བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ངེད་ཚང་གི་མི་ཐོག་གསུམ་ལ་ཆབ་སྲིད་ཀྱི་ནག་ཉེས་གཡོགས་པ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༢།༡༥ཉིན་སྤེལ། འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་ངོས་ནས། རྨེའུ་དཀོན་རྒྱམ་ལགས་སུ་རྒྱ་གཞུང་གི་གདུག་རྩུབ་འོག་ཁོ་ཚང་གི་མི་ཐོག་གསུམ་གྱི་དཀའ་ངལ་ལ་རྒྱུས་ལོན་གྱི་ཆེད་དུ་བཅར་འདྲི་ཞུས་པར་ལན་འདེབས་གནང་བ་གཤམ་གསལ། 


༡ དྲི་བ། ཐོག་མར་ཁྱེད་རང་ངོ་སྤྲོད་ཅིག་གནང་རོགས།
ལན། ཐོག་མར་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་ངོས་ནས། ང་དང་ངའི་ནང་མི་རྒྱུས་ལོན་གྱི་ཆེད་དུ་བཅར་འདྲི་གནང་བར་བཀའ་དྲིན་ཆེ་ཞུ། ངའི་མིང་ལ་རྨེའུ་དཀོན་རྒྱམ་དང་ཕ་ཡུལ་ཨ་མདོ་རྔ་བ་ཡིན། ཆུང་དུས་རྔ་བ་ཀིརྟི་དགོན་དུ་སློབ་སྦྱོང་བྱས་ཤིང་། ༢༠༠༠ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ཞིང་ཀིརྟི་བྱེས་པ་གྲྭ་ཚང་གི་མཐོ་སློབ་ནས་བོད་ཀྱི་བརྡ་སྤྲོད་དང་། རིག་གནས། ལོ་རྒྱུས་སོགས་སུ་སློབ་སྦྱོང་གང་ནུས་ཤིག་བྱས་པ་ཡིན་ལ། དེའི་རྗེས་ངྷ་སའི་མདོ་སྨད་ས་གནས་རྒྱུན་ལས་དང་མང་གཙོ་ཚོགས་པ། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྱི་ཚོགས་པ་དགུ་བཅུ་གསུམ་སོགས་སུ་ལས་ཀའང་ལོ་འགའ་བྱས་མྱོང་ཡོད། ༢༠༠༨ལོར་བོད་ཕྱི་ནང་གི་རྩོམ་པ་པོ་༦༠ལྷག་ཡོད་པའི་སྒྲོན་མེ་དཔེ་ཚོགས་དེབ་གསུམ་ཞིག་རྩོམ་སྒྲིག་བྱས་པ།

༢༠༠༩ལོར་ཤེས་རྟོགས་དང་ལག་ལེན་དེབ་ཞིག་རྩོམ་སྒྲིག་དང་། དེ་ནས་༢༠༡༠ལོར་བཀའ་བློན་ཁྲི་བའི་ཚགས་པར་རྩོམ་སྒྲིག་སོགས་བྱས་པ་ཡིན། མདོར་ན་ངའི་མི་ཚེ་ནང་དུ་རྩོམ་ཡིག་འབྲི་རྒྱུ་དང་རྩོམ་སྒྲིག་བྱེད་རྒྱུ། བོད་ནང་གི་ཛ་དྲག་གནས་ཚུལ་སོགས་གསར་འགྱུར་བརྒྱུད་ལམ་ཁག་ལ་མཁོ་སྤྲོད་བྱེད་རྒྱུ། སྤྱི་ཚོགས་ནང་དུ་ཁ་ཚ་དགོས་གཏུགས་ཀྱི་བྱ་འགུལ་དང་ཞུ་གཏུགས་ལས་འགུལ་སྤེལ་རྒྱུ་གསུམ་ནི་ངའི་ནང་གི་ལས་འགན་ཞིག་ཏུ་འདོད་ཀྱི་ཡོད། ད་ལྟ་ང་རང་ཨོ་སི་ཁྲོ་ལི་ཡའི་སེན་ནེ་གྲོང་ཁྱེར་དུ་གནས་སྡོད་བྱས་ཡོད།

༢ དྲི་བ། ཁྱོད་ཀྱི་ནང་མིའི་མི་ཐོག་གསུམ་གྱི་དཀའ་ངལ་སྐོར་མདོར་བསྡུས་ཤིག་གསུང་རོགས།
མི་ཐོག་དང་པོ། ངའི་ཁྱིམ་ཚང་མིང་ལ་དགེ་ཚང་ཟེར་ཞིང་། ད་ལྟ་རྔ་བ་རྫོང་གི་འབྲོག་སྡེ་ཆེ་ཤོས་རྨེ་རུ་མའི་རུ་ཆེན་གསུམ་པའི་ནང་དུ་ཡོད། ངའི་སྤོ་བོའི་མིང་ལ་དགེ་པད་ལི་དང་རྨོ་རྨོའི་མིང་ལ་བསོད་ནམས་སྐྱིད་ཟེར། སྔོན་རྒྱ་ནག་དམར་གཞུང་གིས་བོད་བཙན་འཛུལ་བྱས་དུས་ངའི་སྤོ་བོ་པད་ལི་ལ་ལོ་དགུའི་ཁྲིམས་ཐག་བཅད་དེ་བཙོན་ཁང་དུ་རང་བཞིན་གྱིས་ཤི་སོང་བ་མ་ཡིན་པར་རྒྱ་གཞུང་གིས་གཅར་རྡུང་དྲགས་པོའི་འོག་སྡུག་སྦྱོང་མྱངས་ནས་དཀྲོངས་པ་རེད། ཡང་ངའི་རྨོ་རྨོ་བསོད་ནམས་སྐྱིད་ལ་ཆབ་སྲིད་ཀྱི་ནག་ཉེས་ཆེ་བའི་ཁྱིམ་ཚང་གི་མནའ་མ་ཡིན་པར་བསྙད་དེ་ནག་ཉེས་ཅན་གྱི་ཞྭ་མོ་གཡོགས་ནས་གཅར་རྡུང་དྲག་པོ་བྱས་ཏེ་བསད་བཞག་པ་རེད། དེའི་རྒྱུ་མཚན་ནི་ངའི་ཁྱིམ་ཚང་ནི་རྒྱ་གཞུང་གིས་བཙན་འཛུལ་མ་བྱས་སྔོན་ལ་ཁྱིམ་ཚང་ཆེན་པོ་དང་ཕྱུག་པོ་ཡིན་སྟབས། རྒྱ་གཞུང་གིས་དམིགས་བསལ་གྱིས་ངའི་ཁྱིམ་ཚང་གི་རྒྱུ་དངོས་ཅ་ལག་ཆ་ཚང་འཕྲོག་བཅོམ་བྱས་པ་མ་ཟད། སྐབས་དེར་ངའི་ཁྱིམ་ཚང་ལ་རྒྱ་གཞུང་གིས་ཉེས་ཆད་དངུལ་གྱི་སྒོར་མོ་ཁྲི་༣སྤྲད་པ་རེད། དེ་ནི་ངའི་ངེད་ཚང་གི་མི་ཐོག་དང་པོའི་དཀའ་སྡུག་གི་སྐོར་རེད།


མི་ཐོག་གཉིས་པ། ༡༩༩༨ལོར་མདོ་སྨད་ཕྱོགས་སུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་དེ་བཙན་གྱིས་སྤེལ་སྐབས། རྔ་བ་ཀིརྟི་དགོན་པ་གཙོས་རྔ་བ་ཁུལ་དུ་དགོན་པ་༤༧ལྷག་ལ་སློབ་གསོ་སྤེལ་འགོ་བཙུགས་དུས། སྐབས་དེར་ཨ་མདོ་རྔ་བའི་སེར་སྐྱ་གཉིས་ཀྱིས་ངོས་ལེན་མེད་པའི་རྣམ་འགྱུར་དང་ཞི་རྒོལ་མང་པོ་ཞིག་བྱས་པ་མ་ཟད། ངའི་ཕ་ཡུལ་རྨེའུ་རུ་མ་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོར་ངོས་ལེན་མེད་པར་མཐའ་གཅིག་ཏུ་ངོ་རྒོལ་དང་ཡི་གེ་མང་པོ་སྦྱར་བ་ལ་བརྟེན་ནས། དེ་དུས་རྒྱ་ནག་གཞུང་གིས་དེའི་དོགས་གཞི་དེ་ངའི་ཕ་རྒན་དགེ་རིག་ཡིན་ཟེར་ནས་བཙོན་ཁང་དུ་ཟླ་གསུམ་ལ་བཅུགས་ཏེ་གཅར་རྡུང་བཏང་བ་རེད། ཡང་༢༠༠༨ལོའི་ཞི་རྒོལ་ཆེན་མོ་བྱུང་སྐབས་ཕྱི་ཟླ་༣ཚེས་༡༦ཉིན། རྔ་བ་རྫོང་དུ་མི་༢༠ལྷག་རྒྱ་ནག་གིས་དམར་གསོད་བཏང་བ་དང་། དེའི་གནས་ཚུལ་དང་འདྲ་པར་སོགས་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱེད་མཁན་དེ་ངའི་ཕ་རྒན་ལ་དོགས་གཞི་བྱས་ཏེ་ཡང་བསྐྱར་བཙོན་འཇུག་བྱས་ནས་གཅར་རྡུང་དྲག་པོ་བྱས་ཀྱང་ཁོང་གིས་ཁས་ལེན་རྩ་བ་བྱས་ཡོད་མ་རེད། ༢༠༡༡ལོར་རྔ་བ་ཀིརྟི་དགོན་གྱི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་དུས། ཁོང་གི་ཁྱིམ་ཚང་དང་ངེད་ཚང་གི་ཁྱིམ་ཚང་གཉིས་རྨེའུ་རུ་མ་ཡིན་པ་གཅིག་པས་ན། དེའི་བརྙན་ཐུང་དང་འདྲ་པར་སོགས་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་ཏེ་རྒྱལ་སྤྱིའི་རྒྱུད་ལམ་ཁག་དུ་ཁྱབ་པ་དེས་རྒྱ་ནག་གཞུང་ལ་ཕོག་ཐུག་སོང་ནས། ངའི་ཕ་རྒན་དོགས་གཞིར་བྱས་ཏེ་ཕལ་ཆེར་ལོ་གཅིག་ལ་བཙོན་འཇུག་བཀག་ཉར་བྱས་པ་མ་ཟད། སྐབས་དེར་རྒྱ་གཞུང་གིས་ངའི་ཨ་མ་ཡང་ཉིན་ཤས་རིང་འཛིན་བཟུང་བྱས་པ་སོགས་ནི་ངའི་ཁྱིམ་ཚང་གི་མི་ཐོག་གཉིས་པའི་དཀའ་སྡུག་རེད།


མི་ཐོག་གསུམ་པ། ཕྱི་ལོ་༢༠༡༡ལོར་རྔ་བ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས་སུ། ངའི་ཕ་མ་གཅིག་གི་སྲིང་མོ་མེ་ཏོག་ཉིན་གྲངས་དགུའི་རིང་བཙོན་འཇུག་བཀག་ཉར་བྱས་ཏེ་གཅར་རྡུང་དྲག་པོ་བྱས་པས་ད་ལྟ་ཡིན་ནའང་ངའི་སྲིང་མོ་མེ་ཏོག་གི་ཀླད་པ་སྐྱོན་ཅན་དུ་བཟོས་སོང་། གཞན་ཡང་ཕྱི་ལོ་༢༠༡༣ཚེས་༠༣ཉིན་ངའི་སྐྱེས་ཡུལ་རྨེའུ་རུ་མའི་ཡུལ་ཚོ་ཐོིག་ནས་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་དུས། རྒྱ་གཞུང་གི་ལག་ཏུ་ཁོང་གི་སྐུ་ཕུང་མི་ཤོར་བའི་ཆེད་དུ་ངའི་སྲིང་མོ་འབྲིང་བའི་མིང་ལ་སྒྲོལ་མ་མཚོ་དང་ཡུལ་མི་ཁ་ཤས་ཀྱིས་ཁོང་གི་སྐུ་ཕུང་ས་གནས་ཉེན་རྟོག་པས་འཕྲོག་གྲབས་སྐབས་སུ་རླངས་འཁོར་དུ་འཇོག་རོགས་བྱས་པ་རེད།

རྗེས་ནས་ས་གནས་སྲིད་གཞུང་གིས་བརྙན་མིག་ཏུ་ངའི་སྲིང་མོས་སྐུ་ཕུང་ལ་ལག་པ་འཆང་ཡོད་པ་དེར་ཆ་བཞག་ནས་འཛིན་བཟུང་བྱས་ཏེ་ཟླ་༡༡རིང་གཅར་རྡུང་འདྲི་གཅོད་དང་བཀག་ཉར་བཙོན་འཇུག་བྱས་པ་མ་ཟད། ཕྱི་ལོ་༢༠༡༤ཟླ་༡༡ནང་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་རེད། རྒྱ་ནག་གཞུང་གི་སྲིད་ཇུས་ཀྱི་སྡིག་རྩིབ་ག་འདྲ་ཡིན་མིན་ནི་ངེད་ཚང་གི་ཁྱིམ་ཚང་གཅིག་གི་མི་ཐོག་གསུམ་ལ་བྱུང་བའི་དོན་རྐྱེན་འདིས་གསལ་སྟོན་བྱེད་ཐུབ་ཀྱི་རེད།

༣ དྲི་བ། ཉེ་ཆར་སྒྲོལ་མ་མཚོར་མི་གསོད་ནག་ཉེས་ཇི་ལྟར་བཀལ་བ་དང་འབྲེལ་ཡོད་ཀྱི་གནས་ཚུལ་གསུང་རོགས།

ངའི་སྲིང་མོ་སྒྲོལ་མ་མཚོས་རང་ལུས་མེར་བསྲེགས་གནང་མཁན་དཀོན་མཆོག་ཚེ་བརྟན་གྱི་སྐུ་ཕུང་ལ་ལག་པ་འཆང་བའི་དབང་གིས་མི་གསད་པའི་ནག་ཉེས་བཀལ་ཏེ་ཁྲིམས་ཐག་བཅད་བཞག་པ་རེད། ཟླ་བ་༡༡རིང་ལ་འདྲི་གཅོད་དང་གཅར་རྡུང་བྱས་ཏེ་ནང་མིའི་ངོས་ནས་ཇི་ལྟར་འཛིན་བཟུང་བྱས་པ་སོགས་གཅིག་ཀྱང་ཤེས་ཐུབ་ཡོད་པ་མ་རེད། དེའི་རྗེས་ནས་ཁྲིམས་ཐག་གཅོད་ཀྱི་ཡིན་པའི་ཡི་གེ་ཞིག་ནང་ལ་ཐོན་འདུག་པས། ངའི་ཕ་རྒན་དང་ངའི་ཨ་ཞང་གཉིས་ཁྲིམས་ཁང་ལ་སོང་དུས། ཁྲིམས་ཐག་གཅོད་སྐབས་ཀྱི་ཁྲིམས་དཔོན་དེ་ཚོས་ཁྱོད་རང་གིས་མི་གསད་པའི་ནག་ཉེས་ཁས་ལེན་བྱས་པ་ཡིན་ན། ཁྲིམས་ཐག་གི་དུས་ཡུན་ཇེ་ཉུང་དུ་གཏོང་གི་ཡིན་བརྗོད་དུས། མོ་རང་གི་ངོས་ནས་ངས་མི་རྩ་བ་ཉིད་ནས་ཁོང་བསད་མེད། ཁོང་གིས་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བ་རེད། ངས་ཁོང་གི་སྐུ་ཕུང་རླངས་འཁོར་ནང་དུ་བཞག་པ་བདེན་པ་ཡིན་པར་བཤད་པ་རེད།

འདི་ལྟར་བཙན་གྱིས་མཁས་ལེན་བྱེད་དུ་འཇུག་པའི་རྒྱུ་མཚན་ནི། བོད་ནང་གི་མི་རབས་གསར་རྣམས་ཀྱི་བློས་བཏང་དང་ཆོད་སེམས་ཀྱིས་བོད་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་གི་ཆེད་དུ། རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ནི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གང་འཚམ་མཁོ་སྤྲོད་བྱེད་ཐུབ་པ་འདིས། རྒྱ་ནག་གཞུང་ལ་ཕོག་ཐུག་ཅིག་འགྲོ་བཞིན་ཡོད་དུས། གཞུང་གི་དྲང་བདེན་མིན་པའི་སྲིད་ཇུས་སྦས་སྐོང་བྱེད་ཆེད་ཐབས་ཇུས་འདི་འདྲ་འདོན་གྱི་ཡོད་ཀྱང་། བོད་ནང་གི་ལ་རྒྱ་སྙིང་སྟོབས་ཅན་གྱི་གཞོན་སྐྱེས་རྣམས་ཀྱིས་རྒྱལ་སྤྱིའི་གུ་ཡངས་ཀྱི་འཕོ་འགྱུར་དང་བོད་རང་གི་དཀའ་ངལ་གནས་བབ། རྒྱ་གཞུང་གི་སྲིད་བྱུས་གདུག་རྩུབ་ཅན་ཆ་ཚང་ཤེས་ཀྱི་ཡོད་དུས། རྒྱ་གཞུང་གིས་མགོ་བསྐོར་གཏོང་ཐུབ་ཀྱི་མ་རེད།

༤ དྲི་བ། ལོ་གསུམ་གྱི་ཁྲིམས་ཐག་བཅད་ནས་ད་ལྟ་བར་སྐུ་གཟུགས་ཀྱི་གནས་སྟངས་སྐོར་ག་འདྲ་ཡིན་མིན་བརྗོད་རོགས།

ཁྲིམས་བཅད་དེ་ལོ་གཉིས་མ་ཟིན་ཙམ་འགོར་ཡོད། ཉེ་ཆར་བཙོན་ཁང་ནས་ངའི་ནང་མིར་ཡི་གེ་ཞིག་འབྱོར་སྟེ། སྒྲོལ་མ་མཚོའི་གནས་སྟངས་ཛ་དྲག་ཡིན་པ་མ་ཟད། སྲོག་ཉེན་ཐུག་འདུག་པས་འགན་འཁུར་བར་ཤོག་བྲིས་འདུག་ཟེར། སྐབས་དེར་འབྲེལ་ཡོད་ཀྱི་མི་ཁ་ཤས་ཤིག་བལྟ་རུ་སོང་དུས། བཙོན་སྲུང་ཡིན་ཟེར་བ་རྒྱ་མི་ཁ་ཤས་ཀྱིས་མོ་རང་ལ་ཕོ་བའི་ན་ཚ་འདུག་པ་མ་ཟད། གཤགས་བཅོས་ངེས་པར་དུ་གཏོང་དགོས་རུང་། ངའི་སྲིང་མོ་སྒྲོལ་མ་མཚོ་མོ་རང་གིས་རྩ་བ་ནས་ཁས་ལེན་བྱེད་ཀྱི་མི་འདུག་པས་ཁྱོད་ཚོས་མིང་རྟགས་འཁོད་བཞག་ན། ང་ཚོས་གཤགས་བཅོས་བཏང་ཆོག་ལབ་འདུག

དེ་ནས་ངའི་ནང་མིའི་འབྲེལ་ཡོད་ཚོས་སྒྲོལ་མ་མཚོ་ལ་མ་ཐུག་ན་མིང་རྟགས་འགོད་ཐུབ་ཀྱི་མིན་ལབ་དུས། སྒྲོལ་མ་མཚོ་ལ་སྐར་མ་ཁ་ཤས་ཐུག་བཅུགས་འདུག སྐབས་དེར་མོས་བརྗོད་དོན་ཁྱེད་ཚོས་རྩ་བ་ཉིད་ནས་མིང་རྟགས་མ་འགོད་ལ་ངས་ཀྱང་འགོད་ཀྱི་མིན། གང་ཡིན་ཟེར་ན། ཁོ་ཚོས་བཙན་བཙུགས་ཀྱིས་ང་ལ་གཤགས་བཅོས་གཏོང་གི་ཡིན་ཟེར་གྱི་འདུག

དེའི་རྒྱུ་རྐྱེན་གང་ཡིན་གསལ་བོ་གང་ཡང་མི་ཤེས་ཟེར། གང་ལྟར། ད་སྐབས་གཟུགས་པོའི་གནས་སྟངས་ཧ་ཅང་གི་སྐྱོ་བོ་ཆགས་ཡོད་འདུག

༥ དྲི་བ། ཁྱོད་རང་ཆབ་སྲིད་འབྲེལ་ཆགས་ཤིག་ཡིན་དུས་བོད་ནང་གི་ཁྱིམ་མི་དག་ལ་དཀའ་འཕྲད་ཀྱི་ཡོད་དམ།
གསལ་བཤད་ཞུ་རྒྱུ་ལ་ང་རང་ནི་ཆབ་སྲིད་བཙོན་ཟུར་མ་རེད། ཆབ་སྲིད་འབྲེལ་ཡོད་ཅིག་ཡིན། ང་རང་བོད་ནང་དུ་ཡོད་དུས་བཙོན་ཁང་དུ་འགྲོ་མྱོང་མེད་མོད། ༡༩༩༨ལོར་རྒྱ་ནག་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་དུས། ང་རང་ལོ་ཆུང་ཆུང་ཡིན། བཙན་བྱོལ་ཏུ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྐོར་གྱི་འཁོར་ཐག་ཅིག་རག་པའི་ཤུགས་རྐྱེན་སོགས་ཀྱིས་སོ་སོ་ལ་ཚོར་བ་ཟབ་མོ་འདུག

སྐབས་དེར་སྦྱར་ཡིག་སྦྱར་བ་དང་བོད་ཀྱི་རྒྱལ་དར་འབྲི་བ་སོགས་བྱས་མྱོང་ཡོད། བཙན་བྱོལ་དུ་འབྱོར་སྟེ་༢༠༠༨ནས་བཟུང་ནས། གསར་འགྱུར་མཁོ་སྤྲོད་དང་གསར་འགོད་བྱེད་པ་སོགས་ངའི་ལས་འགན་ཞིག་ཏུ་རང་ཤུགས་ཀྱིས་ཆགས་ཡོད། ལྷག་པར་དུ་བོད་ནང་གི་གསར་འགྱུར་གལ་ཆེན་རིགས་མཁོ་སྤྲོད་བྱས་པས་ནང་མི་སོགས་སུ་དཀའ་མང་པོ་ཞིག་འཕྲད་བཞིན་པ་ཞིག་རེད། སྤྱིར་བཏང་ངའི་དགའ་ཕྱོགས་ནི་བོད་ཀྱི་རིག་གནས་ཕྱོགས་ཡིན་པ་དང་སློབ་སྦྱོང་ཡང་གང་འཚམ་ཞིག་བྱས་མྱོང་ཡོད། འོན་ཀྱང་། ༢༠༠༨གྱི་བོད་ནང་གི་ཞི་རྒོལ་དོན་རྐྱེན་ཆེན་པོ་དེ་བྱུང་བ་དང་ང་རང་རྒྱ་གར་ལ་བཙན་བྱོལ་དུ་ཡོང་དགོས་དོན་སོགས་ཀྱི་དབང་གིས་ལམ་ཁ་འདི་འདྲ་ཞིག་ཏུ་མི་འགྲོ་ག་མེད་བྱུང་སོང་།

ཕྱོགས་གཅིག་ནས་བོད་ཀྱི་གནས་བབ་སོགས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གསལ་སྟོན་གང་ནུས་བྱས་ཡོད། ཕྱོགས་གཞན་ཞིག་ནས་ང་རང་གི་ནང་མི་རྣམས་སུ་དཀའ་ངལ་རབ་དང་རིམ་པ་མང་པོ་འཕྲད་ཀྱིན་འདུག་རུང་། བོད་དོན་འཐབ་རྩོད་འདི་ལ་བློས་གཏོང་དང་ཆོད་སེམས་ཏོག་ཙམ་ཡང་མེད་ན། བོད་ཀྱི་གནས་བབ་སུ་ཞིག་གིས་བདག་པོ་རྒྱག་གི་རེད་དམ། མ་གཞི་ནས་ངའི་ཁྱིམ་ཚང་གི་མི་ཐོག་གསུམ་གྱི་རིང་རྒྱ་གཞུང་ལ་མགོ་མེད་དུས། ང་ཡང་ཁྱིམ་ཚང་འདིའི་ཤུགས་རྐྱེན་ཏན་ཏན་ཐེབས་ཡོད་རེད།

༦ དྲི་བ། ད་ལྟ་ཁྱོད་རང་གི་ནང་མི་རྣམས་སུ་ཉེན་རྟོགས་པས་ལྟ་རྟོགས་བྱེད་པ་དང་འགྲོ་འདུག་གི་ཚད་བཀག་བྱེད་ཀྱི་འདུག་གམ།
ངའི་ནང་མི་ལ་དཀའ་ངལ་ཆེན་པོ་འདུག སློབ་གྲྭར་འགྲོ་མཁན་སློབ་གྲྭར་ཏག་ཏག་ཅིག་འགྲོ་གི་མ་བཅུག་པ། ས་ཕྱོགས་གཞན་པར་ཚོང་རྒྱག་གི་འགྲོ་རུ་མ་བཅུག་པ། ཁྱིམ་ཚང་འདི་ཆབ་སྲིད་ཀྱི་ནག་ཉེས་ཅན་གྱི་ཁྱིམ་ཚང་ཤིག་ཏུ་བརྩིས་ཏེ། ནང་ལ་ཡོང་བའི་མགྲོན་པོ་དང་སྐད་ཆ་སུ་ལ་བཤད་ཀྱི་འདུག ཁ་པར་གང་ལ་གཏོང་བ་དང་ཡོང་གི་འདུག་པ་སོགས་ཀྱི་ལྟ་རྟོག་ནན་མོ་བྱེད་བཞིན་འདུག་པས། ངའི་ནང་མི་དང་ཉེ་འབྲེལ་མང་པོ་ཞིག་ལ་རྒྱ་གཞུང་གིས་ལུས་སེམས་གཉིས་ཀར་དཀའ་སྡུག་ཆེན་པོ་བཟོས་དང་བཟོ་བཞིན་འདུག

༧  དྲི་བ། མི་ཐོག་གསུམ་ལ་བཙོན་ཁང་དུ་སོང་བའི་མིང་དང་ལོ་ཟླ་ཚེས་གྲངས་ཤིག་གསུང་རོགས།
ངའི་ཁྱིམ་ཚང་གི་མིང་ལ་དགེ་ཚང་དང་། ངའི་ཨ་མྱེའི་མིང་ལ་དགེ་པད་ལི། རྨོ་རྨོའི་མིང་ལ་བསོ་ནམས་སྐྱིད། ཨ་མྱེ་བཙོན་ཁང་ལ་འགྲོ་དུས་ཕལ་ཆེར་༡༩༦༧ཡས་མས་ཤིག་དང་ལོ་དགུར་ཁྲིམས་ཐག་བཅད་པ་རེད། རྨོ་རྨོ་བསོད་ནམས་སྐྱིད་ལ་ཕལ་ཆེར་༡༩༦༩ཡས་མས་ཤིག་ལ་རྒྱ་ནག་གཞུང་གི་གཅར་རྡུང་མནར་གཅོད་དྲག་པོའི་འོག་དཀྲོངས་པ་རེད། ངའི་ཕ་རྒན་མིང་ལ་དགེ་རིག་དང་༡༩༩༨ལོར་བཙོན་ཁང་དུ་སོང་ཞིང་། ༢༠༡༡ལོར་ཡང་བསྐྱར་བཙོན་ཁང་དུ་བཅུག་པས་དང་སྲིང་མོ་མེ་ཏོག་ཡང་བཙོན་ཁང་དུ་བཅུག་པ།

༢༠༡༣ལོར་སྲིང་མོ་སྒྲོལ་མ་མཚོ་བཙོན་ཁང་དུ་བཅུགས་ནས་ལོ་གསུམ་ལ་ཁྲིམས་ཐག་བཅད་ནས་ད་སྐབས་ལོ་གཉིས་ཙམ་འཁོར་བཞིན་ཡོད། དེ་མིན་ངའི་ཤ་ཉེ་འབྲེལ་མང་པོ་ཞིག་བཙོན་ཁང་དུ་ཡོད་པ་དང་གར་སོང་ཆ་མེད་དུ་གྱུར་བ། ཁྲིམས་ཐག་བཅད་པ་སོགས་ཆབ་སྲིད་དང་འབྲེལ་ཡོང་རྐྱང་རྐྱང་ཡིན་པའི་མི་༡༤ལྷག་ཅིག་ཡོད་རེད།

༨  དྲི་བ། ཁྱོད་རང་ཨོ་གླིང་དུ་སོང་བ་ནས་བོད་ནང་གི་འབྲེལ་ཡོད་བཙོན་པ་གཙོས་བོད་དོན་སྐོར་ལ་ཁྱབ་སྒྲགས་ག་ཚོད་ཅིག་བྱེད་ཐུབ་སོང་། ང་རང་ཨོ་གླིང་དུ་ཆབ་སྲིད་འབྲེལ་ཡོད་ཀྱི་གནས་སྟངས་འོག་ཡོང་ནས་ཟླ་དགུ་འགྲོ་ཙམ་འགྲོ་བཞིན་ཡོད།
དེའི་རིང་ལ། གཅིག་ནས། དུས་རྒྱུན་དུ་རང་གི་འགན་འཁུར་ཐུབ་པའི་བོད་ནང་གི་གནས་ཚུལ་བསྡུ་རུབ་བྱས་ཏེ་བརྒྱུད་ལམ་ཁག་ཏུ་གང་ཐུབ་མཁོ་སྤྲོད་བྱེད་ཀྱི་ཡོད། གཉིས་ནས། ཨོ་གླིང་གི་བོད་དོན་ལས་དོན་ལྷན་ཁང་གིས་ང་མགྲོན་འབོད་བྱས་ཏེ། ཨོ་སི་ཁྲི་ལེ་ཡའི་གྲོས་ཚོགས་གོང་འོག་གི་འཐུས་མི་བཅུ་གཉིས་དང་བོད་དོན་རྒྱབ་སྐྱོར་བ། གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་རྣམས་ལ་བོད་ཀྱི་ཁོར་ཡུག་སྐོར་གྱི་སྙན་ཐོག་ཅིག་དབུ་འབྱེད་བྱས་པ་དང་འབྲེལ། ངའི་ཕ་ཡུལ་ཨ་མདོ་རྔ་བ་དང་རང་ཉིད་ཀྱི་ནང་མིའི་གནས་སྟངས། ངས་ད་ལྟ་བར་དུ་ལས་ཀ་བྱས་པའི་བརྒྱུད་རིམ་ཆ་ཚང་བ་གྲོས་ཚོགས་གོང་འོག་འཐུས་མིར་ངོ་སྤྲོད་གང་འཚམ་བྱེད་ཐུབ་སོང་། དེ་འདྲའི་ཞུ་གཏུགས་བྱེད་སྐབས་ང་རང་ཡུལ་ལུང་དེའི་མི་ཡིན་དུས་ཁོང་ཚོའི་ངོས་ནས་རང་བཞིན་གྱིས་ཁུངས་འཕེར་གྱི་གནས་ཚུལ་ལ་བརྩི་ཡི་འདུག་པ་མ་ཟད། རྒྱ་གཞུང་གི་སྲིད་བྱུས་དང་བོད་ཀྱི་གནས་བབ་ངོ་མ་གསལ་སྟོན་གང་ནུས་བྱེད་ཐུབ་སོང་བས། གྲོས་ཚོགས་གོང་འོག་གི་འཐུས་རྣམས་ཀྱི་ངོས་ནས་རྒྱབ་སྐྱོར་གྱི་རྣམ་འགྱུར་ཆེན་པོ་སྟོན་གྱིན་འདུག

༩  དྲི་བ། གོང་འཁོལ་དྲི་བར་མ་འདུས་པའི་བསམ་ཚུལ་ཅི་ཡོད་ཐད་ཀར་གསུང་རོགས་གནང་།
མཇུག་མཐར། ང་ཚོ་ཕྱི་ཕྱོགས་སུ་ཡོད་པའི་བོད་མི་རྣམས་ཀྱིས་སོ་སོའི་ལུས་ངག་ཡིད་གསུམ་པོ་བོད་མི་ཞིག་ཡིན་པར་ངོས་འཛིན་དང་རང་ཚུགས་བཟུང་བའི་ཐོག་ནས།  གཅིག བོད་དོན་འཐབ་རྩོད་དེ་རང་ཉིད་ཀྱིས་འཐབ་རྩོད་བྱེད་དགོས་པ་མ་ཟད། འཐབ་རྩོད་པའི་རྨང་གཞི་འཛིན་དགོས་པ་གལ་ཆེན་པོ་རེད་མ་གཏོགས། དེ་རིང་ཁ་སང་བོད་མི་གཞོན་སྐྱེས་མང་པོ་ཞིག་བོད་དོན་རྒྱབ་སྐྱོར་བ་ཆགས་བཞིན་པ་དེ་བོད་དོན་འཐབ་རྩོད་བྱེད་སྟངས་ནོར་འཁྲུལ་ཅན་ཞིག་རེད་བསམ་གྱི་ཡོད། གཉིས། བོད་ནང་གི་མི་རབས་གསར་བའི་བློས་བཏང་དང་ཆོད་སེམས། གཞིས་བཞུགས་རྒྱ་ཆེའི་མི་མང་གི་ཤེས་ཡོན་དང་མཐུན་ལམ་ཕྱོགས་སུ་མིག་དཔེར་བལྟ་དགོས་པ་ཧ་ཅང་གལ་ཆེན་པོ་རེད་མ་གཏོགས། མི་རིགས་གཞན་ལ་ལད་ཟློས་བྱེད་པ་མང་དྲག་ན་བོད་པའི་རང་རྐང་ཉམས་རྒུད་དུ་འགྲོ་ས་རེད།

དེའི་སྟབས་ཀྱིས། སོ་སོ་རང་ཉིད་བོད་པ་ཞིག་ཡིན་པའི་གདེང་སྤོབས་དགོས་པ་གལ་ཆེན་པོ་རེད། གསུམ། ང་ཚོ་ཕྱི་ཕྱོགས་ན་བོད་མི་རྣམས་ཀྱིས་སྤྱི་ཡོངས་ནས་གཟབ་ནན་བྱེད་དགོས་པ་ཞིག་ནི། ཆོས་བརྒྱུད་དང་ཆོལ་ཁའི་ཕྱོགས་འཐེན། ལྟ་བ་དང་ལངས་ཕྱོགས་ཀྱི་རྩོད་གླེང་། ལྷ་སྲུང་བསྟེན་གསོལ་གྱི་གནས་སོགས་སྤྱི་ཚོགས་ནང་མངོན་གསལ་དོད་པོས་ཁྱེར་ཡོང་ན། བོད་ནང་ལའང་འདིའི་ཤུགས་རྐྱེན་ཐེབས་མི་སྲིད་པ་མ་རེད། དེ་བས་ང་ཚོ་སྐྱབས་བཅོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ཕྱོགས་ཡོངས་ལ་ཐུགས་བསམ་བཞེས་དགོས་པ་གལ་གནད་ཆེན་པོ་རེད།
ཐུགས་རྗེ་ཆེ།

རྒྱང་འདྲི་བ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།