བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

རྩོད་རྙོག་ཉུང་དུ་བཏང་བ་ལས་མང་དུ་གཏོང་ཐབས་བྱེད་ཀྱི་མེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༢།༠༨ཉིན་སྤེལ། མི་གསོད་ཁྲག་སྦྱོར་དང་རྐུ་མ་ཇག་པའི་གནད་དོན་དེ་རྩོད་རྙོག་ཚོགས་པའི་ངོས་ནས་འདུམ་སྒྲིག་གནང་དགོས་པའི་ཐབས་ལམ་ཞིག་མ་རེད། དེ་རྒྱལ་ཁབ་གང་དུ་ཕྱིན་ན་ཡང་ཡུལ་ཁྲིམས་ཡོད་པ་དེ་གཙོ་བོར་འཛིན་དགོས་པ་རེད།

འདི་ག་གསར་འགོད་པས་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་སུ་རྩོད་རྙོག་འདུམ་སྒྲིག་ཁང་གི་དམིགས་ཡུལ་དང༌། གནས་སྟངས་དང༌། གྲུབ་འབྲས། རྩོད་རྙོག་གི་ཚད་འཛིན། མ་འོངས་པའི་ལས་འཆར་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་གཤམ་གསལ།

༡། ཐོག་མར་ཁྱེད་རང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས། ལན། ངའི་མིང་ལ་ཀརྨ་ལེགས་བཤད་ཟེར་གྱི་ཡོད། ཆུང་དུས་འཚར་ལོངས་བྱུང་ས་ལ་དྭགས་ལ་རེད། སྐབས་དེར་ལ་དྭགས་བོད་ཕྲུག་ཁྱིམ་སྡེའི་ནང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བཟང་པོ་དེ་ཐོབ་ནས་འཛིན་རིམ་བཅུ་པ་སློབ་ཐོན་བྱུང་བ་རེད། ༡༩༩༧ལོར་ཅཱ་དྷི་བསྒར་Chandigarhམཐོ་སློབ་ནས་ཐོན་པ་རེད། མཐོ་སློབ་དེ་འགྲེམས་སྐབས་ས་གནས་གཞོན་ནུ་དང་རང་བཙན་ཚོགས་ཆུང་ནང་ལས་ཀ་བྱེད་རྒྱུ་བྱུང་ལ་བོད་ཀྱི་རྩ་དོན་ཆེད་ལས་འགུལ་མང་པོ་ཞིག་གི་ནང་མཉམ་ཞུགས་བྱས་པ་དང་ལས་འགུལ་གོ་སྒྲིག་བྱེད་རྒྱུའི་ཐད་ལ་དོ་སྣང་དང་སེམས་ཤུགས་ཡོད་པར་བརྟེན་སློབ་ཐོན་བྱུང་རྗེས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་རྒྱུན་ལས་ནང་འོས་འདེམས་བྱུང་ནས་ལོ་བཞིའི་རིང་རྒྱལ་ཡོངས་མང་གཙོ་ཚོགས་པའི་དྲུང་ཆེའི་ལས་ཀ་བྱེད་རྒྱུའི་གོ་སྐབས་བྱུང༌།

༡༩༩༩ལོར་ཌེ་མག་The Dannish Centre For Conflict Resolutionརྩོད་རྙོག་འདུམ་སྒྲིག་ལས་འགུལ་ཞིག་སྤེལ་བ་དང་། སྐབས་དེ་དུས་བཙན་བྱོལ་བོད་གཞུང་གི་ཆེ་མཐོའི་མི་སྣ་ཁག་མང་པོ་ཞིག་དང་མཉམ་དུ་རྩོད་རྙོག་འདུམ་སྒྲིག་ཁང་གི་སྐོར་ལ་ཟབ་སྦྱོང་གནང་ནས་དེས་ཕན་ཐོགས་ཆེན་པོ་བྱུང་བར་བརྟེན་ཟབ་སྦྱོང་དེ་ང་ཚོ་ལ་དགོས་པའི་རིག་གནས་ཤིག་རེད་འདུག་ཟེར་ནས་མུ་མཐུད་དྷ་རམ་སར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་ལ་བདུན་ཕྲག་གཅིག་རིང་ཟབ་སྦྱོང་སྤྲད་རྗེས་སོ་སོ་ལ་ཉམས་ཞིབ་བྱེད་རྒྱུའི་གོ་སྐབས་ཤིག་ཀྱང་བྱུང་སོང༌།

ཕྱིས་སུ་བོད་པ་རང་ལ་གོ་སྐབས་དེ་སྤྲོད་རྒྱུའི་གོ་བསྡུར་ཞིག་བྱུང་ནས་ནང་སྲིད་ལྷན་ཁང་དང༌། ཕྱི་དྲིལ་ལས་ཁུངས། བཅས་ནས་ཐག་གཅོད་བྱུང་རྗེས་ཕྱི་ལོ་༢༠༠༠ལོར་ཌེ་མག་རྩོད་རྙོག་འདུམ་སྒྲིག་ཁང་གི་ངོས་ནས་ཟླ་དྲུག་རིང་དམིགས་བསལ་ཟབ་སྦྱོང་ཚོགས་གནང་བ་རེད། ཟབ་སྦྱོང་དེ་མ་ཚུགས་སྔོན་ལ་༧སྐྱབས་མགོན་རིན་པོ་ཆེའི་གཟིམ་ཆུང་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཤིག་ཐོབ་བྱུང༌། སྐབས་དེ་དུས་༧སྐྱབས་མགོན་རིན་པོ་ཆེ་ཡིས་བཀའ་སློབ་གནང་དོན། ཚོགས་པ་དེ་ང་ཚོ་བོད་པར་དགོས་མཁོ་ཆེན་པོ་ཞིག་ཆགས་ཡོད་པ་རེད།  འོན་ཀྱང་རྩོད་རྙོག་འདུམ་སྒྲིག་ཀྱི་རིག་གནས་དང༌། སྒྱུ་རྩལ། ཐབས་ལམ་དེ་དག་བོད་པའི་སྤྱི་ཚོགས་ནང་རྒྱུན་གནས་ཐུབ་རྒྱུའི་བསམ་བློ་བཏང་ནས་སྦྱོང་བརྡར་བྱས་ན་ཐུགས་ཕན་སོས་ཐུབ་པ་ཡོང་གི་རེད།

གཞན་མ་གཏོགས་སོ་སོ་སྒེར་ལ་ཕན་ཐོགས་ཆེན་པོ་ཡོད་ན་ཡང༌། ཟབ་སྦྱོང་བསྒྲུབས་པའི་རྗེས་ལ་རྒྱུན་གནས་མ་ཐུབ་པ་ཡིན་ན་ང་ཚོར་ཁེ་ཕན་ཆ་ཚང་ཞིག་ལོངས་སུ་སྤྱོད་ཐུབ་རྒྱུ་ཁག་པོ་ཡོད་པ་རེད། དེར་བརྟེན་དེའི་ཐོག་ཁྱེད་ཚོ་བསམ་བློ་གཏོང་དགོས་ཀྱི་ཡོད་པ་རེད་ཅེས་བཀའ་ཕེབས་གནང་ཡོད་པ་རེད།  རྗེས་ལ་སྦྱོང་བརྡར་ཚར་རྗེས། ཕྱི་ལོ་༢༠༠༡ཟླ་༥པའི་ཚེས་༡ཉིན་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་དེ་བཙུགས་ནས་ལས་ཀ་བྱེད་རྒྱུ་དངོས་སུ་འགོ་འཛུགས་བྱས་པ་ཡིན།

༢། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་གནང་ནས་དུས་ཡུན་གང་ཙམ་ཕྱིན་པའི་ནང་ཚོགས་པ་འདིའི་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཡོད་དམ།

ལན།
ཕྱི་ལོ་༢༠༠༠ལོར་ཌེ་མག་རྩོད་རྙོག་འདུམ་སྒྲིག་ཁང་ངོས་ནས་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་གནང་བ་རེད། ཕྱི་ལོ་༢༠༠༡ཟླ་༥པའི་ཚེས་༡ཉིན་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་ཟེར་བ་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གསར་འཛུགས་གནང་བ་ཐེངས་མ་དང་པོ་དེ་ཡིན་པ་དང༌། ནང་སྲིད་ལྷན་ཁང་གི་ཁྱབ་ཁོངས་སྟངས་འཛིན་འོག་ལོ་གསུམ་རིང་ཚོགས་པའི་སྒྲིག་གཞི་དང༌། འགྲོ་སྟངས། སྒྲོམ་གཞི་བཅས་ཐོག་མར་མི་གསུམ་འབྲེལ་མཐུད་བསྐོ་གཞག་བྱས་པ་རེད།

དེ་རྗེས་རིམ་བཞིན་ཡར་རྒྱས་བཏང་ནས་ནང་སྲིད་ལས་ཁུངས་ཀྱི་སྟངས་འཛིན་འོག་ལ་དངོས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་མིང་ཐོག་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱུང་བ་དང༌། དེ་བཞིན་རྩོད་རྙོག་འདུམ་སྒྲིག་ཁང་གི་ངོས་ནས་རང་སྣང་གང་དྲན་མ་ཡིན་པར་འགན་འཛིན་ལྷན་ཚོགས་འཚོགས་རྗེས་དེ་ལ་སྟངས་འཛིན་བྱས་པ་བརྒྱུད་ད་ལྟའི་ཆར་ལྟེ་གནས་ཁང་འདི་བོད་པའི་སྤྱི་ཚོགས་ནང་ནས་ལས་འགུལ་གང་སྤེལ་བ་དེ་དག་ལ་ངོས་ལེན་དང་ཆེ་མཐོང་སྤྲོད་ཀྱི་ཡོད་པ་དང༌། དཔལ་འབྱོར་གྱི་གནས་སྟངས་ཡག་པོ་ཞིག་ཡོང་བར་བྱེད་པ་ལ་རྒྱ་གར་གཞུང་ནས་ཡིད་ཆེས་དང་ཕྱིའི་རྒྱལ་ཁབ་ཁག་ནས་རོགས་དངུལ་ལེན་ཆོག་པའི་ཆོག་མཆན་དབྱིན་སྐད་ནང་ཞུས་ན་FCRAནང་དེབ་སྐྱེལ་བྱས་ཡོད་པ་རེད་ལ་ད་ལྟའི་ཆར་ལས་བྱེད་བདུན་ཡོད་པ་དཔེར་ན་ཁྲིམས་ཞིབ་ཀྱི་ཐོག་ནས།  དཔལ་འབྱོར་ལེན་ཕྱོགས་ཀྱི་ཐོག་ནས། སྤྱི་ཚོགས་ངོས་ལེན་གྱི་ཐོག་ནས་སོ་སོའི་རྐང་པའི་སྒང་ལང་ཐུབ་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ལ་གནས་ཐུབ་ཡོད།

༣། བཙན་བྱོལ་ནང་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གསར་འཛུགས་བྱས་ནས་ད་ལྟ་བར་ལོ་༡༥འགྲོ་ཡི་ཡོད་པ་རེད། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་དམིགས་ཡུལ་གཙོ་བོ་དེ་གང་རེད་དམ། དམིགས་ཡུལ་གཙོ་བོ་དེ་སྒྲུབ་ཕྱོགས་ཀྱི་ཐད་ལ་ལས་དོན་གཙོ་བོ་གང་དང་གང་གནང་གི་ཡོད་དམ།

ལན།
འཚེ་བ་མེད་པའི་རྩོད་རྙོག་འདུམ་སྒྲིག་གི་ཐབས་ལམ་དང༌། སྒྱུ་རྩལ། རིག་གནས་དེ་དག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁྱབ་གདལ་བཏང་ནས་རྡོག་རྩ་གཅིག་སྒྲིལ་དང༌། འཆམ་མཐུན་ཡོང་བའི་ཆེད་དུ་ཡིན་པ་དང༌། ཡག་པོ་ལ་མཐའ་མེད་ཙང་གོང་འཕེལ་བཏང་ནས་མང་གཙོའི་བརྒྱུད་རིམ་ལེགས་པོ་བྱས་ནས་ངོ་སྤྲོད་བྱེད་ཐུབ་པ་བྱ་རྒྱུ་དང༌། ངོ་འཕྲོད་པ་ནང་བཞིན་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་བཏང་ཐུབ་པ་བྱེད་རྒྱུ་དེ་ང་ཚོས་བྱེད་ཐུབ་པའི་དམིགས་ཡུལ་གཅིག་ཡིན། ཕུགས་རྒྱང་རིང་པོའི་མ་འོངས་པར་བོད་གཞིས་བྱེས་གཉིས་མཉམ་འཛོམས་བྱེད་རྒྱུའི་བསྐལ་བཟང་གི་ཉིན་མོ་ཞིག་བྱུང་ན་སྐབས་དེར་བཙན་བྱོལ་ནང་འཚར་ལོངས་བྱུང་བ་དང༌། བོད་ནང་རྒྱ་ནག་གི་གདུག་རྩུབ་མནར་གཅོད་འོག་འཚར་ལོངས་བྱུང་ཡོད་པ་གཉིས་མཉམ་གཤིབ་བྱུང་སྐབས་རང་བཞིན་གྱིས་ལྷིང་སྒྲིག་བྱུང་བ་ལྟར་མེད་པ་གསལ་པོ་རེད། བཙན་བྱོལ་ལ་ཡོད་པའི་བོད་རིགས་སྤུན་ཟླ་བོད་ལ་ལོག་འགྲོ་བའི་སྐབས་སུ་ལེགས་སྐྱེས་ཕུལ་རྒྱུ་གཙོ་བོ་ཞིག་ཞི་བདེ་དང༌། འཆམ་མཐུན། མཛའ་བརྩེའི་ངང་ཐུགས་ཕན་སོས་བ་ཐུབ་པའི་ལག་ཆ་གལ་ཆེན་པོ་ཞིག་ཡིན་པ་དེ་ང་ཚོའི་ཁྱབ་ཆེ་བའི་དམིགས་ཡུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

དམིགས་ཡུལ་དེ་གཞི་ལ་བཞག་པའི་ཐོག་ནས་ད་ལྟའི་བར་ལས་འགུལ་༣༠༠ལྷག་ཙམ་ཞིག་གོ་སྒྲིག་ཞུས་པ་རེད། ལས་འགུལ་ནང་ལ་ཆ་བཞག་ན་ཡང་ང་ཚོའི་སྡེ་མཚན་ཁ་ཤས་ཞིག་ཕྱེ་ནས་ལས་འགུལ་སྤེལ་གྱི་ཡོད་པ་རེད། གལ་ཆེ་ཤོས་གཅིག་གོང་དུ་ཞུས་པ་ལྟར། འཚེ་མེད་ཞི་བའི་རྩོད་རྙོག་འདུམ་སྒྲིག་གི་ཐབས་ལམ་དང༌། སྒྱུ་རྩལ། རིག་གནས་དེ་དག་ངོ་སྤྲོད་བྱེད་ཆེད་རྒྱ་བལ་གཉིས་ནང་ཡོད་པའི་གཞིས་ཆགས་ཁག་ཚང་མར་ཟབ་སྦྱོང་ཕུལ་རྒྱུའི་ལས་རིམ་གཅིག་བྱུང་ཡོད་རེད། དེ་དང་ཆབས་གཅིག་བོད་ཀྱི་བདག་པོ་བོད་ཀྱི་གཞོན་སྐྱེས་ཚོ་ཡིན་སྟབས་དེ་དག་ལ་གཞོན་སྐྱེས་ཀྱི་ནུས་པའི་ཟབ་སྦྱོང་ཟེར་ནས་ཤེས་ཡོན་རང་ལ་དམིགས་ནས་ཟབ་སྦྱོང་སྤྲད་ཡོད་པ་རེད།

གཞོན་སྐྱེས་ནུས་པའི་ཟབ་སྦྱོང་ཟེར་བ་དེ་སྡེ་ཚན་ཁག་གཉིས་ལ་བགོས་ནས་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་དཔེར་ན། གཞི་རིམ་སློབ་གྲྭ་ཁག་སློབ་ཐོན་བྱུང་རྗེས། རྒྱ་གར་མཐོ་སློབ་ཁག་ནང་འགྲེམས་བཞིན་པའི་བོད་རིགས་གཞོན་སྐྱེས་ཚོ་ལ་ཟབ་སྦྱོང་གོ་སྒྲིག་ཞུས་ཡོད་པ་རེད། དེ་དག་གཙོ་བོ་སོ་སོའི་རིག་གཞུང་དང༌། སྐད་ཡིག གོམས་གཤིས་མི་ཉམས་རྒྱུད་འཛིན་དང༌། དེ་དང་མཉམ་དུ་རང་ཉིད་སྤྱི་ཚོགས་གཞན་པ་ཞིག་གི་ནང་སླེབས་པའི་སྐབས་སུ་གཞན་གྱི་རིག་གཞུང་དང༌། གོམས་གཤིས་ལ་བརྩི་བཀུར་བྱེད་སྟངས་དང་མ་འོངས་པར་ནུས་པ་ལྡན་པའི་འགོ་ཁྲིད་བྱེད་ཐུབ་པའི་ཟབ་སྦྱོང་ཞིག་སྤྲོད་གྱི་ཡོད།

གཉིས་པ། གཞིས་ཆགས་ཁག་མང་པོའི་ནང་གཞོན་སྐྱེས་མང་པོ་ཞིག་ལ་སློབ་སྦྱོང་ཆ་ཚང་བྱེད་རྒྱུའི་གོ་སྐབས་མ་བྱུང་བའམ་སློབ་གྲྭ་མཐའ་མ་ཁྱོལ་བ་རྣམས་ལ་སྤྱི་ཚོགས་ཀྱི་ལྟ་སྟངས་གཞན་པོ་ཡོད་པར་བརྟེན་དེ་དག་བསྡུ་རུབ་བྱས་ནས་རང་སོ་སོའི་རྣམ་དཔྱོད་ངོ་སྤྲོད་ཐུབ་པ་བྱས་ནས་ལས་རིམ་ནང་མཉམ་ཞུགས་བྱས་རྗེས་སྤྱི་ཚོགས་ནང་ཞབས་ཕྱི་ཞུ་ཐུབ་མཁན་གྱི་མི་སྣ་ཆགས་ཐུབ་པ་དང༌། མ་འོངས་གཞོན་སྐྱེས་ཚོ་ལ་མིག་དཔེ་སྟོན་ཐུབ་པའི་ལས་འགུལ་སྤེལ་ཐུབ་པའི་ཆེད་ང་ཚོས་གཞོན་སྐྱེས་ཀྱི་ནུས་པའི་ཟབ་སྦྱོང་གཉིས་པོ་དེ་གོ་སྒྲིག་ཞུས་པ་ཡིན། བཙན་བྱོལ་བོད་མི་ས་ཆ་ག་པར་གནས་ཡོད་ན་ཡང་ས་གནས་ཡུལ་མི་དང་མཉམ་དུ་འདོད་ཡང་མ་འདོད་ཡང་བསྟུན་ནས་སྡོད་དགོས་པ་རེད།  དེར་བརྟེན་ས་གནས་ཡུལ་མི་དང་མཉམ་དུ་འབྲེལ་བ་བཟང་པོ་གནང་ནས༌། ཕན་ཚུན་ཁ་གསང་པོ་དང༌། འདྲེས་བདེ་པོ་བྱས་ནས་མཐུན་སྒྲིལ་བྱེད་དགོས་པ་དེ་དཔེ་མི་སྲིད་གལ་ཆེན་པོ་རེད།

གནད་དོན་དེ་གལ་འགངས་ཆེན་པོར་བཟུང་ནས་བོད་པའི་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ནང༌། ས་གནས་ཡུལ་མི་དང་འབྲེལ་བ་བྱེད་དགོས་པ་དེ་ག་ཚོད་གལ་ཆེན་ཡིན་མིན་སྐོར་ལ་གཏམ་བཤད་དང༌། ལྷག་པར་དུ་རིག་གཞུང་མི་འདྲ་བ་གཉིས་མཉམ་དུ་འཛོམས་ནས་ཕན་ཚུན་གཉིས་ཀའི་རིག་གཞུང་དང་གོམས་གཤིས། དེ་བཞིན་རྒྱུན་ལྡན་འཚོ་བའི་ནང་སོ་སོ་ལ་སེམས་ཚོར་གང་ཡོད་པ་ཆ་ཚང་གྲོས་བསྡུར་ལྷུག་པོར་གནང་ནས་ཕན་ཚུན་གཉིས་ཀ་མི་དང་མིའི་བར་གྱི་འདུ་ཤེས་བཟོ་ཐུབ་པའི་ཆེད་དྷ་སར་ཟབ་སྦྱོང་ཐེངས་གཉིས་སྤེལ་བ་རེད།

གཞན་ཡང་སློབ་གྲྭ་དང༌། གཞིས་ཆགས་ཁག་ནང་ཟབ་སྦྱོང་སྤེལ་སྐབས་གྲྭ་བཙུན་མང་པོ་ཞིག་ཕེབས་གནང་གི་ཡོད་རེད། དམིགས་བསལ་ལྷོ་ཕྱོགས་ལ་ཟབ་སྦྱོང་སྤྲད་པའི་སྐབས་སུ་དགེ་བཤེས་ཁ་ཤས་མཉམ་ཞུགས་གནང་ནས་ལས་འགུལ་འདི་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་ཆེན་པོ་འདུག རྩོད་རྙོག་འདུམ་སྒྲིག་འདིས་ནང་ཆོས་ནང་ལ་ཡོད་པ་དེ་དག་དངོས་སུ་འཚོ་བའི་ནང་ལག་ལེན་བསྟར་ནས་སྤྱི་ཚོགས་ལ་ཕན་ཐོགས་ཡོང་གི་ཡོད་པ་ང་ཚོར་བརྗོད་སོང༌། ན་ནིང་ནས་བཟུང་སློབ་ཕྲུག་རང་ངོས་ཀྱི་གནས་ཚད་ལ་དཔག་པའི་སློབ་ཕྲུག་ཕན་ཚུན་མཐུན་ལམ་དང༌། དགེ་རྒན་དང་སློབ་ཕྲུག་བར་གྱི་འབྲེལ་བ། སློབ་ཕྲུག་དང་ཕ་མའི་བར་གྱི་འབྲེལ་བ་བཅས་ཀྱི་ཐད་དམིགས་བསལ་སློབ་ཕྲུག་རང་ལ་ཟབ་སྦྱོང་སྤྲད་ནས་ད་ལོ་ཧི་མ་བཅལ་Himachalམངའ་ཁུལ་གྱི་བོད་པའི་སློབ་གྲྭ་མང་པོ་ཞིག་ལ་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུ་བྱུང༌།

ཕྱི་ལོ་༢༠༠༡ལོར་ཐོག་མར་གཞིས་ཆགས་ཁག་ནང་ཟབ་སྦྱོང་སྤྲོད་དུ་ཡོང་གི་ཡིན་བརྗོད་སྐབས་གཞིས་ཆགས་ཁ་ཤས་ནས་དེ་མ་ཡོང་ན་ཡག་ས་རེད། ང་ཚོའི་གཞིས་ཆགས་ལ་རྩོད་རྙོག་ཁྱོན་ནས་མེད། ང་ཚོའི་གཞིས་ཆགས་ལ་ཡོང་དགོས་ཀྱི་མི་འདུག་ཟེར་གྱི་ཡོད་པ་རེད། ཡིན་ན་ཡང་དེང་སང་ང་ཚོ་ལ་ཟབ་སྦྱོང་སྤྲོད་རོགས་གནང་ཞེས་རེ་སྐུལ་བྱེད་མཁན་གང་ཙམ་མང་རུ་ཕྱིན་ཡོད་པ་རེད། དམིགས་བསལ་ཤེས་རིག་ལྷན་ཁང་ཡིན་ན། སཱ་ར་ལ་དགེ་རྒན་འོས་སྦྱོང་ག་དུས་ཚུགས་ན་ཡང་ང་ཚོ་ལ་འབོད་སྐུལ་ཞུས་གནང་གི་ཡོད་པ་གཞིེར་བཟུང་ང་ཚོས་ཕུལ་གྱི་ཡོད་པ་རེད། དེ་བཞིན་ཤེས་རིག་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་མང་པོ་ཞིག་ལ་བོད་པའི་སློབ་སྤྱི་དང་འཛིན་སྐྱོང་ལས་ཀ་བྱེད་མཁན་མང་པོ་ཞིག་ལ་ཟབ་སྦྱོ་གནང་རྒྱུ་བྱུང་ཡོད་རེད།

བོད་ཁྱིམ་ལ་ཆ་བཞག་ན་ཁྱིམ་ཚང་མང་པོ་ཞིག་ཡོད་དུས་དེ་དག་གི་མ་ཚབ་ཚོ་ལ་ཕ་མ་དང་བུ་ཕྲུག་གི་བར་དམིགས་བསལ་ཟབ་སྦྱོང་ཕུལ་ཐུབ་ཡོད་པ་རེད། ན་ནིང་༢༠༡༤ལོར་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་གོ་སྒྲིག་ཞུ་ནས་ཕ་མ་དང་དགེ་རྒན་གྱི་འབྲེལ་བ། ཕ་མ་དང་བུ་ཕྲུག་གི་འབྲེལ་བ། སློབ་ཕྲུག་དང་དགེ་རྒན་གྱི་འབྲེལ་བ་བཅས་ཕ་མ་དང་དགེ་རྒན་མཉམ་དུ་ཟབ་སྦྱོང་གནང་རྒྱུ་བྱུང་ཡོད་པ་རེད།

གཙོ་བོ་དེ་ནུབ་ཕྱོགས་པའི་འཚེ་བ་མེད་པའི་རྩོད་རྙོག་འདུམ་སྒྲིག་གི་རིག་གནས་ཁྱབ་སྤེལ་དང༌། དེ་དང་མཉམ་དུ་བོད་པའི་ནང་ཆོས་ནང་ཡོད་པའི་འཚེ་མེད་ཞི་བ། བྱམས་བརྩེ་གཞི་ལ་བཞག་པའི་ཐོག་ནས་ང་ཚོས་ཟབ་སྦྱོང་ཕུལ་གྱི་ཡོད་རེད། ཟབ་སྦྱོང་དེ་བརྒྱུད་ནས་སྤྱི་ཚོགས་ཀྱི་ངོས་ནས་རྩོད་རྙོག་ལ་ལྟ་སྟངས་དང་རྩོད་རྙོག་འཕྲད་སྐབས་དེ་ལ་གདོང་ལེན་བྱེད་པའི་སྙིང་སྟོབས་དང་སེམས་ཤུགས་སླེབས་ཐུབ་པ་དེ་ལ་རྔམ་སྐྲག་དང་ཞེ་སྣང་སྐྱེ་མི་དགོས་པའི་ཐོག་ནས་བཟང་ཕྱོགས་ལ་འགྱུར་བ་གཏོང་ཐུབ་པའི་ཐུགས་ཕན་སོས་ཐུབ་ཡོད་པ་རེད།

༤། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་དེ་སྤྱི་ཚོགས་ནང་རྩོད་རྙོག་བྱུང་བ་རྣམས་ལ་འདུམ་སྒྲིག་གནང་མཁན་གྱི་ཚོགས་པ་ཞིག་ཡིན་དུས། རྩོད་རྙོག་ཆུང་ས་ནས་ཆེ་ས་བར་ཚད་གང་འདྲ་ཞིག་ལ་འཛིན་གྱི་ཡོད་དམ།

ལན།
རྩོད་རྙོག་ཆུང་ས་ནང་མི་ནས་ཆེ་ས་རྒྱལ་ཁབ་གཅིག་བར་རྩོད་རྙོག་ཡིན་པའི་ངོ་བོ་གཅིག་པ་རེད། རྩོད་རྙོག་འདུམ་སྒྲིག་གིས་བྱེད་ཐུབ་པ་དེ་གང་རེད་ཞུས་ན། ཆུང་ས་མི་དང་མི་ཐུག་ཐུབ་པ་ཞིག་ཡོད་ན་སྐད་ཆ་བཤད་ནས་དཀའ་སེལ་ཐུབ་པའི་ནུས་པ་དང་ཁྱད་ཆོས་དེ་ལྡན་ཡོད་པ་རེད། ཆེ་ས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང༌། ཆོས་ལུགས་བཅས་ཡིན་ན་ལམ་སང་ང་ཚོ་ཕྱིན་ནས་ཁ་ཐུག་འདུམ་སྒྲིག་བྱེད་པའི་ཐབས་ལམ་ཐད་ཀར་མེད་ན་ཡང་རྩོད་རྙོག་འདུམ་སྒྲིག་གི་སྒྱུ་རྩལ་དང༌། ཐབས་ལམ་གྱི་ཐོག་སྤྱི་ཚོགས་ནང་སློབ་སྦྱོང་ཡོད་མཁན་ཤུགས་ཆེན་པོ་བྱུང་བ་ཡིན་ན་རྩོད་རྙོག་ཆེ་ཁག་གི་དཀའ་ངལ་སེལ་ཐུབ་པའི་ནུས་པ་ལྡན་ཡོད་པ་རེད།

དཔེར་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌། བུད་མེད་ལྷན་ཚོགས༌། གངས་དཀར་ཏི་སེ་བཅས་ཚོགས་སྡེ་ཁག་མང་པོ་ཞིག་ལ་ཟབ་སྦྱོང་ཕུལ་རྒྱུ་བྱུང་ཡོད་པ་རེད། བོད་ཀྱི་བུད་མེད་ལྷན་ཚོགས་ལ་ཆ་བཞག་ན་ཚོགས་པའི་ནང་རྒྱུན་ལས་མང་པོ་ཞིག་ཡོད་པ་དེ་དག་བོད་སྤྱི་བའི་རྩ་དོན་ཆེད་ཕྱག་ལས་གནང་མཁན་ཤ་སྟག་ཡིན་པ་རེད། དེར་བརྟེན་རྒྱུན་ལས་ཚོའི་ནང་ལ་འཆམ་མཐུན་ལྡན་པའི་ངང་ཁོར་ཡུག་གུ་ཡངས་པོ་ཞིག་བྱུང་བ་ཡིན་ན་སྤྱི་བའི་ལས་དོན་སྒྲུབ་རྒྱུར་ནུས་པ་ཐོན་གྱི་ཡོད་པ་རེད། དེར་བརྟེན་ལས་དོན་གང་འདྲ་ཞིག་ཡིན་རུང་གྲ་སྒྲིག་ལེགས་པོ་བྱུང་ཐུབ་པ་དང་དམིགས་ཡུལ་ཡག་པོ་བཟུང་ཐུབ་པ། དམིགས་ཡུལ་གཞིར་བཟུང་ལས་ཀ་བྱེད་ཐུབ་པ་བཅས་དེ་འདྲ་བའི་ཐོག་ནས་ང་ཚོས་ཐུགས་ཕན་སོས་ཐུབ་པ་ཞིག་གནང་གི་ཡོད་ཅེས་ཞུ་རྒྱུ་ཡིན།

༥།  ས་གནས་ཡུལ་མི་དང༌། བོད་མིའི་བར་མི་གསོད་དོན་རྐྱེན་གྱིས་མཚོན་པས་ཁྲིམས་འགལ་གྱི་གནས་ཚུལ་མང་པོ་ཞིག་བྱུང་གི་ཡོད་པར་བརྟེན། བོད་ཀྱི་རྩོད་རྙོག་རྡུམ་སྒྲིག་ཁང་གི་ངོས་ནས་ཕན་ནུས་ཐོན་པའི་གྲུབ་འབྲས་གང་དང་གང་བྱུང་ཡོང་དམ།

ལན།
རྣམ་པ་ཚོའི་དགོངས་པར་འཆར་དགོས་པ་གལ་ཆེན་ཞིག་གང་ཡོད་པ་རེད་ཞུས་ན། མི་གསོད་ཁྲག་སྦྱོར་དང་རྐུ་མ་ཇག་པའི་གནད་དོན་དེ་རྩོད་རྙོག་ཚོགས་པའི་ངོས་ནས་འདུམ་སྒྲིག་གནང་དགོས་པའི་ཐབས་ལམ་ཞིག་མ་རེད། དེ་རྒྱལ་ཁབ་གང་དུ་ཕྱིན་ན་ཡང་ཡུལ་ཁྲིམས་ཡོད་པ་དེ་གཙོ་བོར་འཛིན་དགོས་པ་རེད། གང་ཟག་རང་ཉིད་ལ་ཁྲིམས་ཀྱི་ཐོག་ནས་ཉེས་པ་གང་ཡོད་ན་ཡང་རང་ངོས་ནས་འཛེད་དགོས་པ་རེད། ང་ཚོའི་ངོས་ནས་གལ་ཆེ་ཤོས་གཅིག་གང་ཡོད་པ་རེད་དམ་ཞུས་ན། ཉེ་ཆར་བྱུང་མ་ཐག་པའི་མི་གསོད་ཁྲག་སྦྱོར་གྱི་རྐྱེན་ངན་འདི་ཡིས་སྤྱི་ཚོགས་གཉིས་ཀྱི་རྩོད་རྙོག་གི་ངོ་བོར་འགྱུར་མི་འགྲོ་བའི་ཆེད་དུ་ང་ཚོས་གསལ་པོ་བཟོ་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་མཐོང་གི་འདུག

ས་གནས་རྒྱ་གར་གྱི་འགོ་ཁྲིད་ཁག་དང་བོད་པ་གཉིས་མཉམ་དུ་འཛོམས་ཏེ་ཚོགས་མ་ཐག་པའི་ཚོགས་འདུའི་ནང་གླེང་སློང་བྱུང་ཡོད་པ་ནི། བོད་པ་དང་རྒྱ་གར་གྱི་གནད་དོན་མ་ཡིན་པར་དྷ་རམ་ས་ལའི་དཀའ་ངལ་ཞིག་ཡིན་པ་དེ་ཕྱོགས་གཉིས་ཀས་ཐག་གཅོད་ནན་པོ་བྱས་ནས་འབྱུང་འགྱུར་འཆམ་མཐུན་དང་མཉམ་གནས་ཡོང་ཐབས་ཐད་བཀའ་བསྡུར་ལྷུག་པོ་བྱུང་སོང༌།

གཞན་ཡང་ཉེ་དུས་བྱུང་ཟིན་པའི་དྷ་སའི་མི་གསོད་ཀྱི་གནད་དོན་དེ་ཁྲིམས་དང་ལྡན་པ་ཞིག་ཡིན་ཙང་ཉེན་རྟོག་པས་དུས་ཐོག་ཏུ་ཉེས་ཅན་པ་འཛིན་བཟུང་བྱས་ནས་ཁྲིམས་ཁང་དུ་བརྩིས་སྤྲོད་བྱེད་ཐུབ་པ་དེས། འབྱུང་འགྱུར་ཡིན་ཡང་གནད་དོན་དེ་དག་ལ་ཁྲིམས་ལུགས་གཞིར་བཟུང་ཐོག་ཐག་གཅོད་ནན་པོ་དགོས་པ་རེད་ཅེས་དང༌། ང་ཚོའི་སྤྱི་ཚོགས་གཉིས་ཀྱི་གནད་དོན་དེ་སྔར་རྒྱུན་ལྟར་ཞི་འཇམ་དང༌། ཕན་ཚུན་གཉིས་ཀས་གུས་ཞབས་བྱེད་དགོས་པ་རེད་ལ། བྱེད་ཐུབ་ཀྱི་རེད། ཡིན་ཡང་སྤྱི་ཚོགས་ནང་མི་ཁ་ཤས་ཀྱིས་གོ་སྐབས་བཙལ་ཏེ་དཀྲུག་ཤིང་རྒྱབ་ནས་མདའ་དཀྲུག་ཕུ་དཀྲུག་བཟོ་མཁན་ཡོང་མི་སྲིད་པ་མ་ཡིན་པས། དེ་དག་ལ་ང་ཚོས་གདོང་ལེན་ཇི་ལྟར་བྱེད་རྒྱུ་དང༌། གལ་སྲིད་གནས་ཚུལ་དེ་འདྲ་ཞིག་བྱུང་བ་ཡིན་ན་ཕྱོགས་གཉིས་ཀས་གང་བྱེད་དགོས་པ་རེད། གང་ཟག་རང་ངོས་ནས་འགན་ཁུར་གང་བྱེད་དགོས་པ་རེད། ཚོགས་པ་ཁག་གིས་དམ་འཛིན་ཇི་ལྟར་དགོས་ཀྱི་ཡོད་མེད་བཅས་ཀྱི་ཐོག་བགྲོ་གླེང་ཟབ་ཅིང་རྒྱས་པ་ཞིག་གནང་བ་ཡིན།

༦། བོད་རྩོད་རྙོག་འདུམ་སྒྲིག་ཁང་དེ་བཙུགས་ནས་ས་གནས་ཡུལ་མི་དང་བོད་མིའི་བར་ལ་རྩོད་རྙོག་ཉུང་དུ་ཕྱིན་ཡོད་དམ། མང་དུ་ཕྱིན་ཡོད་དེའི་ཐོག་ལ་ངོས་འཛིན་གང་འདྲ་ཞིག་བྱེད་ཀྱི་ཡོད་དམ།

ལན།
དྲང་པོར་བརྗོད་ན། མང་དུ་ཕྱིན་ཡོད་པ་དང༌། ཉུང་དུ་ཕྱིན་ཡོད་མེད་དེའི་ཐོག་ཉམས་ཞིབ་བྱེད་རྒྱུ་བྱུང་ཡོད་པ་མ་རེད། ང་ཚོའི་ངོས་ནས་བཤད་ཐུབ་པ་ཞིག་ལ་ཚོགས་པ་འདི་བཙུགས་ནས་ས་གནས་ཡུལ་མི་ཕན་ཚུན་བར། ལྐོག་བཤད་རྒྱབ་པ་མ་ཡིན་པར་གདོང་དང་གདོང་ཐུག་ནས་བཤད་ཐུབ་པའི་སྡིངས་ཆ་བསྐྲུན་ཐུབ་པ་དང༌། མི་མང་པོ་ཞིག་ལ་གོ་རྟོགས་དང་བསམ་གཞིགས་ཀྱི་ནུས་པ་ཡག་ཏུ་ཕྱིན་ཡོད་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད།

ཟབ་སྦྱོང་ཞིག་གི་ཐོག་རྒྱ་གར་བ་ཞིག་གིས་ངས་སྔོན་མ་ཡིན་ན་བོད་པར་ལྟ་སྟངས་ཡག་པོ་མེད། འོན་ཀྱང་ཟབ་སྦྱོང་དེ་ཚོགས་པ་བརྒྱུད་བོད་པའི་གནས་སྟངས་དེ་གསལ་པོ་ཧ་གོ་སོང༌། ཉི་མ་དེ་རིང་ནས་བཟུང་ཁྱེད་ཚོའི་ལས་འགུལ་གང་སྤེལ་ཡང་དེའི་ནང་མཉམ་ཞུགས་བྱ་རྒྱུ་ཡིན་ཟེར་གྱི་ཡོད་པ་རེད། རྩོད་རྙོག་ལ་གདོང་ལེན་བྱེད་སྟངས་དེ་བཤད་ན། ག་དུས་རྩོད་རྙོག་འཕྲད་ན་ཡང་གདོང་ལེན་ལས་སླ་པོའི་ཐོག་ནས་བྱེད་ཐུབ་པའི་ཁྱད་པར་ཞིག་བཟོ་ཐུབ་ཡོད་པ་རེད་བསམ་གྱི་འདུག

༧། མ་འོངས་པར་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་ངོས་ནས་ལྷིང་འཇགས་དང་ཞི་བདེ་ཡོང་བའི་ལས་འཆར་གང་དང་གང་ཡོད་དམ།

ལན།
རྩོད་རྙོག་ཅིག་འཕྲད་སྐབས་རྩོད་པ་ཉུང་དུ་གཏོང་ཐབས་བྱེད་པ་ལས་རྙོག་གྲ་ཚ་རུ་གཏོང་ཐབས་བྱེད་ཀྱི་མེད། འོན་ཀྱང་ང་ཚོས་བྱེད་སྟངས་དེ་མ་ཤེས་པ་ཡིན་ན་རྙོག་གྲ་ལུང་པ་གང་བཟོ་རྒྱུའི་ཉེན་ཁ་ཡོད་པ་རེད། རྩོད་རྙོག་འདུམ་སྒྲིག་གི་ཐབས་ལམ་དང་སྒྱུ་རྩལ། དམིགས་བསལ་བརྡ་ལེན་བྱེད་སྟངས་ཀྱི་ཐོག་ནས་གསལ་པོ་བཟོ་ཐུབ་པ་བྱེད་རྒྱུ་དང་དེ་བཞིན་ཕན་ཚུན་ནང་དམེ་བྱེད་རེས་ཀྱི་ངོ་བོ་མེད་པ་བཟོས་ཏེ་གནད་དོན་གང་ཡིན་ཡང་མི་དང་མིའི་བར་སྐད་ཆ་བཤད་ཐུབ་པ་བཟོ་རྒྱུ་དེ་ང་ཚོས་འབད་བརྩོན་གཙོ་བོ་བྱེད་ཀྱི་ཡོད།

༢༠༡༦གི་ཕྱི་ཟླ་༢པའི་ནང་ཧི་ལ་བཅལ་མངའ་སྡེ་ཁུལ་གྱི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་གཉིས་རེ་ཁག་བགོས་བྱས་ཏེ་ཟབ་སྦྱོང་འཚོགས་ནས་ས་གནས་གྲོས་ཚོགས་ནང་ཚགས་ཚུད་དང་གྲ་སྒྲིག་པོ་ཞིག་བྱུང་བ་བཟོས་ནས། སྤྱི་ཚོགས་ཆེ་ས་ཤིག་གི་ནང་ཤུགས་ཆེ་རུ་འགྲོ་ཐུབ་ན་བོད་པའི་སྤྱི་ཚོགས་ཡག་ཏུ་འགྲོ་ཐུབ་ཀྱི་ཡོད་པ་རེད། དེ་ང་ཚོས་རྒྱ་ཚོའི་ནང་གི་ཆུ་ཐིགས་ཙམ་གྱི་ལེགས་སྐྱེས་ཤིག་ཡིན་བསམ་གྱི་ཡོད།

༨། གོང་གི་དྲི་བ་དང་མ་འབྲེལ་བ་འགན་འཛིན་མཆོག་ལ་གལ་གནད་ཆེ་བའི་དགོངས་འཆར་གང་གསུང་རྒྱུ་ཡོད་དམ།

ལན།
སྤྱི་ཚོགས་གང་ཞིག་ཡིན་ཡང་རྩོད་རྙོག་མེད་པའི་སྤྱི་ཚོགས་ཤིག་ཡོང་སྲིད་ཀྱི་མ་རེད།  ཕར་ཕྱོགས་མི་གཞན་དེ་མི་ཞིག་ཡིན་པའི་ངོ་བོར་འཛིན་པའི་ཐོག་ནས་ཕན་ཚུན་གྲོས་བསྡུར་དང་བཀའ་མོལ་གནང་བ་ཡིན་ན་རྩོད་རྙོག་གང་ཡིན་ཡང་གདོང་ལེན་བྱེད་ཐུབ་པ་དང༌། མི་དང་མིའི་བར་གྱི་འབྲེལ་བ་ལ་འགྱུར་བ་ཞིག་ཐེབས་པ་ཡིན་ན་གནད་དོན་རིམ་བཞིན་འགྱུར་བ་གཏོང་ཐུབ་ཀྱི་ཡོད་པའི་ལམ་ཁ་གསལ་པོ་བསྟན་གྱི་ཡོད་པ་རེད། དང་པོ་གནད་དོན་དོར་ནས་གང་ཟག་ཐོག་ལ་ཕྱིན་པ་ཡིན་ན་གནད་དོན་གང་འདྲ་ཞིག་ཡིན་ཡང་སེལ་ཐུབ་རྒྱུ་ཁག་པོ་ཡོང་གི་རེད།

རྩོད་རྙོག་འདུམ་སྒྲིག་གི་ཐབས་ལམ་དང་སྒྱུ་རྩལ་དེ་དག་ལ་འབད་རྩོན་དང་ཐུགས་སྣང་ཞིག་གནང་བ་ཡིན་ན། ཏན་ཏན་ཐུགས་ཕན་སོས་པ་ཞིག་དང་སྒེར་གྱི་མི་ཚེ་ཡིན་ཡང་སྐྱིད་པ། སྤྱི་ཚོགས་ནང་ལ་ཡིན་ན་འཆམ་མཐུན་དང་ཞི་བདེར་གནས་ཐུབ་པ་ཞིག་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་ང་ཚོས་ངོས་འཛིན་ཞུ་ཡི་ཡོད། མ་འོངས་པར་སུ་འདྲ་ཞིག་ཡིན་རུང་རྩོད་རྙོག་འདུམ་སྒྲིག་གི་ཐབས་ལམ་དང་སྒྱུ་རྩལ་ལ་ཐུགས་འདོད་ཡོད་ན་ང་ཚོའི་ངོས་ནས་དགའ་བསུའི་ངང་ནས་འབད་བརྩོན་ཞུ་རྒྱུ་ཡིན།


གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།