བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ཟླ་གཅིག་རིང་སྙན་དེབ་ཆིག་སྟོང་བཙོང་ཚར་ལ་ཉེ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༢། འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་གསར་འགོད་པས་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་དབྱིན་ཡིག་ནང་བརྩམས་པའི་༼Sweet Butter Tea༽ཞེས་པའི་སྐོར་ལ་བཅར་འདྲི་ཞུས་པའི་སྐོར་གཤམ་ལ་བཀོད་པར་གཟིགས་རོགས།

༡ དང་པོ་ཁྱེད་རང་གི་མི་ཚེ་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
བདག་གི་མིང་ལ་བསྟན་འཛིན་ཕུན་ཚོགས་ཟེར།སྐྱེས་ཡུལ་ལྷ་ས་ཡིན། ལོ་ན་དྲུག་ཡིན་དུས་སེ་ར་དགོན་པར་མཆོད་མཇལ་དུ་ཕྱིན། སྐབས་དེར་ངའི་ཚོར་སྣང་ལ་སེ་ར་དགོན་པ་ནི་ཧ་ཅང་སྐྱིད་ས་ཞིག་རེད་བསམ་མྱོང་པས། ལོ་དྲུག་ཡིན་དུས་ངའི་རེ་འདོད་ལྟར་ནང་མིས་སེ་ར་དགོན་པར་འཛུལ་ཞུགས་བྱས་སུ་འཅུག་པ་བཅས་ཡིན།
༢ ཁྱེད་རང་རྒྱ་གར་ལ་འོངས་བའི་སྐོར་ཅིག་གསུང་རོགས།
ལོ་ན་བཅུ་ལ་ལོན་དུས་རྒྱལ་ས་ལྷ་སའི་གཞི་རིམ་སློབ་གྲྭའི་ཤེས་ཡོན་ལ་སྤྲོ་བ་འཕེལ་ཏེ་རང་ཉིད་ན་ཁུལ་གྱིས་དགོན་པ་ནས་ཕྱིར་རང་ཡུལ་དུ་ལོག་པ་ཡིན། རང་ཡུལ་དུ་ལོག་ནས་ཟླ་དྲུག་གི་རྗེས་སུ་སྲི་མོ་ཆུང་བའི་བསམ་ཚུལ་བཏོན་པ་ལྟར། མོ་རང་རྒྱ་གར་ལ་མཆོད་མཇལ་དུ་ཡོང་ཞོར་ང་བལ་བོར་བསྐྱལ་ཏེ་ཀཱ་པན་དགོན་པར་ཞུགས་རྒྱུར་ནང་མི་ཚང་མ་མོས་མཐུན་བྱུང། ཕ་དམ་པ་གཙོ་བྱས་ནས་ནང་མི་ཚང་མས་ཕ་ཡུལ་ནས་སྐྱེལ་མ་བྱས་རྗེས་གཉའ་ལམ་དང་འགྲམ་བརྒྱུད་ནས་བལ་བོར་འབྱོར་སོང་།
༣ རྒྱ་གར་དུ་འབྱོར་རྗེས་ཐོག་མར་སློབ་གྲྭ་གང་དུ་སློབ་སྦྱོང་བྱས་པ་ཡིན།
བལ་བོ་འབྱོར་དུས་ཀཱ་པན་དགོན་པ་ན་དགེ་རྒན་གྱི་ཕྱག་ལས་གནང་པའི་བདག་གི་སྤུན་མཆེད་ཅིག་ཡོད་པ་དེས། ང་རང་ལོ་ན་ཆུང་པས་དགོན་པར་ཞུགས་པ་ལས་རྒྱ་གར་དུ་བོད་ཁྱིམ་སློབ་གྲྭར་སོང་ན་ལེགས་པའི་བསམ་ཚུལ་བཏོན་པ་ལྟར་ཚ་མོས་ང་སྣེ་ལེན་ཁང་དུ་བསྐྱལ་སོང་།

སྣེ་ལེན་ཁང་གིས་ལམ་སྟོན་ལྟར་རྒྱ་གར་དུ་འབྱོར་རྗེས་གོ་པལ་པོར་གྱི་སློབ་གྲྭར་ཞུགས་པ་ཡིན། མཚམས་རེ་སློབ་ཕྲུག་རྒན་པ་ཚོས་སློབ་མ་ཆུང་བ་ཚོར་སྡུག་པོ་གཏོང་བ་དེ་འདྲ་ཡོད་ན་ཡང་ལོ་ངོ་དྲུག་གི་རིང་དུ་སློབ་གྲྭ་ནས་ཧ་ཅང་སྐྱིད་པོ་བྱུང་ཡོད། སློབ་གྲྭ་གཞུང་གི་ངོ་བོར་བསམ་བློ་བཏང་ན་ཧ་ཅང་བཀའ་དྲིན་ཆེན་པོ་རེད། རུས་མེད་ཐོག་ནས་སློབ་མ་ཚོས་སློབ་སྦྱོང་བྱེད་ཐུབ་ཀྱི་འདུག་པ་མ་ཟད། སྦྱིན་བདག་འཚོལ་བ་སོགས་རོགས་རམ་བྱེད་ཀྱི་ཡོད།

སློབ་གྲྭར་ཡོད་དུས་མཚམས་མཚམས་སུ་ཕ་ཡུལ་ཧ་ཅང་དྲན་མྱོང་། འོན་ཀྱང་སྐབས་དེར་སློབ་སྦྱོང་ལ་འབད་བརྩོན་གང་ཐུབ་ཐུབ་བྱས་པ་ཡིན། ང་སློབ་གྲྭར་ཡོད་དུས་རྒྱུན་ཏུ་ངའི་སེམས་ལ་བོད་ཀྱི་སློབ་ཕྲུག་ཚོར་དེབ་ཀློག་རྒྱུ་དང་། འབྲི་རྒྱུའི་གོམས་གཤིས་ཡོད་རྒྱུ་ཧ་ཅང་གལ་ཆེན་ཞིག་མཐོང་ཡོད་ནའང། སློབ་མ་མང་ཆེ་བས་རྒྱ་ཆ་ལོན་པ་གཅིག་པའི་ཆེད་དུ་ངག་སྐྱོར་བྱེད་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པས་སྐད་ཡིག་གི་རྨང་གཞི་བརྟན་པོ་འཇོག་ཐུབ་ཀྱི་མི་འདུག

དེ་ནས་སེ་ལ་ཀོལ་བོད་ཁྱིམ་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་ཐོབ་སོང་།སེ་ལ་ཀོལ་ནས་འཛིན་གྲྭ་བཅུ་བ་བར་དུ་སློབ་སྦྱོང་བྱས་པ་ཡིན། སློབ་གྲྭ་དེར་སློབ་མ་ཚོ་དང་མཉམ་དུ་ང་ཧ་ཅང་སྐྱིད་པོ་བྱུང་སོང། དེའི་རྗེས་སུ་ངྷ་སྟེང་བོད་ཁྱིམ་དུ་ཚན་རིག་སྦྱང་དུ་སོང་བ་ཡིན། ངྷ་སྟེང་སློབ་གྲྭ་ཐོན་རྗེས་བྷང་ལོར་སོང་སྟེ་དངོས་ཁམས་རིག་པ་སྦྱང་པ་ཡིན། སྐབས་དེར་དངོས་ཁམས་རིག་པ་སྦྱང་འདོད་ཀྱི་འདུན་པ་ཤུགས་ཆུང་བའི་རྐྱེན་གྱིས་སློབ་སྦྱོང་ཡག་པོ་ཞིག་བྱེད་མ་ཐུབ་པར་སློབ་གྲྭ་ནས་རྩ་དགོངས་ཞུས་པ་ཡིན།

དེའི་རྗེས་ནང་མིས་རོགས་སྐྱོར་འོག་ལྡི་ལེར་ Shivaji university མཐོ་སློབ་དུ་དབྱིན་ཇིའི་སྐད་ཡིག་སྦྱང་དུ་སོང་བ་ཡིན། མཐོ་སློབ་དེར་ཨ་རིའི་སློབ་གྲྭ་ཞིག་ཏུ་ཡིག་རྒྱུག་སྤྲོད་པའི་གོ་སྐབས་ཡོད་ཀྱང་། ང་ལ་དེ་མ་རག་པས་མཐར་སློབ་གྲྭ་ནས་ཕྱིར་ཐོན་པ་ཡིན། དེ་ནས་བཟུང་ངྷ་ས་མེག་གྷན་དུ་ལོ་གཅིག་རིང་མཁྱམས་བསྡད་པ་ཡིན། ཡིན་ནའང་འཁྱམས་པའི་སྐབས་སུ་ང་ལ་སྙན་ངག་འབྲི་འདོད་ཀྱི་འདུན་པ་ཧ་ཅང་ཆེན་པོར་གྱུར་སོང་། སྔོན་ཆད་དབྱིན་ཇི་དང་བོད་ཡིག་ནང་སྙན་ངག་ཁ་ཤས་བྲིས་ནས་༼ཆུ་ཐིག༽ལོ་དེབ་སྟེང་དུ་བཀོད་མྱོང་ཡོད། མཚམས་རེར་གཏམ་བརྗོད་སྡེ་ཚན་གྱི་ནང་དུ་འཛུལ་ཞུགས་ཀྱང་བྱེད་ཀྱི་ཡོད། སྐབས་ཤིག་གཏམ་བརྗོད་འགན་འཛིན་ལྷག་པ་ཚེ་རིང་ལགས་དང་མཉམ་དུ་རྒྱ་གར་བྱང་ཕྱོགས་སུ་སོང་ནས་རྒྱ་གར་གྱི་ལྟད་མོ་ཞིག་གི་ནང་དུའང་མཉམ་ཞུགས་བྱས་མྱོང་ཡོད།

སྔོན་ཆད་ང་གོ་པལ་པུར་སློབ་གྲྭར་ཡོད་དུས་ལོ་འཁོར་དུས་དེབ་སྟེང་དུ་སློབ་མ་ཁ་ཤས་ཀྱིས་སྙན་རྩོམ་ཡག་པོ་བྲིས་ཡོད་པས། སྙན་ངག་དེ་དག་ལས་ང་རང་ལ་སྙན་ངག་འབྲི་འདོད་ཀྱི་སེམས་ཚོར་ཤུགས་ཆེན་པོ་ཞིག་སླེབས་པ་དང་། སོ་སོའི་ངོས་ནས་གང་ཐུབ་ཐུབ་འབད་རྩོན་བྱས་ཏེ་སྙན་རྩོམ་འབྲི་ཁུལ་བྱས་པ་ཡིན།

དེ་མིན་སྔོན་ཆད་བྷང་ལོར་ཡོད་དུས་ཀྱང་སོ་སོའི་དགའ་ཕྱོགས་སྙན་ངག་འབྲི་ཀློག་བྱེད་རྒྱུ་དེ་ཡིན་པས། དྲ་རྒྱ་སྔོགས་པ་དང་དེབ་ཀློག་པའི་སྐབས་སུ་ངས་ཀློག་རྒྱུ་མང་ཆེ་བ་སྙན་ངག་གི་སྐོར་གྱི་དེབ་དང་རྩོམ་ཡིག་ཡིན།
ཡང་སྐབས་དེར་ངྷ་ས་ན་ཨ་མདོ་དགེ་ཆོས་མ་ཡིན་པའི་དགེ་ཆོས་ཟེར་བ་ཞིག་གི་སྙན་རྩོམ་ཁ་ཤས་ཤིག་རག་སོང་། ཁོང་ནི་བོད་ནས་སླེབས་ཏེ་རྒྱ་གར་དུ་སློབ་སྦྱོང་བྱས་པ་ཞིག་རེད། ཁོང་གི་སྙན་ངག་ཁ་ཤས་ཤིག་པུ་ཆུང་Dབསོད་ནམས་ཀྱི་སྙན་དེབ་Songs of the Arrowsཞེས་པའི་ནང་དུ་བཀོད་འདུག ཉལ་རྫས་ཀྱི་རིགས་བེད་སྤྱོད་བཏང་ནས་གྲོངས་སོང་བའི་བོད་པ་ཞིག་ཡིན་ནའང་ཁོང་གིས་བྲིས་པའི་སྙན་རྩོམ་དེ་དག་གིས་ཚོར་པ་དྲང་བརྗོད་བྱས་ཡོད་པས་ང་ལ་སྙན་ངག་འབྲི་བའི་སེམས་ཤུགས་གསར་བ་ཞིག་བསྐྱེད་སོང།
༤ ཁྱེད་ཀྱི་སྙན་དེབ་འདིའི་ནང་དུ་སྙན་རྩོམ་ག་ཚོད་ཡོད་དམ།
བདག་གི་སྙན་དེབ་འདིའི་ནང་དུ་སྙན་རྩོམ་༤༠ཡོད། སྤྱིར་ངས་སྙན་ངག་༡༥༠་བྲིས་ཡོད་ཀྱང་པུ་ཆུང་Dབསོད་ནམས་དང་ལྕམ་ལྗན་སཱི་པར་ཁྲིན་ Janes Bertinsལགས་ཀྱིས་སྙད་དེབ་འདིའི་ནང་བདག་གི་སྙན་ངག་དེ་དག་ལས་༥༠་གདམས་ཡོད་པ་རེད།
༥ དེབ་འདི་འདོན་དུས་ཁྱེད་ལ་དམིགས་བསལ་གྱི་དཀའ་ངལ་གང་དག་ཕྲད་སོང། དཔེར་ན་རང་ཉིད་དགའ་ཤོས་ཀྱི་སྙན་ངག་ཁོ་ཚོས་མ་བདམས་པ་ལྟ་བུ་དེ་འདྲ་སླེབས་སོང་ངམ།
དམིགས་བསལ་དཀའ་ངལ་སླེབས་མ་སོང་། ཡིན་ནའང་རྩོམ་འདེམས་དུས་ཅུང་སླེབས་གྲབ་བྱུང་སོང་། ཡིན་ནའང་ཁོ་ཚོས་བདམས་ཡོད་པ་དེ་ཚོ་ཚང་མ་ང་དགའ་ཤོས་ཀྱི་སྙན་ངག་དེ་ཚོ་རེད། དཀའ་ངལ་གཞན་ཞིག་རྩོམ་ལ་ཡང་ནས་བསྐྱར་དུ་ཞུ་དག་གཏོང་དུས་ཚོར་བ་དངོས་མ་དེ་བརླག་མི་འགྲོ་བསམ་ནས་དངས་འཚུབས་ཅུང་སྐྱེས་སོང།
༦ ཁྱེད་རང་གིས་བྲིས་པའི་བོད་ཡིག་གི་སྙན་རྩོམ་ཡོད་དམ།
བདག་གི་སྙན་དེབ་འདིའི་ནང་དུ་བོད་ཡིག་གི་སྙན་རྩོམ་གཅིག་ཀྱང་མེད། འོན་ཀྱང་སྤྱིར་བོད་ཡིག་གི་སྙན་རྩོམ་ཁ་ཤས་བྲིས་མྱོང་ཡོད། སྤྱིར་བོད་པ་ཞིག་ཡིན་པའི་ངོས་ནས་མ་འོངས་པར་བོད་ཡིག་གི་རྩོམ་འབྲི་རྒྱུར་བསམ་བློ་གཏོང་དགོས་པ་ཞིག་རེད། ད་ལྟའི་བར་དུ་བོད་རྩོམ་ཉུང་ལ་དབྱིན་ཇིའི་རྩོམ་མང་པོ་བྲིས་ཡོད་པ་ནི། ཆུང་དུས་སློབ་གྲྭར་ཡོད་སྐབས་དབྱིན་རྩོམ་གྱིས་ཤུགས་རྐྱེན་ཐེབས་ཡོད་པའི་ཐོག་ཀློག་པ་པོ་བོད་ཡིག་ལས་དབྱིན་ཇིའི་སྟེང་དུ་མང་པོ་འདུག་པས་སྟབས་ཀྱིས་ཡིན།
༧ དབྱིན་ཇིའི་རྩོམ་འབྲི་དུས་སྒྱུ་རྩལ་གྱི་རྩལ་ག་འདྲ་བྱས་ནས་བཏོན་དགོས་མིན་སྐོར་ལ་གསུང་རོགས།
ང་ཚོས་དགའ་སྐྱོ་གཉིས་ཀྱི་ཚོར་བ་ངོ་མ་ཞིག་ཡོད་དུས་བྲིས་ན་ཚིག་དང་གང་གི་ཆ་ནས་ཀྱང་ཡག་པོ་ཐོན་ཐུབ་ཀྱི་འདུག ཚོར་བ་ཡོད་སྐབས་ཚོར་བ་དེ་མ་བརླག་པའི་ཐོག་བསམ་ཚུལ་གསར་བ་ཞིག་སླེབས་ན། ངེས་པར་དུ་ཚོར་བསམ་གང་ཡིན་ཡང་མ་བརླག་པའི་སྐབས་སུ་འབྲི་དགོས།
༨ ཁྱེད་རང་གི་སྙན་ངག་འབྲི་སྟངས་ནི་དབྱིན་ཡིག་གི་འབྲི་སྲོལ་གང་ཞིག་ཡིན་ནམ།
རང་མོས་སྙན་ངག་ཡིན།(Free Verse) སྒྲིག་སྲོལ་མང་པོ་ཡོད་ན་སོ་སོའི་ཚོར་བ་དེ་ཡིག་ཕབ་ཐུབ་ཀྱི་མི་འདུག དང་པོ་སྒྲིགས་སྲོལ་མེད་པ་ཞིག་གི་ཐོག་ནས་ཡོད་པ་ཞིག་གི་ནང་ག་ལེ་ག་ལེར་འཛུལ་དགོས་བ་ཞིག་རེད་བསམ་ཡོད།
༩ ཁྱེད་ཉིད་རང་མོས་སྙན་ངག་འབྲི་རྒྱུར་དགའ་བའི་རྒྱུ་མཚན་ཅིག་གསུང་རོགས།
རང་བཞིན་གྱིས་རང་མོས་སྙན་ངག་འབྲི་རྒྱུར་དགའ་པོ་ཡོད། སྔོན་མཐོ་སློབ་དུ་ཡོད་དུས་( Shakespeare) སོགས་ཀྱི་སྙན་ངག་ཀློག་དུས་སྒྲིག་སྲོལ་ཅན་གྱི་རིགས་ལ་དགའ་བོ་མི་འདུག།
དེ་ལས་སོ་སོའི་སེམས་ལ་གང་ཤར་བ་དེ་སྒྲིག་སྲོལ་མེད་པའི་ཐོག་ནས་ཤར་འབྲི་བྱེད་རྒྱུ་དེ་གལ་ཆེན་པོར་མཐོང་སོང།
༡༠ ཁྱེད་རང་གི་སྙན་དེེབ་འདིའི་ནང་དུ་རང་ཉིད་ལ་གལ་ཆེ་ཤོས་ཀྱི་སྙན་ངག་གང་ཡིན་ནམ།
དམིགས་བསལ་གྱིས་དེ་འདྲ་མེད། སྙན་ངག་ཚང་མར་དགའ་བོ་ཡོད། འོན་ཀྱང་ངའིཨ་ཅ་ལགས་ལ་བྲིས་པའི་སྙན་ངག་ཅིག་སྟེ་No Worries Acha ཞེས་པ་དེ་ནི་ཧ་ཅང་དགའ་ཤོས་ཀྱི་སྙན་ངག་ཡིན།
༡༡ དེབ་འདི་འགྲེམས་སྤེལ་བྱས་ནས་ཚོར་བ་ག་འདྲ་ཞིག་སླེབས་སོང།
ང་ལ་མཚོན་ན་དབྱིན་བོད་གཉིས་ཀའི་ཆ་ནས་གཤོག་རྩལ་རྒྱས་ཡག་མིན་པས། སྙན་དེབ་ནང་གི་རྩོམ་དེ་ཚོ་གཞན་གྱིས་ཞུ་དག་དང་རོགས་རམ་བྱས་ཡོད། དེ་བས་སྐབས་སུ་བབ་པའི་རང་ལ་གང་མཁོ་བའི་དེབ་གང་ཡིན་པ་དེ་ཡག་པོ་ཞིག་བདམས་ནས་ཀློག་རྒྱུ་དེ་གལ་ཆེན་པོར་མཐོང་སོང་།
༡༢ དེབ་ཀློག་རྒྱུ་གལ་ཆེན་པོ་ཡིན་ན་ད་སྐབས་ཁྱེད་ཀྱིས་དེབ་གང་གི་སྐོར་ཀློག་གི་ཡོད།
ཕྱི་ལོ་༡༩༤༠་ནས་ང་ཚོའི་ཕ་མེས་ཚོ་དཀའ་ངལ་ཕྲད་ཡོད་པས། དེའི་སྐབས་ཀྱི་དངོས་ཡོད་གནས་ཚུལ་གྱི་སྐོར་ཀློག་རྒྱུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན་སྐབས་དེའི་དངོས་ཡོད་གནས་ཚུལ་ངོ་མ་དག་ཤེས་རྒྱུ་ནི་ངའི་འོས་འགན་ཡིན་པ་མ་ཟད། གལ་སྲིད་ཕྱི་གླིང་བ་ཞིག་གིས་ང་ཚོར་བོད་པའི་སྐོར་གྱི་དྲི་བ་དྲིས་ན་དེ་ལ་ཡིད་ཆེས་ཐུབ་པའི་ལན་གསལ་བོ་ཞིག་རྒྱག་རྒྱུ་དེ་གལ་ཆེན་པོ་རེད་བསམ་ཡོད།
༡༣ ཁྱེད་རང་གི་སྙན་དེབ་དེའི་ཁ་ཕྱོགས་གང་ཡིན་ནམ།
སྙན་ངག་ཆབ་སྲིད་ཀྱི་ནང་དུ་བེད་སྤྱོད་བྱེད་ཆོག་གི་མ་རེད་།འོན་ཀྱང་ང་ཚོ་སྒྱུ་རྩལ་བ་ཞིག་དང་ཆབ་སྲིད་སྐྱབས་བཅོལ་བ་ཞིག་ཡིན་པས། ཕྱོགས་གཞན་ཞིག་ནས་ཆབ་སྲིད་ཀྱི་ནང་དུ་རང་བཞིན་གྱིས་སླེབས་འགྲོ།
དེ་འདྲ་ཡིན་དུས་བཙན་བྱོལ་འཚོ་བའི་ནང་གི་དགའ་སྐྱོ་སོགས་འབྲི་རྒྱུ་དང་། ཡང་བོད་པ་མ་ཡིན་པ་ཞིག་གིས་ཀློག་ན་བོད་ལ་གདུང་སེམས་མཉམ་སྐྱེད་བྱེད་ཐུབ་པའི་སྐོར་ཡིན།
སྤྱིར་ངས་དབུ་མའི་ལམ་དང་རང་བཙན་སྐོར་ཆེན་པོ་ཤེས་ཀྱི་མེད། འོན་ཀྱང་བདག་གི་དེབ་ཀྱི་ནང་དུ To China’s Leader ཟེར་བ་ཞིག་བྲིས་ཡོད་པ་ལྟ་བུ་ལ་མཚོན་ནས་བཤད་ན། རྒྱ་གཞུང་གིས་བོད་པ་ཚོར་འཆམ་པོ་བྱེད་པ་དང་༧གོང་ས་མཆོག་ལ་མཇལ་མོལ་བྱུང་བ་ཡིན་ན། འཛམ་གླིང་སྟེང་དུ་མི་མང་པོ་ཞིག་གི་སེམས་སྟེང་ནས་དགྱ་མི་ལ་དགའ་མོས་བྱེད་ཀྱི་ཡིན་པའི་སྐོར་བྲིས་ཡོད།

སྤྱི་སྟངས་སྙན་ངག་ཟེར་དུས་གཙང་མ་དྭངས་མ་ཞིག་ཡིན་རྒྱུ་བྱུང་ན་དཔེ་ཡག་པོ་རེད། སྙན་ངག་ནི་སྒྱུར་རྩལ་གྱི་ཁོངས་གཏོགས་ཡིན་ནའང་། ཆབ་སྲིད་ནང་དུ་བེད་སྤྱོད་བྱས་ནས་ཆབ་སྲིད་ཀྱི་ཁྱབས་ཁོངས་ན་ཡོད་པའི་མི་དེ་ཚོའི་ཚོར་བ་དང་བདེ་སྡུག་ལ་ཕན་པ་ཡིན་དུས། རྣ་བར་སྙན་པ་ཞིག་མིན་ན་ཡང་དངོས་ཡོད་ལག་ཡོད་ནས་ཕན་ཐོག་ན་འགྲིག་གི་རེད་བསམ་གྱིན་འདུག
༡༤ ཁྱེད་རང་གི་སྙན་ངག་འབྲི་སྟངས་དེ་བོད་པའི་སྤྱི་ཚོགས་ནང་དུ་མིག་དཔེ་འཇོག་ས་འདྲ་ཡོད་དམ།
དངོས་ནས་བཤད་ན་ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་སྙན་ངག་དེ་ཚོ་དཔེ་ཡག་པོ་འདུག་པ་མ་ཟད། ཁོང་གི་སྙན་ངག་གིས་དངོས་ནས་རེད་བསམ་བསམ་གྱི་ཚོར་བ་སྤྲོད་ཐུབ་ཀྱི་འདུག་པས། ཁོང་གི་སྙན་ངག་གི་དྲོད་ཀྱི་ནང་དུ་སོ་སོ་ཡང་འཛུལ་བའི་འབད་རྩོན་བྱེད་ཀྱི་ཡོད། དཔེར་ན་དགེ་ཆོས་ཀྱི་སྙན་རྩོམ། རྒུད་ཚེ་རིང་བའི་ས་ནས་མཛུབ་ཀེར་གྱིས་འཕྱ་བ།། འབྱོར་ཚེ་ཉེ་བའི་དྲུང་ནས་ཞུམ་ཞུམ་དུ་འགྲོ་ཞིང་། དྲིན་བྱས་དྲིན་དུ་མི་གོ་གྲོགས་ངན་གྱི་གཤིས་ལ།། བསམ་ཞིང་ངུ་མ་དགོད་ཀྱི་སྣང་བ་ཞིག་འཆར་སོང་། འདི་ལྟ་བུ་ཡིན་ན་དངོས་ནས་ཡག་པོ་འདུག
༡༥ ཁྱེད་རང་གིས་བོད་ཡིག་གི་སྒང་ནས་སྙན་ངག་འབྲི་སྐབས་སྙན་ངག་བཅད་ལྷུག་གང་གི་སྒོ་ནས་བྲིས་པ་ཡིན།
སྤྱིར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་ངག་གི་དྲོད་དེ་འདྲ་ཞིག་ཡོང་རྒྱུ་དཀའ་ནའང་། ཁོང་གི་ལད་མོ་བྱས་ཏེ་བཅད་མ་འབྲི་བར་འབད་བརྩོན་བྱས་པ་ཡིན། 
༡༦ ཁྱེད་ཀྱི་སྙན་དེབ་ནང་གི་སྙན་ངག་དེ་ཚོ་ལོ་ག་ཚོད་རིང་ལ་བྲིས་པ་ཡིན།
ལོ་ངོ་གསུམ་གྱི་རིང་རེད། མཐོ་སློབ་ནས་ད་ལྟའི་བར་ལོ་གསུམ་གྱི་རིང་ལ་བསགས་བསགས་པ་ཞིག་ཡིན།
༡༧ ཁྱེད་རང་ཕྱི་གླིིང་གི་དེང་རབས་སྙན་ངག་པའི་ནང་ནས་དགའ་ས་དེ་སུ་ཡིན།
ཁ་ཤས་ཤིག་ཡོད། ཐེ་གོར་ (Tagore) ང་དགའ་ཤོས་དང་པོ་དེ་ཡིན། ཁོང་གི་མི་ཚེ་ནང་དུ་སྙན་ངག་དྲུག་སྟོང་ལྷག་ཅིག་བྲིས་འདུག ངས་ཁོ་རང་གི་སྙན་ངག་ཁ་ཤས་བཀླགས་མྱོང་ཡོད། ཁོང་ནི་སྙན་ངག་གཅིག་པུ་འབྲི་མཁན་ཅིག་མ་ཡིན་པར་བརྩམ་སྒྲུང་ཡང་མང་པོ་བྲིས་ཡོད་འདུག
དེ་ནས་དགའ་ས་གཞན་དེ་རོ་མཱས་ (Rome)ནི་ང་དགའ་ཤོས་གཅིག་ཡིན་ཁོང་ནི་ལོ་རབས་མང་པོ་ཞིག་གི་སྔོན་ཨེ་ཤ་དབུས་མ་ནས་རེད། ཁོང་གིས་སོའི་ཧྤས་(Sophy) ་སྐད་ཡིག་ནང་དུ་བྲིས་ཀྱང་། དབྱིན་ཇིའི་ནང་དུ་བསྒྱུར་ཡོད་པས་ང་ཁོང་གི་སྙན་ངག་ལ་དགའ་བོ་ཡོད། ཁོང་གི་འབྲི་སྟངས་དེ་རྣལ་འབྱོར་བའི་འབྲི་སྟངས་རེད། ཁོང་དང་བོད་ཀྱི་རྗེ་བཙུན་མི་ལ་གཉིས་ཀྱི་རྩོམ་གཉིས་འདྲ་བོ་འདུག ཁོང་ཚོའི་སྙན་ངག་ལ་ལྗིད་ཁོག་ཆེ་ཞིང་ནང་དོན་གཏིང་ཟབ་ཡོད་པ་དེ་འདྲ་རེད།
༡༨ ཐེ་གོར་ཀྱི་སྙན་ངག་ནང་དུ་ཁྱེད་ཀྱི་སེམས་ལ་ཟུག་ཤོས་དང་ཡང་ན་ཁྱེད་ཀྱིས་སྙན་ངག་འབྲི་ཐབས་སུ་ལམ་སྟོན་དུ་གྱུར་བ་དེ་འདྲ་ཡོད་དམ།
དེ་ནི་ཐེ་གོར་གྱིས་མི་སྐྱོ་བོ་ཞིག་གི་སྐོར་བྲིས་ཡོད་པ་དེ་རེད། གཞན་གྱི་ཟས་སློང་ནས་འགྲོ་གི་ཡོད་པའི་འཚོ་བའི་སྐོར་ཞིག་བྲིས་འདུག དེ་ནི་དངོས་ནས་སེམས་སྐྱོ་དགོས་པ་ཞིག་རེད། རྩོམ་དེ་ངའི་སེམས་ལ་ཟུག་སོང་།དེ་ལ་གཞི་བཞག་ནས་བདག་གིས་རང་གི་མི་ཚེའི་ཉམས་མྱོང་དང་འདྲེས་ནས་འབྲི་བར་འབད་རྩོན་བྱེད་ཀྱི་ཡོད།
༡༩ ཁྱེད་ལ་དེབ་འདིའི་རྗེས་སུ་ཡང་བསྐྱར་སྙན་དེབ་བཏོན་འཆར་ཡོད་དམ།
ཡོད་ལགས།རྗེས་མར་བརྩམ་སྒྲུང་ཅིག་འབྲི་རྒྱུའི་བསམ་བློ་གཏོང་བཞིན་ཡོད།  རྒྱུ་མཚན། ང་རང་བོད་ན་ཡོད་དུས་སུ་གཙུག་གཡུ་སོགས་བརྩམ་སྒྲུང་ཁ་ཤས་ཤིག་ཀློག་པ་ཡིན།  བོད་ཀྱི་རྒྱལ་སྤྱིའི་མཁས་པ་ཚེ་རིང་ཤཀྱ་ལགས་ཀྱིས་གསུང་བ་ཞིག་ལ།བོད་གཞི་བྱེས་གཉིས་ཀྱི་ནང་ནས་འདི་བརྩམ་སྒྲུང་རེད་ཟེར་ནས་ཁོང་གི་གསུང་མ་སོང་མོད། བོད་པའི་སྤྱི་ཚོགས་ནང་དུ་བརྩམ་སྒྲུང་འབྲི་བ་ཐག་ཉེ་ཤོས་དེ་བོད་པའི་ཁྱིམ་ཚང་གི་སྐྱིད་སྡུག་ཡིན་པར་བརྗོད་སོང་། དྲི་བ་ཞིག་ལ་བོད་པའི་ནང་དུ་ག་རེ་སྙན་ངག་ཏག་ཏག་ཅིག་འབྲི་ཐུབ་ཀྱི་ཡོད་པ་མ་རེད་དམ། ཚེ་རིང་ཤཀྱ་ལགས་ཀྱིས་བཤད་པ་ལྟར་ན། བསམ་བློ་གཅིག་ཕར་འགྲོ་གི་ཡོད་ན། བསམ་བློ་གཞན་གཅིག་ནི་ཚུར་འགྲོ་གི་གི་ཡོད་པ་ལྟ་བུའི་བསམ་ཚུལ་ཞིག་རག་སོང་། དེ་བས་ན་ངས་བརྩམ་སྒྲུང་ལ་དཀའ་ལས་རྒྱག་པར་གཞི་ནས་བསམ་བློ་གཏོང་གི་ཡོད།
༢༠ བརྩམ་སྒྲུང་འབྲི་སྟངས་སྐོར་ལ་ཁྱེད་ཀྱིས་དམིགས་བསལ་བལྟས་མྱོང་ངམ།
ངས་དེའི་སྐོར་ལ་བསམ་བློ་མང་པོ་བཏང་མྱོང་ཡོད། ཨ་རི་ནས་ཡིན་པའི་དབྱིན་ཇིའི་བྱིས་སྒྲུང་བྲིས་ཏེ་བྱ་དགའ་ཐོབ་མྱོང་བའི་ལྕམ་སོའུ་སན་Susanལགས་ཀྱིས་སྒྲུང་འབྲི་སྟངས་སྐོར་ལ་ལམ་སྟོན་ཡག་པོ་གནང་མྱོང་ཡོད། དཔེར་ན་ཇི་ལྟར་མགོ་རྩོམ་སྟངས་དང་འཕེལ་རིམ། མཐའ་མར་མཇུག་བསྡུ་ཚུལ་སོགས་ཀྱི་སྐོར་ལ་ལམ་སྟོན་གནང་སོང་།
༢༡ ད་སྐབས་ཁྱེད་ཀྱིས་བོད་དབྱིན་གང་གི་སྟེང་ནས་དེབ་ཀློག་བྱེད་ཀྱི་ཡོད་དམ།
སྤྱིར་བོད་དབྱིན་གཉིས་ཀ་ཀློག་གི་ཡོད། ཡིན་ནའང་ད་ལྟའི་ཆར་བོད་ཡིག་གི་དེབ་ཞིག་ཀློག་བཞིན་ཡོད།དེབ་ཀྱི་མིང་ལ་༼ཚོར་འདུས་མྱོང་ཚོར༽ཞེས་པ་འབྲི་མཁན་ནི་བོད་གཞུང་གི་པར་རྒྱག་མཁན་ཟུར་བ་དང་ཀློག་བརྙན་སློབ་སྟོན་པ་ཐུབ་བསྟན་བསྟན་འཛིན་ལགས་གྱིས་བརྩམས་པ་ཞིག་རེད། ད་དེ་ཀློག་ནས་ཚར་གྲབ་ཡོད།
༢༢ ཁྱེད་རང་རྗེས་སུ་སློབ་གྲྭ་གང་རུང་ལ་འགྲོ་བའི་འཆར་གཞི་ཡོད་དམ་ཡང་ན་སྤྱི་ཚོགས་ཉུལ་སྟེ་མུ་མཐུད་ནས་དེབ་འབྲི་རྒྱུ་ཡིན།
གལ་སྲིད་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡག་པོ་ཞིག་རག་ན་སློབ་སྦྱོང་གཅིག་པུ་བྱེད་ཀྱི་ཡིན། གང་ཡིན་ཟེར་ན་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེ་ཤོས་རེད། སློབ་སྦྱོང་ཟེར་བ་དེ་སློབ་གྲྭ་ཞིག་ལ་འཛུལ་ནས་སྦྱང་དགོས་པའི་ངེས་པ་ཡང་མེད་ལ། སོ་སོའི་ལས་ཀའི་ངོ་བོ་གང་ཡིན་པ་དེ་ཡང་སློབ་སྦྱོང་རེད་བསམ་གི་ཡོད།
༢༣ ཁྱེད་རང་དམིགས་བསལ་ཆེད་ལས་པའི་སྒང་ལ་འགྲོ་བའི་དམིགས་ཡུལ་འདྲ་ཡོད་དམ།
ངས་དེ་འདྲའི་གཞི་རྩ་ཞིག་འཛིན་རྒྱུ་གལ་ཆེན་པོ་རེད་བསམ་གི་ཡོད། ཡིན་ནའང་གཞི་འཛིན་ས་དེ་ལ་ཤུགས་རྐྱེན་མ་ཐེབས་པའི་སྒང་ནས་ཞར་དང་ཞོར་ལ་སོ་སོའི་དགའ་ཕྱོགས་ལ་ལག་པ་འཆང་རྒྱུ་དེ་ཡང་ཅུང་གལ་ཆེན་རེད་བསམ་གྱི་ཡོད།  དཔེར་ན་ཉིན་རེར་ཆུ་ཚོད་གཉིས་དང་གསུམ་ལ་གཞི་འཛིན་ས་དེའི་སྒང་ལ་བཏང་ནས་དེ་ལས་གཞན་སོ་སོའི་དགའ་ཕྱོགས་ཀྱི་སྟེང་དུ་གཏོང་ཐུབ་ན་རྒྱན་ཆ་ལྟ་བུ་ཆགས་འགྲོ་གི་རེད་བསམ་གྱི་ཡོད།
༢༤ ཁྱེད་ཀྱིས་དེབ་ག་ཚོད་དཔར་སྐྲུན་བྱས་ཡོད།
ངའི་དེབ་ཀྱི་མིང་ལ་Sweet Butter Teaཞེས་པ་ཡིན། དེབ་ཆིག་སྟོང་པར་སྐྲུན་བྱས་ཡོད། ཟླ་གཅིག་ཟིན་མ་ཟིན་རིང་ལ་བརྒྱ་དང་ལྔ་བཅུ་མ་གཏོགས་ཚང་མ་བཀྲམས་ཚར་སོང།
༢༥ མཐའ་མ་དེ་ལ་ངའི་དྲི་བའི་ནང་དུ་མ་ཚུད་པའི་བསམ་ཚུལ་འདྲ་ཁྱེད་ལ་ཡོད་དམ།
ཡོངས་གྲགས་བོད་ཀྱི་རིག་གཞུང་གཙོ་བོ་ནང་ཆོས་བརྩི་གི་ཡོད་པ་རེད། ཡིན་ནའང་ནང་ཆོས་གཅིག་པུ་མ་ཡིན་པར་སྐད་ཡིག་སྒང་ནས་ཀྱང་བོད་ཕྱི་ནང་གཉིས་ཀར་བོད་ཀྱི་སྐད་ཡིག་སྟེང་དཀའ་ལས་སྐྱོན་པ་ནང་བཞིན། ང་ཚོ་བོད་ཀྱི་སྐད་ཡིག་རྒྱལ་ཁབ་གཞན་གྱི་སྐད་ཡིག་དང་དཔུང་པ་མཉམ་གཤིབ་བྱས་ཏེ་བོད་ཀྱི་རྩོམ་པ་པོ་དེ་ཚོ་བོད་རང་གི་སྐད་ཡིག་གི་སྒང་ནས་འཛམ་གླིང་གི་གར་སྟེགས་སྟེང་ལ་ལང་རྒྱུ་གལ་ཆེན་པོ་རེད་བསམ་ཡོད།

གསར་འགོད་པ། དྲི་བ་འདྲི་མཁན་ཆོས་ཉིད། ཡིག་ཕབ་པ་ཚེ་བརྟན་བཀྲ་ཤིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།