བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བོད་སྨན་གྱི་བཀའ་དྲིན་ལ་བརྟེན་ནས་ནད་གཞི་དྲག་སྐྱེད་བྱུང་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༢།༡༧ཉིན་སྤེལ།   འདི་ག་གསར་འགོད་པས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་མཆོག་ལ་འདས་པའི་ལོ་ཤས་ནང་གི་གྲུབ་འབྲས་དང་། འགྱུར་བ་གང་ཕྱིན་ཡོད་མེད། སླེབས་ལ་ཉེ་བའི་དུས་དྲན་གསུམ་མཉམ་ཁེལ་བྱུང་སྐབས་སྲུང་བརྩི་དང་མ་འོངས་པའི་ལས་འཆར་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་གཤམ་གསལ།

༡། ཐོག་མར་ཁྱེད་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས།

ལན། ངའི་མིང་ལ་ཚེ་རིང་བཀྲ་ཤིས་ཟེར་གྱི་ཡོད། ༡༩༦༠ལོར་བཙན་བྱོལ་ལ་འབྱོར་བ་རེད། དེ་ཡང་ཐོག་མར་ཤར་གངས་ལར་ལོ་བཞི་བསྡད་པ་ཡིན། དེ་རྗེས་རྒྱ་གར་ལ་འབྱོར་རྗེས་ཐཱ་མིལ་ཎཱ་དྷུ་Tamil Naduམངའ་སྡེའི་ནང་ཡོད་པའི་སློབ་གྲྭ་ཞིག་ལ་འཛུལ་ཞུགས་བྱས་པ་ཡིན། སློབ་གྲྭ་དེའི་ནང་བོད་པའི་སློབ་ཕྲུག་མང་པོ་ཡོད་པ་རེད། དེ་ལ་དབྱིན་ཡིག་ལ་སློབ་སྦྱོང་བྱས་ནས་སློབ་ཐོན་བྱུང་རྗེས། ཅི་ཎིལ་མཱ་དྷ་ར་སི་ཁུརཤིན་Chennai Madras Christian Collegeམཐོ་སློབ་ནང་ཚོང་རྩིས་སྐོར་ལ་སློབ་སྦྱོང་བྱས་དེ་རྗེས། དྷ་ས་བོད་ཕྲུག་ཁྱིམ་སྡེ་དང་། སྐུ་སྒེར་ཡིག་ཚང་། བཀའ་དྲུང་ཡིག་ཚང་ནང་ལོ་གཅིག་གཅིག་རིང་ཞབས་ཕྱི་ཞུས་པ་ཡིན།

གཞུང་ཞབས་བྱས་པ་ནས་བཟུང་དཔལ་འབྱོར་ལས་ཁུངས་ནང་ལོ་བཅུ་བཞི་ལྷག་ལས་ཀ་བྱས་དེའི་རྗེས་ལ་ལོ་གསུམ་དང་ཟླ་ཤས་ཤིག་རིང་སྨན་རྩིས་ཁང་གི་འགན་འཛིན་བྱས་པ་ཡིན། རྗེས་ལ་ནང་མི་ཟླ་སྒྲིལ་བཏང་ནས་ཨ་རིར་གཞིས་ཆགས་ཁོངས་ལ་ཕྱིན་པ་རེད།  ༢༠༡༢ལོར་སླར་ཡང་སྨན་རྩིས་ཁང་གི་འགན་འཛིན་གནང་བ་ནས་བཟུང་ད་ལྟ་བར་ཞབས་ཕྱི་ཞུ་མུད་ཡིན།

༢། བཙན་བྱོལ་ནང་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་གནང་ནས་ད་ལྟ་བར་ལོ་༥༥འགྲོ་ཡི་ཡོད་པ་རེད། བོད་ཀྱི་སྨན་རྩིས་ཁང་གི་དམིགས་ཡུལ་གཙོ་བོ་དེ་གང་རེད་དམ། དམིགས་ཡུལ་དེ་སྒྲུབ་ཕྱོགས་ཀྱི་ཐད་ལ་ལས་དོན་གཙོ་བོ་གང་དང་གང་གནང་གི་ཡོད་དམ།
ལན།

སྨན་རྩིས་ཁང་གི་སྡེ་ཚན་ལ་མཚོན་ན། རིག་གཞུང་དང་། འཕྲོད་བསྟེན། ཤེས་རིག་བཅས་དང་།སྨན་དང་སྐར་རྩིས་ལ་དོ་སྣང་ཡོད་མཁན་གྱི་གཞོན་སྐྱེས་སློབ་ཕྲུག་མང་པོ་ཞིག་གསོ་སྐྱོང་གནང་ནས་བོད་ཀྱི་གསོ་བ་རིག་པ་དང་སྐར་རྩིས་རིག་པ་བཅས་ལ་ཞབས་འདེགས་སྒྲུབ་རྒྱུ་དེ་ཆགས་ཡོད་རེད།

༣། སྐུ་ཉིད་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་གནང་ནས་དུས་ཡུན་གང་ཙམ་ཕྱིན་པའི་ནང་བོད་ཀྱི་སྨན་རྩིས་ཁང་གི་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཡོད་དམ། ལན། སྨན་རྩིས་ཁང་གསར་འཛུགས་བྱས་པ་ནས་ལོ་༥༥ཡི་རིང་ཡར་རྒྱས་ཕྱིན་བཞིན་པ་རེད། འོན་ཀྱང་ད་ལྟའི་ཆར་རྒྱལ་སྤྱིའི་ནང་བོད་སྨན་གྱི་ཐོག་ནས་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་ཡོད་པ་དེ་དང་། ༧གོང་ས་མཆོག་གི་ཐུགས་རེ་གནང་བ་ནང་བཞིན་མདུན་སྐྱོད་བྱེད་བཞིན་ཡོད་པ་རེད།

༡༩༦༡ལོར་ཐོག་མར་སྨན་རྩིས་ཁང་དེ་བཙུགས་སྐབས་བླ་སྨན་ཡེ་ཤེས་དོན་ལྡན་ལགས་དང་དགེ་འདུན་པ་བཞི་ལས་ཡོད་མ་རེད། དགེ་འདུན་པ་བཞི་དེ་སློབ་ཕྲུག སྨན་སྦྱོར་མཁན།  རོགས་པ་ཟེར་ཡང་དགེ་འདུན་པ་བཞི་དེ་རེད།  དེ་ནས་ད་བར་བསྡུར་ན་ད་ལྟའི་ཆར་སྨན་པ་ལས་བྱེད་གྲངས་༡༤༠དེ་དག་མང་ཆེ་བ་སྨན་རྩིས་ཁང་ནས་སློབ་ཐོན་བྱུང་བ་རེད། དེ་བཞིན་སྐར་རྩིས་ཀྱི་ཐོག་ལ་ལས་བྱེད་གྲངས་༢༢དང་། སྨན་ཁང་ལ་ཆ་བཞག་ན་གཞིས་ཆགས་ཁག་ཚང་མར་ཨ་ཅང་ཅང་། གྲོང་རྡལ་ཆེ་ཁག་ནང་ལ་ཡོད་བསྡད་པ་བཅས་གཏན་འཇགས་སྨན་ཁང་གྲངས་༥༥ཡོད་པ་རེད།

ད་དུང་དེ་སང་རྒྱལ་སྤྱིའི་ནང་བོད་སྨན་ལ་དོ་སྣང་ཆེ་རུ་འགྲོ་ཡི་ཡོད་པར་བརྟེན་ཕྱི་རྒྱལ་ཁག་ཏུ་བོད་པའི་སྨན་པ་ཡོད་བཞིན་པ་རེད། ཟླ་བ་གཅིག་གཉིས་སྐོར་སྐྱོད་བྱེད་པ་དང་ཆབས་གཅིག་གཏམ་བཤད་བྱེད་པ། སྐར་རྩིས་ཀྱི་ཐོག་ལ་ཚེ་རབས་ལས་རྩིས་སྐོར་ལ་གཏམ་བཤད་བྱེད་ཀྱི་ཡོད་པ་བཅས་སྨན་པ་ཚོས་སྐོར་སྐྱོད་བྱེད་རེས་གནང་གི་ཡོད་པ་བཅས་རྒྱ་ཁྱབ་ཆེ་རུ་ཕྱིན་ཡོད་པ་རེད།

ད་དུང་བོད་ཀྱི་ཐུན་མིན་གྱི་ནང་དོན་རིག་པ་དང་གསོ་བ་རིག་པ་གཉིས་ལ་མི་མང་ཚོས་ཚད་འཛིན་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། གསོ་བ་རིག་པ་དེ་མིག་མཐོང་ལག་ཟིན་གྱིས་མི་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པ་དང་། ལྷག་པར་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་སྨན་རྩིས་ཁང་གསར་འཛུགས་བྱས་པ་དེ་ཚོར་ང་ཚོས་འགྲོ་སོང་གང་ཡང་གཏོང་དགོས་ཀྱི་ཡོད་པ་མ་རེད། ཁང་གླ་བཅས་མང་ཆེ་བ་སྦྱིན་བདག་གིས་འགྲོ་སོང་གཏོང་གི་ཡོད་པ་རེད། 

རྒྱ་གར་གྱི་ཁྱིམ་ཚང་སྒེར་པ་ཁ་ཤས་བོད་སྨན་གྱི་བཀའ་དྲིན་ལ་བརྟེན་ནས་ནད་གཞི་དྲག་སྐྱེད་བྱུང་སོང་ཡུལ་མི་ཚོ་ལ་ཕན་དགོས་ཀྱི་འདུག་ཟེར་ནས་ད་ལྟ་གྲོང་ཁྱེར་ནང་ཡོད་པའི་སྨན་ཁང་མང་ཆེ་བའི་སྦྱིན་བདག་རྒྱ་གར་བ་རེད། ནད་པར་ཆ་བཞག་ན་བརྒྱ་ཆ་༧༠རྒྱ་གར་བ་རེད། བོད་མི་བརྒྱ་ཆ་ཉུང་ཤས་ལས་མེད་པ་རེད། སྨན་ཁང་གཞིས་ཆགས་ཁག་ཚང་མའི་ནང་ཡོད་པར་བརྟེན་མང་པོ་ཡོད་ན་ཡང་ཉི་མ་རེ་ལ་ནད་པ་ཡོང་མཁན་དགུ་དང་བཅུ་ལས་མེད་པ་རེད། རྒྱ་གར་གྲོང་ཁྱེར་ནང་ཡོད་པའི་སྨན་ཁང་ལ་ཆ་བཞག་ན་ཉི་མ་རེ་ལ་ནད་པ་༢༠༠ལྷག་ཡོད་པ་རེད།

༤། བོད་ཀྱི་གསོ་བ་རིག་པ་འདི་བོད་མི་རིགས་ཀྱི་རིག་གཞུང་གལ་ཆེ་ཞིག་ཡིན་པ་མ་ཟད། དངོས་ཡོད་ཀྱི་ཐོག་ནས་ཉམ་ཐག་ནད་མནར་མང་པོ་ཞིག་ལ་ཕན་ཐོགས་ཤུགས་ཆེན་བསྒྲུབ་ཐུབ་ཀྱི་ཡོད་པར་བརྟེན། དེའི་ཐོག་ལ་འདི་ག་སྨན་རྩིས་ཁང་ངོས་ནས་ཕྱག་ལས་གནང་སྟངས་ཐད།ཡར་རྒྱས་དང་འགྱུར་བ་གང་དང་གང་བཏང་ཡོད་དམ།

ལན།
 ཐོག་མར་སྨན་ཁང་ཆུང་ཆུང་གསར་འཛུགས་བྱས་ནས་བོད་མི་སྐྱབས་བཅོལ་བ་ལམ་བཟོ་བྱེད་པའི་སྐབས་དུས་ནས་སྨན་སྦྱིན་གནང་གི་ཡོད་རེད།  ཕྱིས་སུ་སྨིན་སྦྱིན་ཤུགས་ཆེར་གོང་འཕེལ་བཏང་ནས་བོད་མི་གཞིས་སྒོ་བདེ་དོན་སོ་སོའི་མཐོ་གཞུང་ནང་ཡོད་པའི་ཉམས་ཐག་ཡིན་ཞེས་བརྗོད་ཡོད་ན་སྨན་རྩིས་ཁང་གི་ངོས་ནས་སྨིན་སྦྱིན་ཆ་ཚང་ཕུལ་གྱི་ཡོད་རེད།

དེ་བཞིན་བོད་མི་སྐྱབས་བཅོལ་བ་བགྲེས་སོང་ལོ་ན་༦༥ཡན་ཚང་མར་སྨན་སྦྱན་གཏོང་གི་ཡོད་པ་རེད། དེ་བཞིན་སྲི་ཞུ་བ། སློབ་ཕྲུག གྲྭ་བཙུན།  བོད་ནས་གསར་དུ་འབྱོར་མཁན་ཚོ་ལ་སྨན་སྦྱིན་ཕྱེད་བཅག་གཏོང་གི་ཡོད་པ་རེད། ནད་པའི་གྲངས་འབོར་ལ་གཞིགས་ན་ཡང་དེབ་སྐྱེལ་ཡོད་པའི་ནད་པ་ཕྱེད་ཀ་ལྷག་ལ་སྨིན་སྦྱིན་གཏོང་གི་ཡོད་པའི་ནང་ནས་མང་ཆེ་བ་བོད་པ་ཡིན་པ་རེད། སྨིན་སྦྱིན་ལ་གཞིགས་ན་ཟླ་བ་གསུམ་རེར་རྩིས་དྲ་ཞིག་སྟོན་གྱི་ཡོད་པ་སྟེ། འབུམ་༡༨དང་༢༠བཅས་ཟླ་བ་གསུམ་རེར་འཆར་ཅན་དེ་འགྲོ་ཡི་ཡོད་པ་རེད།

རྗེས་སུ་ང་ཚོས་སྨན་སྦྱིན་ཤུགས་ཆེ་རུ་གང་འདྲ་བྱས་ནས་གཏོང་གི་ཡོད་རེད་དམ་ཞུས་ན། སྨན་པ་རྒན་གྲས་ཚོ་དང་མཉམ་དུ་སྐམ་ཁབ་ཤེས་མཁན་གྱི་སྨན་པ་གཞོན་པ་གསུམ་བཏང་ནས་གཞིས་ཆགས་ཁག་སྐོར་སྐྱོད་བྱེད་ཀྱི་ཡོད་པ་རེད། དེ་ཡང་ཉི་མ་ཕྱེད་ཀ་དཔེ་ཆའི་ཐོག་ནས་སློབ་ཁྲིད་བྱས། ཉིན་མ་ཕྱེད་ཀ་སྐམ་ཁབ་སྨན་སྦྱིན་སྤྲད་པ་དེས་ཕན་ཐོགས་ཤུགས་ཆེན་པོ་ཞིག་བྱུང་གི་ཡོད་པ་རེད།
 
ད་ལྟ་བོད་ནས་ཕེབས་མཁན་གྱི་སྨན་པ་རྒན་པ་ཞིག་ཡོད། དེས་སྨན་པ་གཞོན་པ་བཞི་ལྷག་མཉམ་ཁྲིད་བྱས་ནས་གཞིས་ཆགས་ཁག་ནང་སྐོར་སྐྱོད་བྱས་ནས་རྩུབ་དཔྱད་ཀྱི་ཐོག་ནད་བཅོས་གནང་གི་ཡོད་པ་དེ་ཚོ་འགྲོ་སོང་ཆེན་པོ་རེད། རྩུབ་དཔྱད་བྱས་པའི་རིང་ཡོང་འབབ་གང་ཡང་ཡོད་མ་རེད་དེ་དག་ཚང་མ་སྨན་སྦྱིན་རེད། སྨན་པ་བཞིས་ཟླ་བ་གཉིས་ནང་གཞིས་ཆགས་མང་པོར་སྐོར་བ་རྒྱབ་དགོས་དུས་འགྲོ་སོང་ཆེན་པོ་རེད་ལ་ང་ཚོས་སྨན་སྦྱིན་གྱི་ཐབས་ལམ་ཅིག་དེ་རེད།

༥། སྐུ་ཉིད་སྨན་རྩིས་ཁང་གི་འགན་འཛིན་གནང་ནས་དུས་ཡུན་གང་ཙམ་ཕྱིན་པའི་ནང་དམིགས་བསལ་གྱི་གྲུབ་འབྲས་གང་དང་གང་བྱུང་ཡོད་དམ།

ལན། དམིགས་བསལ་གྱི་ཚོགས་པ་འདི་ལ་དམིགས་ཡུལ་ཅིག་ཡོད་པ་ནི།  ལམ་སྟོན་གནང་མཁན་གྱི་འགན་འཛིན་ལྷན་ཚོགས་ཡོད་རེད། དགའ་ལྡན་ཕོ་བྲང་ནས་བཀའ་སློབ་དང་། དགོངས་འཆར་ཕེབས་ཀྱི་ཡོད་པ་དེ་དག་ལག་ལེན་ལ་ཁེལ་བ་ཞིག་དང་། ནང་ལོག་ལ་གོ་བསྡུར་བྱས་ནས་དེ་སྔ་བསམ་ཚུལ་གསར་པ་གང་ཁ་སྣོན་བྱེད་དགོས་ཀྱི་འདུག་ལྟ་ཡི་ཡོད་རེད། ཡང་དེ་སྔ་བྱས་པའི་ལག་ལེན་ནང་སྐྱོན་དང་ནོར་འཁྲུལ་བྱུང་ནས་གྲུབ་འབྲས་མ་ཐོན་པ་བྱུང་བ་ཡིན་ན་ཚང་མས་ཐག་གཅོད་གནང་ནས་མཚམས་འཇོག་གནང་གི་ཡོད་རེད།
 
གཞན་ཡང་སྨན་རྩིས་ཁང་གི་དམིགས་ཡུལ་ཅིག་ནད་པར་རོགས་སྐྱོར་གནང་རྒྱུ་དང་། སྨན་པ་མང་དུ་གཏོང་དགོས་པ་དེ་རེད། དེར་བརྟེན་ང་ཚོས་མཐོ་སློབ་དེ་གལ་ཆེར་རྩིས་ནས་སྨན་གྱི་ཐོག་སློབ་སྦྱོང་གནང་མཁན་གྱིས་སློབ་མ་མང་པོ་གསོ་སྐྱོང་གནང་གི་རེད། སྨན་རྩིས་ཁང་ལ་ལྟ་ས་ཞིག་ཡོད་པ་ནི། སློབ་ཕྲུག་མང་ཆེ་བ་སློབ་གྲྭ་ཐོན་པ་དང་། སྨན་རྩིས་ཁང་ནང་ལས་ཀ་བྱེད་མཁན་ཤ་སྟག་ཡིན་པ་ལས་ཕྱི་རྒྱལ་ལ་འགྲོ་མཁན་རེ་ཟུང་ལས་མེད་པ་རེད། ཡང་སློབ་ཐོན་བྱུང་བ་ཙམ་གྱིས་འགྲིག་ཐབས་མེད་པ་རེད།  ནད་པ་ལ་སྨན་སྤྲད་སྟངས་ཤེས་དགོས་ཀྱི་ཡོད་པ་རེད། སྨན་སྦྱོར་སྟངས་ཤེས་པ་དགོས་པ་རེད། ཧི་མ་བཅལ་མངའ་སྡེའི་གྲོང་གསེབ་ཁག་གི་ནང་བཞུགས་མཁན་གྱི་ལས་ཀྱི་སྣེ་མོ་བ་ཚོ་དང་འབྲེལ་བ་དམ་གཟབ་གནང་ནས་སྨན་རྩྭ་འབེལ་འབེལ་ལྷོད་ལྷོད་ཡོང་བ་བྱས་ནས་སྨན་མང་དུ་གཏོང་དགོས་པ་དེ་རེད།

སྨན་རྩིས་ཁང་གི་དཀའ་ངལ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཀའ་ངལ་དང་ཏོག་ཙམ་མི་འདྲ་བ་རེད། སྨན་རྩིས་ཁང་ལ་ཆ་བཞག་ན་སྨན་པ་དང་། སློབ་གྲྭ སྨན་རྩྭ་བཅས་མ་འདང་ས་ལ་ཁ་གསབ་བྱེད་དགོས་པ་དེ་དཀའ་ངལ་རེད་དམ་ཞུས་ན་དཀའ་ངལ་རེད་ཏེ་ཡར་རྒྱས་ཀྱི་དཀའ་ངལ་ཞིག་ཡིན་ཙང་སེལ་དགོས་པ་རེད།

སྨན་པ་དང་། སློབ་གྲྭ སྨན་རྩྭ་བཅས་འབེལ་ཤིག་ཤིག་བཟོ་ཐུབ་པ་ཡིན་ན་སྤྱོད་ས་མེད་པའི་དཀའ་ངལ་མེད་པ་རེད། ཚོང་ཁ་ཤས་ཚོང་ཟོག་ཕོན་ཆེན་བཟོ་བསྐྲུན་བྱས་ན་ཡང་དེ་དག་བྲིན་པོ་མ་བྱུང་ན་ལྷག་མི་ཡོང་ངམ་སྙམ་ནས་འགྲོ་ས་འཚོལ་དགོས་པ་རེད། ང་ཚོ་ལ་དེའི་དཀའ་ངལ་མེད་པ་རེད། ཉུང་དྲག་པ་དང་མ་འདང་བའི་དཀའ་ངལ་རེད།

༦། གྲུབ་འབྲས་དེའི་སྐོར་ལ་གཅིག་ནས་ལྔ་ཡང་ན་བཅུ་བར་གསུང་རོགས་གནང༌། ལན། གྲུབ་འབྲས་གཉིས་ཙམ་བྱུང་མེད་དམ། ཧ་ཧ་ཧ། གལ་ཆེ་ཤོས་དེ་ཧུར་ཐག་འབད་ཐག་བྱས་པ་དེ་རེད། ངས་དུས་ཚོད་རྒྱུན་རིང་པོ་ཞིག་གི་ནང་ཞོགས་པ་ཆུ་ཚོད་༩པ་ནས་དགོང་དྲོ་ཆུ་ཚོད་༧པ་བར་འཆར་ཅན་གྱི་ལས་ཀ་བྱས་བསྡད་པ་ཡིན། དེ་ཡང་རྗེས་སུ་སྨ་རྩིས་ཁང་ནང་ལས་ཀ་བྱེད་པའི་སྐབས་དང་། སྔོན་མ་དཔལ་འབྱོར་ལས་ཁུངས་ནང་ཡོད་སྐབས་ནས་དུས་ཚོད་དེ་གོང་ཞུས་ལྟར་གཅིག་མཚུངས་ལས་ཀ་བྱེད་ཀྱི་ཡོད། ལྷག་པར་དུ་གཟའ་སྤེན་པ་དང་ཉི་མའི་གུང་གསེང་སྐབས་ཉིན་ཕྱེད་ལྷག་ལས་ཀ་བྱེད་དགོས་ཀྱི་ཡོད། ལོ་སུམ་ཅུ་སོ་གྲངས་ནས་དྲུག་ཅུ་རེ་གྲངས་བར་སྤྱི་པའི་ལས་ཀ་བྱེད་སྐབས་དུས་ཚོད་མང་པོ་བཏང་དགོས་ཀྱི་ཡོད།  དེའི་སེམས་ཤུགས་དེ་ཡང་༧གོང་ས་མཆོག་དང་། སྲིད་བློན་དམ་པ་ཨིན་དྷི་ར་གྷིན་དྷི། indragandhi མ་དྷ་ཁྲི་རི་སཱ་motherteresaཡི་ཉི་མ་རེ་ལ་དུས་ཚོད་མང་པོ་ཞིག་བཏང་གནང་གི་ཡོད་པ་ལ་བརྟེན་ནས་བྱུང་།

 ༧། འདི་ག་སྨན་རྩིས་ཁང་གི་ངོས་ནས། ཆབ་སྲིད་བཙོན་ཟུར་ཁག་དང༌། བོད་མིའི་དབུལ་ཕོངས་ནད་གཅོང༌། སྲི་ཞུ་བ། རིས་མེད་གྲྭ་བཙུན་སློབ་ཕྲུག་བཅས་ལ་དམིགས་བསལ་གྱི་གཟིགས་སྐྱོང་གང་དང་གང་གནང་གི་ཡོད་དམ།

ལན།
 སྨན་སྦྱིན་ཤུགས་ཆེན་གནང་གི་ཡོད། དེ་དང་མཉམ་དུ་ནད་གསོ་ཁང་ནང་ཆབ་སྲིད་བཙོན་པ་དང་། གདན་ས་ཁག་གི་གྲྭ་བཙུན་གཅོང་ནད་ཡོད་པ་ལ་ཟླ་བ་གསུམ་བཞི་རིང་ལ་སྨན་སྦྱིན་ཨ་ཅང་ཅང་། ཞལ་ལག་དང་བཅས་ཚང་མ་ནར་གཏོང་རེད། ལྷག་པར་དུ་བཙོན་ཁང་ནང་དཀའ་སྡུག་ཚད་མེད་མྱངས་མཁན་དག་བོད་སྨན་གྱིས་ནད་བཅོས་ཡག་པོ་ཡོད་པར་བརྟེན་ནད་གསོ་ཁང་ནང་རྒྱུན་རིང་ཙམ་བཞུགས་གནང་གི་ཡོད་པ་རེད། ཉེ་ཆར་ང་ཚོས་ཚོགས་འདུ་གལ་ཆེན་ཞིག་ཚོགས་པ་རེད། དེའི་སྐབས་དེར་དོར་པོ་རིན་པོ་ཆེ་ཡིས་བོད་པའི་སྤྱི་ཚོགས་ནང་ཐ་མག་ཉལ་ཐ་འཐེན་མཁན་གྲལ་ལ་ཤེས་ཡོན་དང་། ནང་ཆོས། ལག་རྩལ། དེ་བཞིན་ཉིན་ཕྱེད་རིང་སྨན་རྩིས་ཁང་གི་ངོས་ནས་ལས་ཀུ་སྐུལ་ནས་གླ་ཆ་སྤྲད་པ་ཡིན་ན་ཡག་པོ་འདུག་ཟེར་གྱི་ཡོད་པ་དེ་ལ་ང་རང་འདོད་མོས་བྱུང་སོང་།
 
༨། སྐུ་ཉིད་ཀྱིས་སྨན་རྩིས་འགན་འཛིན་གྱི་ཕྱག་ལས་གནང་བའི་རིང༌། སྨན་རྩིས་ཁང་གི་ལས་དོན་ཐོག་སྐྱོན་ཆའི་རིགས་ག་རེ་མཐོང་གི་འདུག་གམ། ལན།
 སྐྱོན་དེ་སྡེ་ཚན་རྒྱ་ཆེན་པོ་དང་ལས་བྱེད་༦༠༠ཙམ་ཡོད་པ་རེད། ཆེད་ལས་པ་དང་འཛིན་སྐྱོང་བར་གནས་ཚུལ་རྣམས་ཕན་ཚུན་གོ་བརྡ་མ་འཕྲོད་པའི་དཀའ་ངལ་བཅས་ཡར་ག་རིན་ཆེན་རིལ་བུ་ཐུམ་རྒྱབ་མཁན་ནས་མར་ག་གད་ཕྱག་མཁན་བར་གལ་ཆེན་པོ་ཡིན་པ། དཔེར་ན་སྨན་པ་ཤ་སྟག་ཡིན་ན། གད་པ་དང་། རྩིས་པ་སུ་ཡི་བྱེད་ཀྱི་རེད་དམ་དེར་བརྟེན་ཚང་མ་གལ་ཆེན་པོ་ཡིན་པ་ཤེས་དགོས་པ་རེད། ལས་བྱེད་མང་ཆེ་བས་ལས་ཀ་ཡག་པོ་བྱེད་ཀྱི་ཡོད་ན་ཡང་ཉུང་ཤས་ཤིག་གིས་མདའ་འཁྲུག་ཕུ་འཁྲུག་བྱས་པ་ཡིན་ན་སྣང་མེད་བྱེད་རྒྱུ་རྩ་བ་ནས་མེད་པ་རེད། དེ་ཚོའི་གྲལ་ལམ་སང་ཐག་གཅོད་གནང་ནས་ཉེས་ཆད་དང་། ཕྱིར་འབུད་གཏོང་ཐུབ་དགོས་པ་རེད།

༩། སྐུ་ཉིད་སྨན་རྩིས་ཁང་གི་འགན་འཛིན་གནང་བའི་རིང་ལས་འཆར་སྒྲུབ་མ་ཐུབ་པ་གང་བྱུང་ཡོད་དམ། ལན། དཔེར་ན་ང་ཚོས་སྨན་རྩྭ་འདེབས་ལས་དེ་༡༩༩༥ལོར་ལ་དྭགས་བོད་ཕྲུག་ཁྱིམ་སྡེར་འབྲེལ་བ་ཞུས་ནས་བུ་ཧྲག་ཧྲག་༥གཏོང་རོགས་གནང་། ང་ཚོས་སྨན་རྩྭ་འདེབས་ལས་ལ་སློབ་སྦྱོང་སྤྲོད་ཀྱི་ཡིན་བརྗོད་ན་ཡང་རྗེས་ལ་རྒྱ་གར་གྱི་ཁྲིམས་དམ་དུ་འགྲོ་ནས་ལམ་ལྷོང་བྱུང་མེད་པ་རེད། ད་ལྟ་ང་ཚོས་ལས་གཞི་དེའི་ཐོག་སླར་སྐྱོད་བྱེད་མུད་ཡིན། ད་ལྟ་སྨན་པ་༣༠་མ་གཏོགས་བཅུག་ཐུབ་ཀྱི་མེད་པ་རེད། རྗེས་ལ་བྷང་ལོར་ལ་མཐོ་སློབ་གནས་སྤོས་བྱས་ཚར་ན་ལོ་རེར་སྨན་པ་༦༠བཅུག་རྒྱུའི་འཆར་གཞི་ཡོད་པ་རེད། སྨན་སྦྱོར་ཡང་བྷང་ལོར་ལ་བྱེད་རྒྱུ་ཡིན་པ་རེད།

༡༠། སླེབས་ལ་ཉེ་བའི་༢༠༡༦ལོར་ྋགོང་ས་ལྔ་པ་ཆེན་པོས་ལྷ་སའི་ལྕགས་པོ་རིར་སྨན་པ་གྲྭ་ཚང་ཕྱག་བཏབ་སྟེ་མི་ལོ་ཧྲིལ་པོ་༣༢༠ འཁོར་ཡོད་པ་དང༌།  ྋརྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་བརྒྱ་འཁོར་བ།  དེ་བཞིན་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་འཕགས་ཡུལ་དྷ་རམ་ས་ལར་སྨན་རྩིས་ཁང་བསྐྱར་བཙུགས་གནང་ནས་ལོ་༥༥འཁོར་བའི་དུས་དྲན་བཅས་མཉམ་དུ་ཁེལ་གྱི་ཡོད་པར་བརྟེན། སྐབས་དེར་སྲུང་བརྩིའི་ལས་འཆར་གང་ཡོད་དམ།

ལན།
 ལས་འཆར་ཤུགས་ཆེ་བ་དེ། ༧གོང་ས་མཆོག་ཆིབས་བསྒྱུར་བསྐྱང་སའི་ཕྱི་རྒྱལ་ཁག་ལ་སྨན་པ་གཉིས། སྐར་རྩིས་པ་གཅིག འཛིན་སྐྱོང་ལས་བྱེད་གཅིག་བཅས་བཏང་ནས་འགྲེམས་སྟོན་བྱེད་འཆར་ཡོད་པ་རེད། དེ་བཞིན་རྒྱལ་ཁབ་གཞན་ཁག་ནང་ལ་འགྲོ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་མང་ཆེ་བ་སྐུ་ཚབ་དོན་གཅོད་ཚོས་འབྲེལ་མཐུད་གནང་ནས་སྐོར་སྐྱོད་བྱས་རྗེས་སྨན་དང་རྩིས་ཀྱི་སྐོར་ལ་འགྲེམས་སྟོན་བྱེད་རྩིས་ཡོད་པ་རེད།

མཛད་སྒོ་རྒྱ་ཆེ་བ་དེ་༢༠༡༦ལོའི་ཟླ་༣པའི་ཚེས་༢༣ཉིན་བཞུགས་སྒར་དྷ་ས་རུ་གནང་རྒྱུ་དང་།ཕྱི་ཚེས་༢༤ཉིན་རྒྱལ་སྤྱིའི་སྨན་གྱི་བགྲོ་གླེང་ཟེར་ནས་བོད་སྨན་གྱི་ཐོག་ལ་གཟེངས་སུ་ཐོན་པའི་ཉམས་ལེན་བྱས་པའི་སྐོར་ལ་དཔྱད་རྩོམ་ལྗགས་ཀློག་ཞུ་རྒྱུ་ཡིན་པ་དང་། ཕྱི་ཚེས་༢༥ཉིན་སྨན་པ་སྐར་རྩིས་པ་ལས་ཐོག་ཟུར་པ་དང་། འཛིན་སྐྱོང་ལས་བྱེད་ཟུར་པ་ཚོས་ཉམས་མྱོང་གི་ཐོག་གཏམ་བཤད་བྱེད་རྒྱུ་དང་། དེ་རྗེས་རྒྱ་གར་ས་ཆ་ཁག་འདྲ་མིན་ནང་སྨན་ཁང་སོ་སོའི་སྦྱིན་བདག་གིས་འགྲོ་སོང་བཏང་ནས་འགྲེམས་སྟོན་བྱེད་རྒྱུ་ཡིན། ལོ་བརྒྱ་ཁོར་བའི་དུས་དྲན་སྐབས་འགྲོ་སོང་ཆེན་པོ་འགྲོ་ན་ཡང་སྨན་རྩིས་ཁང་ལས་ཀ་དེ་འཆར་གཞི་ཡག་པོ་གཏིང་ནས་འགུལ་བསྐྱོད་ཅིག་རྒྱབ་ཐུབ་པ་ཡིན་ན་འགྲོ་སོང་ལས་ཡོང་འབབ་དེ་མང་པ་ཆགས་ཀྱི་ཡོད་པ་རེད།

འོན་ཀྱང་འགྲོ་སོང་གི་ས་བོན་དེ་སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི་ཚོས་ཞལ་འདེབས་སྐྱོན་གནང་གི་ཡོད་རེད། ལོ་བརྒྱ་འཁོར་བའི་དུས་དྲན་སྐབས་ཕྱི་རྒྱལ་ལ་ཡོད་པའི་སྨན་པ་ཚོ་དྷ་སར་ཕེབས་པ་ཡིན་ན་གནམ་གྲུའི་གླ་ཆ་རང་ངོས་ནས་སྤྲད་རྒྱུ་དང་དེ་ལ་བཞུགས་པའི་རིང་འགྲོ་སོང་འདི་ག་སྨན་རྩིས་ཁང་ནས་གཏོང་གི་ཡིན་ཟེར་ཡོད་པ་རེད་ལ་ཞོར་དུ་ཞལ་འདེབས་སྐྱོན་གནང་གི་ཡོད་རེད་ལ་ཁ་ཤས་ཀྱིས་ཞལ་འདེབས་འབུམ་༢༥ལྷག་སྐྱོན་གནང་མཁན་དང་འབུམ་གཅིག་བྱས་པ་མང་པོ་ཡོད་རེད། 

༡༡། རྒྱལ་སྤྱིའི་སྟེང་སྲོལ་རྒྱུན་སྨན་བཅོས་ལུགས་ལ་དོ་སྣང་ཇེ་ཆེར་འཕེལ་བཞིན་པའི་དུས་སྐབས་ཤིག་ལ་སྲོལ་རྒྱུན་བོད་སྨན་འདི་འཐུས་སྒོ་ཚང་ཤོས་ཀྱི་སྨན་བཅོས་ལག་ལེན་ཞིག་ཏུ་གཟེངས་ཐོན་བྱུང་བར་བརྟེན་དེའི་ཐད་ལ་ཡར་རྒྱས་དང་འགྱུར་བ་གང་ཕྱིན་ཡོད་དམ།
ལན།

སྲོལ་རྒྱུན་སྨན་གྱི་ནང་ནས་བོད་སྨན་དེ་ཆ་མཚུངས་ཤོས་ཤིག་ཡིན་པ་རེད། གང་ཡིན་ཟེར་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས། རྒྱ་ནག་དང་། རྒྱ་གར། སོག་པོ་བཅས་ནས་སྨན་གྱི་མཁས་པ་མང་པོ་མཉམ་འཛོམས་གནང་ནས་རྒྱ་སྤྱིའི་སྨན་གྱི་ཚོགས་འདུ་ཚོགས་སྐབས་བོད་སྨན་དེ་འཐུས་སྒོ་ཚང་ཤོས་ཤིག་ཆགས་ཡོད་པ་རེད་ཅེས་བཤད་ཡོད་པ་རེད།

སྲོལ་རྒྱུན་གྱི་སྨན་དང་ཕྱི་ལུགས་པའི་སྨན་གཉིས་ལ་ནད་བཅོས་ཐད་སོ་སོར་ཁྱད་ཆོད་ཡོད་ན་ཡང་དེའི་ནང་ནས་སྔོན་འགོག་བྱེད་ཆེད་བོད་སྨན་ཡག་ཤོས་ཤིག་ཆགས་ཡོད་པ་རེད།  བོད་པའི་སྨན་པ་ཟེར་བ་དེ་ལུས་སེམས་གཉིས་ཀར་ནད་བཅོས་ཐུབ་མཁན་ལ་ཟེར་གྱི་ཡོད་པ་རེད། སྨན་གཞུང་ནང་། ཟས་སྤྱོད། སྨན་དཔྱད་གསུངས་པ་ལྟར། ནད་པའི་ཟས་དང་སྤྱོད་ལམ་དེ་གལ་ཆེ་ཤོས་དང་། སྨན་བཏང་ནས་གང་ཚོད་དྲག་སྐྱེད་བྱུང་ཐུབ་ཐུབ་ལྟ་ཡི་ཡོད་པ། འཇམ་དཔྱད་ཀྱི་ཐོག་ནས། འབྱུག་པ་རྒྱབ་པ་དང་རླུང་གསང་བཀག་པ་བ་བཅས་གནང་གི་ཡོད་རེད། རྩུབ་དཔྱད་ཀྱི་ཐོག་ནས། ཁྲག་རྟགས་དཔྱད་བྱེད་པ་དང་མེ་རྒྱབ་པ་བཅས་བྱེད་པ་རེད། རྩུབ་དཔྱད་དེ་ཕྱི་རྒྱལ་ནང་བེད་སྤྱོད་གཏོང་གི་ཡོད་མ་རེད། རྒྱུ་མཚན་ཁྲིམས་ཀྱི་གནད་འགག་ལ་ཐུག་ཀྱི་ཡོད་པ་རེད།

༡༢། ༢༠༡༦ལོར་རྒྱ་གཞུང་གིས་ཀྲུང་གོའི་བོད་ཀྱི་གསོ་བ་རིག་པ་ཞེས་མཉམ་སྦྲེལ་རྒྱལ་ཚོགས་གནའ་བོའི་ཤུལ་བཞག་རིག་གནས་ཁོངས་སུ་དེབ་སྐྱེལ་ཆེད་སྙན་ཞུ་རྒྱབ་འཆར་ཡོད་པ་བཞིན་འདི་ག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྨན་རྩིས་ཁང་ངོས་ནས་དེ་ལ་མཐོང་ཚུལ་གང་ཡོད་དམ།
 
ལན།
 དེ་ང་ཚོས་འགྲིག་གི་མེད་འདུག་ཟེར་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། བཙན་བྱོལ་ལ་ཡོང་མཁན་བོད་མི་ཁ་ཤས་ཀྱིས་གོ་བརྡ་མ་འཕྲོད་པར་རྒྱལ་སྤྱིའི་རིག་གཞུང་སྡེ་ཚན་ནང་སྔ་མོའི་སྨན་གྱིོ་རིག་གཞུང་རྙིང་པ་དེབ་སྐྱེལ་བྱེད་པ་དེ་ཡག་པོ་རེད་མདོག་མདོག་བྱེད་པ་དེ་གནས་ཚུལ་ཡང་དག་ཅིག་མ་ཤེས་པ་རེད། རྒྱལ་སྤྱིའི་ནང་ཁོང་ཚོས་Intengible Cultural Heritageཟེར་གྱི་ཡོད་པ་རེད། ང་ཚོས་མཐོང་ཐུབ་པ་མ་ཟད་རྒྱལ་སྤྱིའི་ནང་གཟེངས་སུ་ཐོན་པ་ཞིག་ཡིན་པ་རེད་ཅེས་བརྗོད་ཀྱི་ཡོད། རྒྱལ་སྤྱིའི་ནང་མཐོང་མ་ཐུབ་པའི་པའི་སྨན་བཅོས་ཐབས་ལམ་དེ་སྔོན་མ་ནས་ལུགས་སྲོལ་ཡོད་པ་ཞིག་ཡིན་པ་རེད།

ང་ཚོས་བོད་སྨན་དེ་མཐོང་རྒྱུ་མེད་པ་བཟོ་མཁན་དེ་རྒྱ་གཞུང་གི་མེད་པ་བཟོ་ཐབས་འབད་བརྩོན་བྱས་སོང་། དེ་ཡང་༡༩༥༩ལོར་༧རྒྱལ་མཆོག་སྐུ་འཕྲེང་ལྔ་པ་ཆེན་པོས་གསར་འཛུགས་གནང་བའི་སྨན་རྩིས་ཁང་དེ་གཏོར་བརླགས་བཏང་སོང་བ་དང་སྨན་པ་མང་པོ་ཞིག་བཙོན་འཇུག་བྱས་པ་རེད། དེ་ལ་དགའ་རྒྱུ་གང་ཡང་ཡོད་མ་རེད། Intengible Cultural Heritageཟེར་བ་དེས་ང་ཚོ་ལ་མཐོང་ཆུང་གི་རྣམ་པ་སྟོན་གྱི་ཡོད་པ་རེད། དེ་ལ་ང་ཚོས་འགག་བྱ་བྱས་ཡོད་པ་རེད།

ཕྱིས་སུ་རྒྱ་གཞུང་གིས་རྒྱལ་སྤྱིའི་རིག་གཞུང་ལྷན་ཚོགས་བཅས་ཀྱི་ནང་ཨ་རིས་རོག་རམས་ཉུང་བ་དང་། རྒྱ་གཞུང་གིས་ཤུགས་ཆེ་བ་བྱས་ནས་གླེང་གེ་སར་དང་། ཟློས་གར་དེ་ཚོ་དེབ་སྐྱེལ་བྱས་ནས་བཅུགས་ཡོད་པ་རེད། ཡང་ཁོང་ཚོས་དེབ་སྐྱེལ་བྱས་ན་ཡང་ང་ཚོར་ཤུགས་ཆུང་རུ་འགྲོ་བ་དང་། བེད་སྤྱོད་མེད་པ་དེ་འདྲ་སྐྱོན་གང་ཡང་མེད་པ་རེད། རྒྱ་གཞུང་གི་ཤུགས་རྒྱབ་ནས་དེབ་སྐྱེལ་བྱས་ན་ཡང་ང་ཚོ་ལ་དོ་ཕོག་འགྲོ་རྒྱུ་གང་ཡང་མེད་པ་རེད། འོན་ཀྱང་ད་ལྟའི་ཆར་བོད་དེ་རྒྱ་ལག་ཏུ་ཡོད་ཙང་ཀྲུང་གོའི་བོད་ཀྱི་གསོ་བ་རིག་ཟེར་བ་ཡིན་ན་ཡང་Intengible Cultural Heritageཟེར་བ་དེ་རྩ་བ་ཉིད་ནས་མ་རེད་ཅེས་ཞུ་རྒྱུ་ཡིན།

༡༣། དེང་གི་ཆར་བོད་མི་རིགས་ཀྱི་ཐུན་མིན་གྱི་གསོ་རིག་གཞུང་དང་། ནང་དོན་རིག་པ་གཉིས་ནི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་དོན་སྙིང་ལྡན་པའི་ཞབས་འདེགས་སྒྲུབ་ཐུབ་ཀྱི་ཡོད་པ་ཚན་རིག་པས་གདེང་འཇོགས་ཆེན་པོ་ཐོབ་ཀྱི་ཡོད་པར་བརྟེན། སྨན་རྩིས་ཁང་ངོས་ནས་དེའི་ཐོག་དོན་འབྲས་སོན་པའི་ཕྱག་ལས་གང་གནང་གི་ཡོད་དམ།

ལན། སེམས་དང་སྲོག་གི་ཐོག་ལ་ཚན་རིག་པ་དང་མཉམ་དུ་བགྲོ་གླེང་གནང་ཡོད་པ་རེད། ན་ནིང་ང་ཚོས་ལུས་སེམས་སྲོག་གི་བགྲོ་གླེང་ཞིག་གསར་འཛུགས་གནང་བ་རེད། དེ་ཡང་སྐར་རྩིས་དང་། ནང་ཆོས། གསོ་བ་རིག་པ། ཚན་རིག་བཅས་སྡེ་ཚན་རེ་ལ་འགྲེལ་བཤད་རྒྱབ་མཁན་རེ་ཡོད་པ་དེ་ཕན་ཐོགས་ཆེན་པོ་ཡོང་གི་འདུག  ད་ལྟའི་ཆར་ང་ཚོས་སྨན་དང་ནད་པར་བརྟག་དཔྱད་བྱས་པ་མ་གཏོགས་སེམས་ཀྱི་སྐོར་ལ་འགྲེལ་བཤད་རྒྱབ་རྒྱུ་མ་བྱུང་བ་དེ་ང་ཚོའི་ཞན་ཆ་ཞིག་རེད།

དེང་སྐབས་ང་ཚོའི་སྨན་པ་ཚོ་ཕྱི་རྒྱལ་ལ་སྐོར་སྐྱོད་བྱེད་སྐབས་བརྗོད་གཞི་མང་ཆེ་བ་བཟོ་ཡི་ཡོད་ན་ཡང་ཕྱི་རྒྱལ་བ་མང་ཆེ་བས་སེམས་ངལ་གསོ་ཐུབ་པ་ཞིག་དགོས་ཀྱི་འདུག་ཅེས་ཞུ་ཡི་འདུག ང་ཚོས་རྩ་ལ་བརྟག་ནས་སྨན་ཞིག་སྤྲད་པ་མ་གཏོགས་ནང་ཆོས་ཀྱི་ཐོག་ནས་འགྲེལ་བཤད་རྒྱབ་རྒྱུ་དེ་མ་གོམས་པ་འདྲ་བོ་བྱས་ནས་དཀའ་ངལ་ཞིག་རེད་འདུག

དེའི་ཐོག་ལ་ངས་སྨན་པ་ཚོར་ཞུ་ཡི་ཡོད། བོད་སྨན་དང་ནང་ཆོས་འབྲེལ་ནས་བང་རིམ་སྒྲིག་པོ་བཤད་ཐུབ་མཁན་ཞིག་སྐུའི་བླ་སྨན་གཞོན་པ་སྨན་པ་དབང་རྒྱལ་ལགས་མ་གཏོགས་བྱུང་ཐུབ་མེད་པ་རེད།  དེ་སང་ཕྱི་རྒྱལ་བ་ཚོ་ནང་ཆོས་ཡག་པོ་ཤེས་ཀྱི་ཡོད་པ་རེད། དྲི་བ་ཞིག་ཚུར་ལ་བཏང་ན་བཤད་རྒྱུ་མེད་པ་ཆགས་རྒྱུ་རེད། དེ་ང་ཚོའི་ཞན་ཆ་རེད་འདུག་བཤད་ཀྱི་ཡོད། 

༡༤། མ་འོངས་པར་སྨན་རྩིས་ཁང་གི་ངོས་ནས་ལས་འཆར་གང་དང་གང་ཡོད་དམ་དེའི་སྐོར་ལ་གཅིག་གསུང་རོགས་གནང༌། ལན། བྷང་ལོར་གྱི་ལས་གཞི་དེ་གཞི་རྒྱ་ཆེན་པོ་རེད།  དེ་བཞིན་རྒྱ་རིགས་གྲོགས་པོ་ཚོ་ལ་བོད་སྨན་གྱི་ཐོག་ནས་རོགས་པ་བྱེད་རྒྱུའི་འཆར་གཞི་ཞིག་ཡོད་པ་རེད། ད་ལྟ་ང་ཚོས་རྒྱ་ཡིག་སྡེ་ཚན་ཞིག་གསར་འཛུགས་བྱས་ཡོད། ཐཱ་ཝན་ལ་ཡང་སྨན་པ་ལོ་རེ་བཞིན་གཏོང་བཞིན་པ་རད། གཞན་ཡང་རྒྱལ་སྤྱིའི་ནང་ཁྲིམས་དང་བསྟུན་དགོས་ཀྱི་ཡོད་དུས་རིམ་བཞིན་ལས་རིམ་འགོ་འཛུགས་བྱ་རྒྱུ་ཡིན་པ་ལས་ཐད་ཀར་ཆོག་མཆན་ཐོབ་ཀྱི་མེད་པ་རེད། ཉེ་ཆར་ང་ཚོས་ཇཱ་པན་ལ་སྨན་པ་ཞིག་དང་རྩིས་པ་ཞིག་གཏོང་རྒྱུའི་འཆར་གཞི་ཡོད་ན་ཡང་མཐོང་ཆེན་སྤྲད་མ་སོང་། ཡང་ང་ཚོས་བསྐྱར་དུ་མཐོང་ཆེན་ཞུས་ནས། ང་ཚོའི་རིག་གཞུང་གི་ཐོག་ལ་གཏམ་བཤད་དང་སྨན་སྤྲད་པ་མ་གཏོགས་གཞན་འབྲེལ་བ་གང་ཡང་མེད་བརྗོད་སྐབས་ཟླ་བ་དྲུག་སྒུག་དགོས་པ་རེད་ཅེས་བཤད་ཡོད་པ་རེད།

ལྷོ་ཀོ་རི་ཡ་ལ་ཡང་ང་ཚོའི་སྨན་པ་སྐོར་སྐྱོད་བྱེད་རྒྱུའི་ཐད་ལ་དཀའ་ངལ་དེ་ག་རང་བྱུང་ཡོད་རེད། རྗེས་ལ་འགྲོ་བསྐྱོད་ཐུབ་པ་དེ་བོད་སྨན་ཞེས་མིང་མ་བཏགས་པར་ཧི་མ་ལ་ཡི་སྨན་ཞེས་མིང་བཏགས་ནས་ཕྱིན་པ་རེད། དེ་དག་གི་དཀའ་ངལ་གནད་འགག་ཐུག་ས་དེ་རྒྱ་ནག་གཞུང་ལ་ཞེད་ཀྱི་ཡོད་པ་རེད་འདུག 

༡༥། གོང་གི་དྲི་བ་དང་མ་འབྲེལ་བ་སྐུ་ཉིད་ལ་གལ་གནད་ཆེ་བའི་དགོངས་འཆར་གང་གསུང་རྒྱུ་ཡོད་དམ། ལན། 
གོང་དུ་བཤད་པ་དེ་ཚོའི་ནང་མ་མཁྱེན་པ་དེ་འདྲ་ཡོད་ན་འབྲེལ་བ་བྱ་རོགས་གནང་། གཞན་གང་ཡང་མེད། ཐུགས་རྗེ་ཆེ།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།