བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ང་ལ་སྲིད་སྐྱོང་ལངས་རྒྱུའི་སྤོབས་པ་དང་གདེང་ཚོད་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡༠།༠༩ཉིན་སྤེལ། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་༢༠༡༦ལོའི་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་མཆོག་ལ་སྲིད་སྐྱོང་ལང་དགོས་པའི་དམིགས་ཡུལ་དང་། ཕྱག་ལས་དེ་བཞིན་འོས་མི་གཞན་ཚོ་དང་མི་འདྲ་བར་དམིགས་བསལ་གྱི་ལས་འཆར་གང་ཡོད་མེད་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པར་གཤམ་གསལ།

༡། སྐུ་ཉིད་སྲིད་སྐྱོང་འོས་མི་ལང་གིཡོད་པའི་སྐོར་ལ་འགྲེལ་བཤད་ཅིག་གནང་རོགས། ལན། ༧གོང་ས་མཆོག་གིས་བོད་པ་ཚོར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སུ་ལའང་མེད་པའི་མང་གཙོ་ཡང་དག་པ་ཞིག་གནང་ཡོད་པ་དེར། ཕྱི་ལོ་༢༠༡༠དང་༢༠༡༡གི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་མི་ཚ་ཚ་འུར་འུར་སྒང་ཕྱིན་པ་རེད། སྐབས་དེའི་བཀའ་བློན་ཁྲི་པའི་འོས་བསྡུ་ལ་ལོ་གཉིས་ཙམ་གྱི་སྔོན་ནས་འོས་མི་ལངས་མཁན་མང་པོ་བྱུང་ནས་ཁོ་ཚོས་ལས་འཆར་མང་པོ་ཞིག་བཏོན་ཡོད་པ་རེད། དེ་བཞིན་དུ་མི་མང་གི་དོ་སྣང་ཆེན་པོ་བྱུང་ཡོད་པ་རེད་ལ་འགན་ཡང་ཁུར་ཡོད་པ་རེད།

ཡིན་ན་ཡང༌། ལོ་ལྔ་ཡི་རྗེས་ནས་འོས་བསྡུ་རེ་རེ་སླེབས་ཡོང་གིན་ཡོད་དུས། ད་ལོ་ཕྱི་ཟླ་བཞི་པའི་ནང་ཚོགས་པ་ཁག་གཅིག་གིས་འོས་བསྡུའི་ལས་འགུལ་ཁ་ཤས་སྤེལ་མགོ་བཙུགས་ཀྱང་སྤྱི་ཚོགས་ནང་གི་མི་མང་ཚོས་ད་དུང་ལྷོད་གཡེང་བྱས་ནས་བསྡད་འདུག སྐབས་དེར་ང་དྷ་རམ་ས་ལར་ཡོད། དེ་ནས་ང་ཚོའི་སྤྱི་ཚོགས་ནང་ལ་འགན་དང་སེམས་ཁུར་བྱེད་མཁན་གྱི་མི་སྣ་ཁག་ཅིག་གིས་སྲིད་སྐྱོང་གི་འོས་མི་ལངས་མཁན་མི་འདུག མི་མང་གིས་འོས་ཤོག་བླུགས་ན་ང་ལངས་ཀྱི་ཡིན་ཟེར་མཁན་མ་གཏོགས་མང་གཙོའི་འགྲོ་ལུགས་ཐོག་ནས་ང་སྲིད་སྐྱོང་བྱ་ཐུབ་ཀྱི་ཡོད་ཟེར་ནས་ལངས་མཁན་མི་འདུག སྐབས་དེར་ང་ལ་སྐད་ཆ་འདྲི་ཡི་འདུག དེ་ནས་ངས་ཁོ་ཚོར་ལོ་གཞོན་པ་ཚོས་འགན་ཁུར་དགོས་ཡོད་པ་རེད། སྤྱིར་བཏང་བྱ་ཐུབ་རྒྱུ་མ་རེད་བསམ་གྱི་མི་འདུག མང་གཙོའི་འགྲོ་ལུགས་ལྟར་ལངས་དགོས་པ་རེད་མ་གཏོགས། མར་བསྡད་ནས་ང་ལངས་ཀྱི་ཡིན་ཟེར་ན་འགྲིག་གི་མ་རེད། ངས་བྱེད་འདོད་ཡོད་ཅེས་ང་ལངས་པ་ཡིན།

༡། སྐུ་ཉིད་༢༠༡༦ལོའི་སྲིད་སྐྱོང་འོས་མི་ལང་དགོས་པའི་དམིགས་ཡུལ་གཙོ་བོ་དེ་གང་ཡིན་ནམ།

ལན། ང་སྲིད་སྐྱོང་ལངས་དགོས་པའི་དམིགས་ཡུལ་གསུམ་ཡོད། དོན་ཚན་དང་པོ་དེ། ༧སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་འགན་ཁུར་བའི་ཐོག་ནས་༧་གོང་ས་མཆོག་གི་དགོངས་གཞི་ལྟར་བོད་དོན་བདེན་མཐའ་སེལ་ཐབས་ལ་གལ་སྲིད་ས་མིག་ཅིག་བྱུང་ན་སྐལ་པ་བཟང་པོ་ཡིན་བསམ་གི་འདུག དོན་ཚན་གཉིས་པ་དེ། བོད་པའི་སྤྱི་ཚོགས་ནང་སེམས་ཁུར་བྱེད་མཁན་ཁག་ཅིག་གིས་སྲིད་སྐྱོང་གི་འགན་ཁུར་དགོས་ཀྱི་འདུག་ཅེས་རེ་འདུན་བཏོན་པ་དང༌། ང་རང་གིས་ལོ་༢༠ལ་ལས་ཀ་བྱས་པ་དང་དེ་ཡང་ཕྱི་འབྲེལ་དང་གཞི་ཆགས་ཁག་གི་ས་གནས་འགོ་འཛིན་ནམ་འཛིན་སྐྱོང་བྱས་པ། བར་ལམ་ཞིག་ནས་སྤྱི་མཐུན་མཉམ་འབྲེལ་ཚོང་གི་སྡེ་ཚན་ཁག་མང་པོ་ཞིག་ལ་ཉམས་མྱོང་ཡོད་པར་བརྟེན། ང་ལ་སྲིད་སྐྱོང་ལངས་རྒྱུའི་སྤོབས་པ་དང་གདེང་ཚོད་ཡོད།

དོན་ཚན་གསུམ་པ་དེ། ང་ཚོ་སྐྱབས་བཅོལ་དུ་བསླེབས་དགོས་པ་ཆབ་སྲིད་ཀྱི་དཀའ་ངལ་ཞིག་བྱུང་ནས་ཡོང་ཡོད་པ་རེད། ང་ཚོའི་ལས་འགུལ་གཙོ་བོ་བསྒྲུབ་དགོས་པ་བོད་དོན་བདེན་མཐའ་སེལ་ཐབས་དེ་རེད། དེ་བསྒྲུབ་པའི་ཐབས་ལམ་གྲོས་མོལ་གྱི་ཐོག་ནས་བསྒྲུབ་རྒྱུ་ཡིན། གྲོས་མོལ་སླར་གསོ་བྱ་དགོས་ཀྱི་འདུག གྲོས་མོལ་བྱ་མཁན་དེ་བོད་མིའི་སྒྲིག་འཛུགས་ཆགས་ཡོད་པ་དང་བོད་མིའི་སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་ཐུབ་དགོས་པ་ཞིག་བཟོ་དགོས་ཀྱི་འདུག བོད་མིའི་སྒྲིག་འཛུགས་རྒྱུན་གནས་བཟོ་རྒྱུར་གཞི་ཆགས་སྲ་བརྟན་དགོས་ཀྱི་འདུག བོད་དོན་བདེན་མཐའ་སེལ་ཐབས་རྒྱུན་གནས་ཐུབ་པར་གཞོན་སྐྱེས་ལ་ཤེས་ཡོན་དང་མི་མང་ལ་དཔལ་འབྱོར་དགོས་ཀྱི་འདུག དེའི་དོན་ལ་ངས་དབྱིན་ཇིའི་ཚིག་ཅིག་ཚུར་བླངས་པ་ཡིན།“SEENཟེར་བ་དེ་རེད།“Sustainability Education Economy Negotiationརྒྱུན་གནས། ཤེས་ཡོན། དཔལ་འབྱོར། གྲོས་མོལ། བོད་དོན་བདེན་མཐའ་སེལ་ཐབས་ལ་མཐོང་ཐུབ་དགོས་པའི་དོན་གནད་བཞི་ཡོད་པ་རེད། མཐོང་ཞེས་པ་དེར་ “Seen” ལབ་པ་དེ་རེད། དེའི་སྟེང་ཤུགས་རྒྱག་དགོས་འདུག་ཞུ་རྒྱུ་ཡིན།

གྲོས་མོལ་སླར་གསོ་བྱ་རྒྱུ་དེ་ངས་གལ་ཆེ་ཤོས་ཤིག་རྩི་བཞིན་ཡོད། དེ་བཞིན།ྋརྒྱལ་བ་རིན་པོ་ཆེའི་སྐུའི་སྲུང་བྱ་དེ་གལ་ཆེན་པོ་ཞེ་བོ་རྩི་བཞིན་ཡོད། དེའི་ཐོག་ལ་དམིགས་བསལ་གྱི་དོ་སྣང་བྱ་རྒྱུ་ཡིན། འདས་པའི་ལོ་རྒྱུས་ཀྱི་ལེགས་བཤད་ནང་ལ་ཛ་དྲག་གི་གནས་སྟངས་ཁ་ཤས་བྱུང་སོང་བཱ། ཨ་རིའི་སན་ཧྥན་སུའི་སི་ཁོ་(San Franciscoནང་དང་ད་ལྟ་སྐད་འབོད་རྒྱག་བཞིན་ཡོད་པ་དེ་ཚོའི་རིགས་མ་ཡོང་ཐབས་ཀྱི་སྔོན་འགག་གྲ་སྒྲིག་ཨང་གསར་བྱ་དགོས་ཡོད།” རྒྱུན་གནས་སྐོར་ལ་གསུངས་དོན། དང་པོ་བོད་མིའི་སྒྲིག་འཛུགས་རྒྱུན་གནས་ཐུབ་རྒྱུ་གལ་ཆེན་པོ་ཞིག་མཐོང་གིན་ཡོད། གང་ཡིན་ཞེ་ན། བཀའ་ཤག་གོང་མ་མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐབས་ལ། སྒྲིག་འཛུགས་སྲ་བརྟན་ཡོང་ཆེད་སྒྲིག་གཞི་མང་པོ་ཞིག་བཟོས་ཡོད་པ་རེད། སྲིད་བྱུས་མང་པོ་ཞིག་གཏན་འབེབས་བྱས་ཡོད་པ་རེད། སྒྲིག་གཞི་དང་སྲིད་ཇུས་ཟེར་བ་དེ་ཐེངས་གཅིག་གཏན་འབེབས་བྱས་ནས་སྒྱུར་བཅོས་གཏོང་མི་ཆོག་པ་མ་རེད། སྐབས་དང་དུས་ལ་བབ་པའི་འགྱུར་བ་དང་གསར་གཏོད་བྱེད་ནས་འགྲོ་དགོས་ཡོད་པ་རེད།

སྲིད་བྱུས་གསར་བ་གཏན་འབེབས་བྱ་དགོས་ཡོད་པ་རེད། སྒྲིག་གཞི་དེའང་སྒྱུར་བཅོས་གཏོང་དགོས་ཡོད་པ་རེད། ཡིན་ན་ཡང༌། འདས་པའི་ལོ་བཞིའི་ནང་ལ་འདིའི་རིགས་བྱུང་མ་སོང་ཟེར་ན་ཕལ་ཆེར་ངས་རྫུན་བཤད་པ་ཡིན་རྒྱུ་རེད། དམིགས་བསལ་དེ་འདྲ་རིགས་མཐོང་རྒྱུ་དང་ཐོས་རྒྱུ་གང་ཡང་མི་འདུག དེ་བཞིན་དུ་སྒྲིག་གཞི་བསྐྱར་བཅོས་བྱས་མེད་སྟབས་ས་ཁོངས་སྒྲིག་གཞིའི་སྟེང་བོད་མིའི་ནང་ལ་དཀའ་ངལ་མང་པོ་ཞིག་ཡོང་གི་འདུག བོད་མིའི་སྒྲིག་འཛུགས་གནས་བ་ལ་གཞི་ཆགས་གནས་དགོས་ཡོད་པ་དང༌། གལ་སྲིད་གཞི་ཆགས་གནས་མེད་ན་བོད་མིའི་སྒྲིག་འཛུགས་ཀྱང་གང་འཚམ་ཞིག་ཐོར་བ་ཡིན་སྟབས། གཞི་ཆགས་གནས་དགོས་པ་དེར་མི་ཚང་མས་བསམ་བློ་གཏོང་བཞིན་ཡོད་པ་རེད། ཡིན་ན་ཡང༌། གཞི་ཆགས་གནས་དགོས་པ་ལ་ལས་གཞི་ག་རེ་རྩོམ་གྱིན་ཡོད་པ་རེད། གཞི་ཆགས་གནས་པར་དཔལ་བྱོར་ཡོང་ཁུངས་ཀྱི་ལས་གཞི་བསྐྲུན་དགོས་ཡོད་པ་རེད།

དཔལ་འབྱོར་གྱི་སྐོར་ལ་གསུངས་དོན།“གཞིས་ཆགས་ཁག་ལ་དཔལ་འབྱོར་འཛུགས་བསྐྲུན་བྱ་རྒྱུ་དང༌། ཚོང་ལས་འཛུགས་བསྐྲུན་བྱ་རྒྱུ་ཡིན་པ་མ་ཟད། ཨ་རི་དང་ཡུ་རོབ་ནང་ལ་ (Tibet Town) བོད་ཀྱི་གྲོང་རྡལ་ཞེས་པ་འཛུགས་བསྐྲུན་བྱ་དགོས་འདུག བོད་ཀྱི་གྲོང་རྡལ་བཟོས་པ་ཡིན་ན་དཔལ་འབྱོར་དང་མི་རིགས་རྡོག་རྩ་ཆིག་སྒྲིལ། རིག་གཞུང་སྲུང་སྐྱོབ་སོགས་ལ་ཡང་ཕན་ཐོགས་ཀྱི་རེད། རྒྱ་མི་དེ་ཚོའི་ (China Townརྒྱ་ནག་གྲོང་རྡལ་ནང་ལ་སོང་ན། རྒྱ་ནག་ལ་སླེབ་པའི་ཚོར་བ་མ་གཏོགས་ཨ་རི་ལ་ཡོད་པ་ཞིག་ཚོར་རྒྱུ་ཡོད་པ་མ་རེད། དེ་འདྲ་བཙུགས་ནས་ང་ཚོའི་བོད་པ་ཚོ་མཉམ་གཅིག་ཏུ་སྡོད་རྒྱུར་འབད་རྩོན་བྱ་དགོས་འདུག སྔོན་མ་ང་ཚོ་རྒྱ་གར་ལུང་པར་བསླེབས་དུས་དཀའ་ངལ་མང་པོ་ཞིག་ཡོད་ཀྱང༌། གཞི་ཆགས་བཙུགས་ནས་མཉམ་དུ་བསྡད་ནས་དེ་རིང་ངས་འདིར་བོད་སྐད་བརྒྱབ་ན་ཁྱེད་རང་ཚང་མས་གོ་རྒྱུ་ཡོད་པའི་གནས་སྟངས་འདི་གཞི་ཆགས་བཙུགས་པར་བརྟེན་ནས་བྱུང་བ་རེད། དེང་སང་ཡུ་རོབ་ཁག་ནས་བོད་པའི་ཚོགས་འདུ་ཞིག་ཚོགས་ན་སྐད་སྒྱུར་བ་གཉིས་གསུམ་ཞིག་དགོས་ཀྱིན་ཡོད་པ་རེད།

ཡང་མིན་ན་དབྱིན་ཇིའི་སྐད་རྒྱག་དགོས་ཡོད་པ་རེད། དེ་འདྲ་ཡིན་དུས་བོད་ཀྱི་གྲོང་རྡལ་ཞིག་བཙུགས་ཐུབ་པ་ཡིན་ན་འཛུགས་བསྐྲུན་གྱི་ལས་གཞི་སོགས་བཙུགས་ནས་མི་དེ་ཚོ་འཚོ་བ་སྐྱེལ་ས་ཞིག་བཙུགས་ཐུབ་ན་ཕན་ཐོགས་ཡོང་གི་རེད་བསམ་གྱིན་ཡོད། དེ་བཞིན་དུ་བོད་སྨན་ཐོག་ལ་ཡིན་ན་ཁྱབ་བསྒྲགས་གཅིག་ཀྱང་བྱས་མེད་པར་འཛམ་བུ་གླིང་ལ་ཁྱབ་བཞིན་ཡོད་པ་རེད། དེ་འདྲའི་མིས་དོ་སྣང་དང་ཡིད་ཆེས་བྱེད་ཀྱིན་ཡོད་པ་བཞིན་ཕན་ཐོགས་ཡོང་གི་ཡོད་པ་རེད། ཡིན་ན་ཡང༌། ད་ལྟའི་ཆར་དེ་ཡང་བེད་སྤྱོད་ཡག་པོ་གཏོང་ཐུབ་ཀྱི་མི་འདུག་བསམ་གྱིན་ཡོད། ཕྱོགས་གཅིག་ནས་རྒྱལ་སྤྱིའི་སྟེང་ངོས་ལེན་ཡོད་མཁན་ཞིག་བཟོས་དགོས་ཡོད་པ་རེད། ཕྱོགས་གཉིས་ནས་བོད་ཀྱིས་བཟོས་པའི་རྩ་སྨན་རིགས་བོད་པའི་ནང་ཁུལ་ཙམ་མ་ཡིན་པར་འཛམ་བུ་གླིང་དང་རྒྱ་གར་ཁྲོམ་རའི་ནང་བཙོང་རྒྱུའི་ལས་གཞི་བརྩམས་དགོས་ཀྱི་འདུག

ཤེས་ཡོན་གྱི་སྐོར་ལ་གསུངས་དོན། ཤེས་ཡོན་སྲིད་ཇུས་དེ་ངས་གལ་ཆེན་པོ་ཞིག་ཏུ་རྩི་བཞིན་ཡོད། དེ་བཞིན་དུ་ཤེས་ཡོན་སྲིད་ཇུས་ཟེར་བ་བོད་ཡིག་རྐྱང་པ་མ་རེད། མི་ཡག་པོ་ཞིག་དང་ཡ་རབས་སྤྱོད་བཟང་བཟོ་ཐུབ་མཁན་ཞིག་རེད། ད་ལྟ་ང་ཚོའི་སློབ་གྲྭའི་ནང་ལ་དཀའ་ངལ་ཆེ་ཤོས་དགེ་རྒན་དང་སློབ་ཕྲུག་བར་ཐག་རིང་པོ་བྱས་ནས་སློབ་ཕྲུག་ཚོས་དྲི་བ་གཏོང་རྒྱུ་ཕར་བཞག་མགོ་འགྱོག་ཐུབ་ཀྱི་ཡོད་པ་མ་རེད། མིས་བཤད་ཤེས་ན་ཉན་ཤེས་ཀྱི་ཡོད་པ་མ་རེད། དེའི་རིགས་མ་འོངས་པ་ལ་ཉན་ཤེས་མཁན་དང་བཤད་ཤེས་མཁན། དེ་དང་འབྲེལ་པའི་མང་པོ་ཞེ་བོ་ཞིག་ཡོད་པ་རེད། དེའི་ནང་ནས་གཙོ་ཆེ་ཤོས་དེ་ཤེས་ཡོན་སྲིད་ཇུས་ལ་འགན་ཁུར་མཁན་ལས་བྱེད་དང་དགེ་རྒན། ཤེས་རིག་གི་འབྲེལ་ཡོད་ལས་བྱེད་སོགས་ཀྱིས་ཤེས་ཡོན་སྲིད་བྱུས་ལ་ངེས་པ་རྙེད་དགོས་ཡོད་པ་རེད།

ཤེས་ཡོན་སྲིད་བྱུས་ལ་ངེས་པ་མ་རྙེད་པ་ཡིན་ན་དེར་འགན་ཁུར་ཐུབ་ཀྱི་ཡོད་པ་མ་རེད། ཤེས་ཡོན་སྲིད་བྱུས་ལ་འགན་ཁུར་དགོས་ཡོད་ན་དགེ་རྒན་ཚོར་གླ་ཕོགས་ཡག་པོ་སྤྲོད་དགོས་ཡོད་པ་མ་ཟད། ཟབ་སྦྱོང་ཡག་པོ་སྤྲོད་དགོས་ཡོད་པ་རེད། འཛིན་རིམ་བཅུ་གཉིས་ཐོན་རྗེས་སྨན་པའི་སློབ་སྦྱོང་དང༌། འཕྲུལ་ལས་འཆར་འགོད་ལས་རིགས་ལ་ཆེད་སྦྱོང་གི་ཟབ་སྦྱོང་དང་སློབ་ཡོན་སྤྲད་པ་ཙམ་མ་ཡིན་པར། སློབ་ཡོན་འབོར་ཆེན་དགོས་པ་དག་ལ་བུ་ལོན་བཞག་པ་སོགས་ཀྱིས་རོགས་སྐྱོར་བྱེད་ནས་ཆེད་ལས་པ་མང་པོ་ཞིག་གསོ་སྐྱོང་ཡོང་བའི་ཐབས་ཤེས་བྱ་རྒྱུ་ཡིན། ད་ལྟ་མི་མང་པོ་ཞིག་གིས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ད་དུང་ལོ་ལྔ་ཡི་དུས་ཚོད་དགོས་ཀྱིན་འདུག་ལས་རྒྱུ་མང་པོ་ལྷག་འདུག སྲིད་སྐྱོང་གི་ལོ་ཐེངས་གཅིག་ད་དུང་དགོས་ཀྱི་འདུག་ཅེས་གསུང་མཁན་འདུག ཡིན་ན་ཡང༌། ངས་ག་རེ་བསམ་གྱི་འདུག་ཅེས་ན། ད་ལྟའི་ཛ་དྲག་གི་གནས་སྟངས་ཀྱི་སྐབས་འདིར་སྲིད་སྐྱོང་དུས་ཡུན་ལོ་གསུམ་བཟོ་དགོས་ཀྱི་འདུག རྒྱལ་ཁབ་ཡར་ཐོན་ཅན་ཨ་རི་ལྟ་བུ་ཡིན་ན་སྲིད་འཛིན་གྱི་དུས་ཡུན་ལོ་བཞི་རེད། ལོ་བཞི་བཞག་དགོས་པའི་རྒྱུ་མཚན་ག་རེ་རེད་ཅེ་ན་མི་དེར་རྩལ་དང་ནུས་པ་ཡོད་ན་ལོ་བཞིའི་ནང་ལ་ནུས་པ་སྟོན་ཐུབ་དགོས་ཡོད་པ་རེད།

ང་ཚོ་ཛ་དྲག་གི་སྐབས་ལ་མི་གསར་པ་བསླེབ་ནས་རིག་པ་གསར་པ་ཞིག་གི་འཆར་གཞི་གསར་པ་ཞིག་བཏོན་ནས་འགྲོ་དགོས་ཀྱི་འདུག་བསམ་གྱིན་ཡོད། སྤྱིར་བཏང་ངས་བཤད་བཞིན་པའི་ཁག་ཅིག་དགོན་པ་གྲྭ་ཚང་དང་བརྟན་གནས་སློབ་གྲྭ་ཁག ཇ་ཁང་ཆང་ཁང་སོགས་སུ་བཤད་མཁན་ཡོད་པ་རེད། ཡིན་ན་ཡང༌། ས་ཆ་དེ་ཚོ་ནས་བཤད་ན་ཕན་ཐོགས་ཀྱི་མ་རེད། ཕྱི་ཟླ་ ༡༠ཚེས་༡༨ཉིན་འོས་བླུག་ནས་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་རེད།

༣། གལ་སྲིད་སྐུ་ཉིད་ལ་སྲིད་སྐྱོང་འོས་མི་ཐོབ་པ་ཡིན་ན་དམིགས་བསལ་གྱི་ཕྱག་ལས་གང་དང་གང་གནང་རྒྱུ་ཡིན་ནམ།

ལན། ང་སྲིད་སྐྱོང་ཐོབ་པའི་སྐབས་ལ་ལས་འཆར་བཞིའི་ཐོག་ལ་ཤུགས་རྒྱབ་རྒྱུ་ཡིན། དང་པོ། གྲོས་མོལ་བསླར་གསོ། བོད་མིའི་སྒྲིག་འཛུགས་ཚགས་ཚུད་ཡོང་བ་བྱེད་རྒྱུ། གཞིས་ཆགས་སྲ་བརྟན་བཟོ་རྒྱུ། གཞོན་སྐྱེས་ཚོར་ཤེས་ཡོན་སྤྲོད་རྒྱུ། མི་མང་ཚོར་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་བཅས་ཡིན། སྤྱིར་ང་རང་ལོ་ཉི་ཤུའི་རིང་བོད་པའི་སྤྱི་ཚོགས་ནང་ཞབས་ཕྱི་ཞུས་པའི་ཉམས་མྱོང་དང་ལྷན་དུ་ཕྱི་དྲིལ་གྱི་ཐོག་ལ་ཉམས་མྱོང་བསགས་ཡོད་ལ་ཀ་ན་ཊ་ཀའི་ནང་གི་གཞིས་ཆགས་ཆེ་ཁག་ལྔ་ཡི་སྤྱི་ཁྱབ་བྱེད་མྱོང་ཡོད། སྦེལ་ཀོབ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་བྱེད་མྱོང་ཡོད། བར་སྐབས་དཔལ་འབྱོར་གྱི་ཐོག་བོད་མིའི་མཉམ་འབྲེལ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་བྱས་པ་ལ་བརྟེན་ནས་དཔལ་འབྱོར་དང་། ཕྱི་དྲིལ། འཛིན་སྐྱོང་བཅས་ཚང་མར་ཉམས་མྱོང་ཕུ་གསུམ་ཚོགས་པ་ཡོད་ཞུ་རྒྱུ་ཡིན།

༣། སྐུ་ཉིད་ལ་སྲིད་སྐྱོང་འོས་མི་ལང་མཁན་གཞན་ཚོ་མི་འདྲ་བའི་དམིགས་བསལ་གྱི་ལས་འཆར་གང་དང་གང་ཡོད་དམ།

ལན། ཕྱི་ལོ་༡༩༧༢ལོའི་ཟླ་༤ཚེས་༡༢ལ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ། ཕ་ཁམས་སྦྲ་ཆེན་བ་དགའ་གྲགས་དང། མ་མངའ་རིས་རུ་ཐོག་པ་ཀརྨ་སྒྲོལ་མ་གཉིས་ཀྱི་བུ་རུ་སྐྱེས། རིམ་བཞིན་སྦེལ་ཀོབ་ཉིན་སློབ་དང་མ་སུ་རི་གཏན་སློབ་ནས་ཐོན་རྗེས། མེ་སོར་གཙུག་ལག་སློབ་གཉེར་ཁང་ནས་ཚོང་ལས་རབ་འབྱམས་པ་དང། བྷེང་ལོར་St.Joseph Collegeནས་ཚོང་ལས་འཛིན་སྐྱོང་ཐོག་(PGDBA) ཐོན། དེ་རྗེས་ཧྤུལ་བྷི་རའེ་ཊི་(Fullbright Scholarship སློབ་ཡོན་ཐོག ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གཙུག་ལག་སློབ་གྲྭ་ཆེན་མོར་New York University རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་བ་མ་ཟད། ས་རཱ་བོད་ཀྱི་མཐོ་སློབ་ཏུ་ཟླ་ཤས་རིང་བོད་ཀྱི་རིག་གནས་ལ་སྦྱངས་པ་ཡིན།

ཕྱི་ལོ་༡༩༩༥ནས་ཚོགས་དྲུང་ལས་ཁུངས་ཀྱི་རྩིས་པ་དང། དེ་ནས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་རྩིས་པ་དང། དེ་རྗེས་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་གནང༌། ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་གནང་ཞིང།ལྷོ་ཨ་ཧྥི་རི་ཁའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་དང། ཨ་ཧྥི་རི་ཁའི་མཛའ་འབྲེལ་ཚོགས་པ་གསར་འཛུགས། ལྷོ་ཨ་ཧྥི་རི་ཁའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས། ལྷོ་ཨ་ཧྥི་རི་ཁའི་མང་གཙོ་ཚོགས་པའི་ཚོགས་གཙོ་དྷ་སར་གདན་ཞུ་སོགས་གནང། སྦེལ་ཀོབ་བདེ་སླར་གཞིས་ཆགས་དང། ལུགས་བསམ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་གཅིག་ལྕོགས་གནང༌། ལྷོ་གཞིས་ཁག་ལྔའི་ལྷོ་སྤྱི་གནང་རིང། སྦེལ་ཀོབ་ཏུ་བོད་ནས་འབྱོར་བའི་གྲྭ་པ་དང་བཙུན་མ། སློབ་ཕྲུག་བཅས་གྲངས་༡༧༠༠ལྷག་ལ་སྐྱབས་བཅོལ་ལག་དེབ་བཟོ་མ་ཐུབ་པ་རྣམས་གསར་བཟོ་གནང། ཕྱི་ལོ་༢༠༠༧ལོར་གྲངས་ཉུང་མི་རིགས་ལྷན་ཚོགས་ནས་བདེ་སླར་གཞིས་ཆགས་ཀྱི་སློབ་ཕྲུག་༡༠ཙམ་ལ་མཐོ་རིམ་སློབ་ཡོན་ཐབས་འཚོལ་དང༌། དེང་སྐབས་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་བོད་ཕྲུག་བརྒྱ་ལྷག་ལ་ལོ་རེར་ཧིན་སྒོར་༣༥༠༠༠ ཙམ་ཐབས་ཤེས་བྱས་ཡོད།

ཕྱི་ལོ་༢༠༠༨ལོ་ནས་ཁྱད་ལས་པའི་སློབ་སྦྱོང་དང་འབྲེལ་བའི་ཟུར་སྦྱོང་(Coaching) གོ་སྒྲིག་ཞུས་ནས་བོད་ཕྲུག་མང་པོར་སྨན་པ་(MBBS & BDS) དང། འཆར་འགོད་རིག་པའི་(Engineeringས་མིག་ཐོབ་ཐུབ་པ་བྱུང་བ་མ་ཟད། འདི་ལོ་བྷེང་ལོར་དུ་གཙུག་ལག་སློབ་གྲྭ་ཞིག་ནས་བོད་ཕྲུག་༧༥ལ་ཁྱད་ལས་པའི་སློབ་ཡོན་ཧིན་སྒོར་འབུམ་༥༠༠ ལྷག་གི་སློབ་ཡོན་ཐབས་ཤེས་ཐུབ་པ་བྱུང་ཡོད། ཕྱི་ལོ་༢༠༡༠ནས་ད་བར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་སྤྱི་ཁྱབ་འགན་འཛིན་གནང་རིང། ཕྱི་ལོ་༢༠༡༢ལོར་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ནས་རྒྱལ་སྤྱིའི་མཉམ་འབྲེལ་རྩེ་ཕུད་ཀྱི་གཟེངས་རྟགས་དང། ཕྱི་ལོ་༢༠༡༤ལོར་རྒྱ་གར་ཆིག་སྒྲིལ་ལྷན་ཚོགས་ནས་རྒྱ་གར་རྒྱལ་ཡོངས་ར་ཇིབ་གྷན་དྷི་ཕུལ་བྱུང་གི་གཟེངས་རྟགས་ཐོབ།

ཕྱི་ལོ་༢༠༡༣ལོ་ནས་བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔ་ཡོངས་རྫོགས་ཁེ་བཟང་ཅན་དུ་འགྲོ་ཐུབ་པ་བྱུང་སྟེ། བྷེང་ལོར་དུ་བོད་ཀྱི་ཁྲོམ་ར་གཙོས་མཉམ་འབྲེལ་ཁག་ནང་ལས་ཁུངས་དང་། ལས་ཤག མགྲོན་ཁང། ཚོགས་ཁང༌། ཚོང་ཁང་བཅས་ཕྱིའི་རོགས་དངུལ་མེད་པར་ཧིན་སྒོར་ས་ཡ་༡༢༠ལྷག་གིས་གསར་འཛུགས་དང། ཕྱི་ལོ་༢༠༡༢ལོར་ཀར་ན་ཊ་ཀ་མངའ་སྡེ་གཞུང་ནས་སྟོན་ཉེས་རོགས་རམ་ཧིན་སྒོར་ས་ཡ་༣༥ ལྷག་ཞུ་ཐུབ་པ་བྱུང། དེ་དག་གི་ཞོར་དུ། ལྷོ་ཨ་ཧྥི་རི་ཁ་དང། ཨ་རིའི་ནིའུ་ཡོག སན་ཧྥ་རན་སི་སེ་ཁོ། ཐེ་ལན་ཌི། ཨུ་རུ་སུ། སོགས་སུ་རྒྱལ་སྤྱིའི་ཚོགས་ཆེན་འདྲ་མིན་ཐོག་མཉམ་ཞུགས་བྱས།ཕྱི་ལོ་༢༠༠༣ ལོར་བོད་དུ་གཟིགས་སྐོར་དང། རྒྱ་གར་དང་ཕྱིའི་རྒྱལ་ཁབ་༡༥རུ་ཕེབས་ནས་བོད་དོན་ལས་འགུལ་དང་གཏམ་བཤད་སྤེལ་མྱོང་བ་བཅས་ཡིན།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།