ལ་གནས་ཚུལ་རྩད་ཞིབ་དང་སྔོག་འདོན་གྱི་སྤོབས་པ་ཡོད་ལ། གསར་འགྱུར་དུས་ཐོག་མགྱོགས་མྱུར་སྤེལ་དགོས་པའི་འདུ་ཤེས་བརྟན་པོ་དེ་ཡོད་པས་སོ།།

༧། སྐུ་ཉིད་ཀྱི་ཉམས་མྱོང་བརྒྱུད་དེ་གསར་འགྱུར་འབྲི་སྟངས་ཀྱི་སྐོར་ཞིག་གསུང་རོགས།
 ལན། བདག་གིས་གོང་ནས་རོབ་ཙམ་ཞུས་ཟིན་པ་ལྟར། ང་ཚོ་གསར་འགོད་པ་ཡིན་པ་ལས་དྲུང་ཡིག་མིན་པས། གནས་ཚུལ་གཅིག་གསར་འགྱུར་ཐོག་འགོད་སྟངས་ལའང་གསར་འགོད་པ་སོ་སོའི་རྣམ་དཔྱོད་དང་ལས་རིགས་ཀྱི་ཉམས་མྱོང་ལྟར་རིགས་མང་པོ་ཡོང་ཆོག་པ་རེད།

དཔེར་ན། མི་སྣ་མང་པོའི་གཏམ་བཤད་ཡོད་པའི་ལས་འགུལ་ཅིག་གི་སྐོར་གསར་འགོད་བྱེད་དུས། ཁྱོད་ཀྱིས་ངེས་པར་དུ་གཏམ་བཤད་དེ་དག་གི་མདོ་དོན་སྙིང་བོ་ཅི་ཡིན་དུས་ཐོག་ཏུ་རྟོགས་ཐུབ་པ་བྱེད་དགོས། གལ་སྲིད་གཏམ་གྱི་མདོ་དོན་སོགས་གང་ཡིན་མ་ངེས་ཚེ། ཁྱོད་ཀྱིས་གསར་འགྱུར་དེ་འགོད་དུས་དུས་ཚོད་མང་པོ་ཞིག་འཕྲོ་བརླག་ཏུ་གཏོང་སྲིད་པས་མ་ཚད། དུས་ཚེས་དེ་ལ་ལས་འགུལ་ཞིག་སྤེལ་སོང་བ་དང༌། གཏམ་བཤད་ཀྱང་གནང་སོང་ལྟ་བུ་མ་གཏོགས་འགོད་ཐུབ་ཐབས་ཡོད་པ་མ་རེད།

དེ་ལྟ་ན་གསར་འགྱུར་དེའི་རིན་ཐང་ཀྱང་རང་བཞིན་གྱིས་ཆུང་དུ་འགྲོ་ལ། ཀློག་མཁན་གྱི་སྤྲོ་བ་དང་ཡིད་ཆེས་ཀྱང་རིམ་གྱིས་ཉུང་དུ་འགྲོ་ངེས་ཅན་ཡིན་པས། གསར་འགོད་པ་རྣམས་ཀྱིས་དོ་གཟབ་ཤིན་ཏུ་གལ་ཆེ། གཞན་གསར་འགྱུར་གྱི་ཁ་བྱང་ངམ་འགོ་བརྗོད་ལེགས་པོ་ཞིག་འབྲི་རྒྱུའང་ཤིན་ཏུ་གལ་ཆེ། དེ་ཡང་ཕྱི་གླིང་གི་ཡུལ་གྲུ་ཞིག་དུ་༧གོང་ས་མཆོག་གིས་མི་མང་ལ་བླང་དོར་ལམ་སྟོན་གྱི་བཀའ་སློབ་ཅིག་གནང་གིན་ཡོད་སྐོར་གསར་འགྱུར་དུ་འགོད་དུས། ཁྱོད་ཀྱིས་གསར་འགྱུར་གྱི་ཁ་བྱང་གནས་ཚུལ་རང་ངོས་ལ་གཞིར་བཞག་ནས་བྲིས་ཆོག་ལ། ༧གོང་ས་མཆོག་གི་བཀའ་སློབ་དང་མི་མང་གི་བཅར་འདྲིའི་སྐད་ཆའི་ཁྲོད་ནས་བཏོན་ཏེ་བྲིས་ཀྱང་ཆོག

དཔེར་ན། དང་པོ། ༧གོང་ས་མཆོག་གིས་ཕྱི་གླིང་མི་མང་ལ་ལམ་སྟོན་བཀའ་སློབ་བསྩལ།  གཉིས་པ། ཕྱི་གླིང་བ་ཁྲི་ཚོ་མང་པོས་༧གོང་ས་མཆོག་གི་བཀའ་སློབ་ལ་ནན་ཏན་གྱིས་གསན།   གསུམ་པ། ༧གོང་ས་མཆོག་གིས་སྙིང་རྗེ་དང་བྱམས་པ་ནི་ཞི་བདེའི་སྟོབས་ཤུགས་རེད་ཅེས་བཀའ་བསྩལ།
བཞི་བ། ༧གོང་ས་མཆོག་ནི་འཛམ་གླིང་ཀུན་ཁྱབ་ཀྱི་སྟོན་པ་ཁོ་ན་དེ་རེད་ཅེས་གསུངས་སོང་སོགས་གསར་འགོད་པ་སོ་སོའི་རྣམ་དཔྱོད་ལྟར་འབྲི་ཚུལ་མི་འདྲ་བ་སྤྱད་ཆོག་པ་རེད།

གོང་གི་འདི་གཙོ་བོ་གསར་ཤོག་དང་དྲ་ངོས་གསར་འགྱུར་ལ་གཞིགས་ཏེ་ལབ་པ་ཡིན། གཞན་རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཅིག་ལ་མཚོན་ན། སྒྲ་གཟུགས་གསལ་པོ་དགོས་པ་དེ་བརྒྱུད་ལམ་དེ་གཉིས་གའི་སྲོག་རྩ་ལྟ་བུ་ཡིན། སྒྲ་གསལ་བོ་མེད་པའི་རླུང་འཕྲིན་ཞིག་ལ་ཉན་མཁན་ཡོད་མི་སྲིད་པ་བཞིན་གཟུགས་རབ་རིབ་དང་འདར་ཡོམ་ཅན་གྱི་བརྙན་འཕྲིན་ཞིག་ལ་ལྟ་མཁན་ཀྱང་ཡོད་པ་མ་རེད།

དེ་མིན་ད་དུང་ངེས་པར་ཏུ་ཡིད་གཟབ་གནང་དགོས་པ་ཞིག་ནི། རླུང་འཕྲིན་གྱི་ལས་རིམ་དེ་ཡིག་ངོས་ཀྱི་གསར་འགྱུར་ལྟར་མཐོང་ལམ་དུ་མངོན་རྒྱུ་མེད་པས། མི་མང་གི་སྙན་དབང་འགུགས་ཐུབ་པར་བྱ་དགོས།  དེ་ཡང་མི་རྣམས་ཟས་སྣ་རྐྱང་བ་ལས་ཟས་སྣ་འཛོམས་པོ་ལ་དགའ་བ་ཆོས་ཉིད་ཡིན་པ་ལྟར། རླུང་འཕྲིན་ལས་རིམ་ནང་ཡུལ་དངོས་ཀྱི་རྣམ་པ་དང་ཁོར་ཡུག་སོགས་ཕྱོགས་མང་པོ་ནས་འགྲེལ་བརྗོད་གསལ་ཞིང་མདོར་བསྡུས་ནས་གནང་དགོས་པ་དང༌། མི་སྣ་མང་པོའི་བཅར་འདྲིའི་སྒྲ་སོགས་ཀྱང་དུས་ཡུན་རིང་པོ་མ་ཡིན་པར་གང་མང་ཞིག་ལས་རིམ་ནང་དུ་གཏོང་དགོས།

དེ་ལྟར་དཀའ་ལས་མང་ཙམ་རྒྱག་ཐུབ་པ་ཡིན་ན་འབྲས་བུའང་ལེགས་པོ་ཞིག་ཐོབ་ཐུབ་པ་ཉན་མཁན་རྣམས་ཀྱིས་བདེན་དཔང་བྱས་ཡོང་གི་རེད། གལ་སྲིད་དེ་ལས་ལྡོག་སྟེ། གསར་འགྱུར་གྱི་འགོ་བརྗོད་གཅིག་པ། ནང་དོན་དང་ཚིག་འགྲོས་གཅིག་པ། ཚིག་འབྲུའི་མང་ཉུང་གཅིག་པ། ཐ་ན་བརྙན་འཕྲིན་དང་རླུང་འཕྲིན་གྱི་ལས་རིམ་ཅིག་ཡིན་ནའང་དེའི་ནང་དུ་གསར་འགོད་པའི་འགྲེལ་བརྗོད་རྐྱང་བ་ལས་མི་སྣ་གཞན་གྱི་སྐད་ཆ་ཇི་བཞིན་དུ་གཏོང་མ་ཐུབ་པ་ཡིན་ན། རྒྱ་ནག་གཞུང་འཛིན་གྱི་CCTVགཙོས་གཞུང་འབྲེལ་བརྒྱུད་ལམ་དག་དང་འདྲ་བར་ཡིད་ཕམ་དགོས་པའི་གནས་སུ་འགྱུར་ངེས་རེད།

༨། གོང་འཁོད་དྲི་བར་མ་འདུས་པའི་བསམ་ཚུལ་ཇི་ཡོད་གསུང་རོགས་གནང༌།
 ལན། ལས་བྲེལ་གྱིས་དྲི་ལན་ཡག་པོ་ཅིག་མ་འཁྱོངས་པས་ཚང་མར་དགོངས་སེལ་ཞུ་རྒྱུ་ཡིན། དེ་མིན་གཞན་དམིགས་བསལ་ཞུ་རྒྱུ་འདྲ་མི་འདུག་སྟེ། སྤྱི་ཡོངས་ནས་ལབ་པ་ཡིན་ན། གསར་འགྱུར་ཅེས་པ་ནི་དོན་དངོས་རྨང་གཞི་དང་གསར་བ་སྲོག་རྩར་བྱས་ཏེ། དུས་ཐོག་དུ་ཡོངས་ཁྱབ་ལ་བསྒྲགས་ཐུབ་པ་ཅིག་ཡིན་དགོས་པ་དང༌། གསར་འགོད་པ་ཞེས་པའི་གང་ཟག་དེར་རྣམ་དཔྱོད། བློ་སྤོབས། རང་ཚུགས་དང་དྲང་གནས་ཐུབ་པ་ཞིག་དགོས་པ་རེད མཇུག་མཐར་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་ཆོས་ཉིད་ལགས་ནས་ལས་རིགས་ཞིག་གི་མ་འོངས་ལ་དམིགས་ཏེ་དྲི་བ་ཁག་ཅིག་བཏོན་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང༌།

གསར་འགོད་པ། ཆོས་ཉིད།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།