བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བོད་མིའི་སྒྲིག་འཛུཊ་ཀྱི་ལས་བྱེད་གླ་ཆ་རྩམ་པ་བཙོང་ནས་སྤྲོད་ཐུབ་ས་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༩།༢༩ཉིན་སྤེལ། རྩམ་པ་དེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཟས་ཤིག་རེད། ངས་རྩམ་པའི་ཐོག་ཚོང་ལས་བྱས་ནས་ལོ་མང་འབད་བརྩོན་བྱས་པ་རེད།  བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གླ་ཆ་རྩམ་པ་བཙོང་ནས་སྤྲོད་ཐུབ་པའི་གདེང་ཚོད་དེ་ང་ལ་ཡོད།

འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གིས་༢༠༡༦གི་སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་ལགས་སུ་སྲིད་སྐྱོང་ལང་དགོས་པའི་དམིགས་ཡུལ་གཙོ་བོ་དང་། གལ་སྲིད་འོས་ཐོབ་པ་ཡིན་ན་དམིགས་བསལ་གྱི་ལས་འཆར་གང་ཡོད་མེད། སྲིད་སྐྱོང་འོས་མི་ལང་མཁན་གཞན་ཚོ་དང་མི་འདྲ་བར་དམིགས་བསལ་གྱི་ཕྱག་ལས་གང་ཡོད་མེད་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་ཞིག་གཤམ་དུ་བཀོད་ཡོད་པས་གཟིགས་ཞིབ་ཡོད་པ་ཞུ།

༡། སྐུ་ཉིད་སྲིད་སྐྱོང་ལང་གི་ཡོད་པའི་སྐོར་ལ་འགྲེལ་བཤད་ཅིག་གནང་རོགས། ལན། ངའི་མིང་ལ་བཀྲ་ཤིས་སྟོབས་རྒྱལ་ཟེར་གྱི་ཡོད། ངའི་མི་ཚེའི་ཉམས་མྱོང་ལ་མི་ཚང་མ་གད་མོ་ཤོར་གྱི་ཡོད་པ་རེད། ང་བཀྲ་ཤིས་སྟོབས་རྒྱལ་སྐྱེས་པ་ནས་རང་ལོ་༡༦བར་ལུག་རྫི་བྱས་པ་རེད། དེ་རྗེས་དམག་མི་ནང་ལོ་༡༤འཛུལ་ཞུགས་བྱས་ཡིན། རྗེས་ལ་ཚོང་ལས་ལ་ཤུགས་སྣོན་རྒྱབ་ནས་སྐབས་རེ་མ་རྩ་རྡིབ་པ་དང་སྐབས་རེ་ཁེ་སང་ཐོབ་པ་བཅས་དཀའ་ངལ་རབ་དང་རིམ་པ་ཕྲད་མྱོང་ཡོད། འོན་ཀྱང་མ་འགྲིག་པ་དེ་ལ་གདོང་ལེན་བྱེད་དགོས་མཁན་གྱི་མི་ཞིག་ཡིན།

ད་ལྟའི་ཆར་རང་ལོ་ལྔ་བཅུར་སླེབས་ཡོད། བོད་སྤྱི་པའི་དོན་དུ་སེམས་ཚོར་ཆེན་པོས་ལས་ཀ་བྱེད་ཀྱི་ཡོད་ལ་བྱེད་དགོས་པ་མང་པོ་ཞིག་ངས་བཀའ་ཟུར་ཟམ་གདོན་རིན་པོ་ཆེ་དང་། སྲིད་སྐྱོང་བློ་བཟང་སེང་གེ  སྐུ་ངོ་རྒྱ་རི་སྒྲོལ་མ་བཅས་ལ་རིམ་བཞིན་བཅར་ཡོད་ལ་དངོས་ཡོད་དང་མཐུན་པའི་སྒོ་ནས་ཏག་ཏག་བཤད་ཡོད།  དེར་བརྟེན་བོད་མི་རིགས་ལ་ཡོད་དགོས་པའི་གནད་དོན་འདི་རེད་ཟེར་བ་ཞིག་བརྒྱ་ཆ་བརྒྱ་ངས་ཉམས་མྱོང་ཞིག་བསགས་ཡོད། དེར་བརྟེན་ང་བོད་པའི་སྤྱི་ཚོགས་ཤིག་གི་ནང་ལ་སྡོད་མཁན་གྱི་བོད་མི་ཞིག་ཡིན་པའི་ཆ་ནས་འགན་ཞིག་ཁུར། བསམ་བློ་བཏང་ནས་ངས་ད་རེས་༢༠༡༦གི་སྲིད་སྐྱོང་འོས་མིའི་གོ་སྐབས་འདི་ལེན་པ་ཡིན།

མ་གཞི་ང་རང་གི་མི་ཚེའི་ལོ་རྒྱུས་དང་ཉམས་མྱོང་ལ་ལྟ་སྐབས་ངས་སྲིད་སྐྱོང་ཐུབ་ཀྱི་རེད་བསམ་པའི་འཆར་སྣང་དེ་བསམ་ཡུལ་ལས་འདས་པ་ཞིག་རེད།  འོན་ཀྱང་ངས་བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་གནས་དགོས་པ་དེ་གལ་ཆེར་མཐོང་ནས་དེའི་ཐོག་ལས་འགུལ་སྤེལ་ཤུགས་རྒྱབ་ནས་ལོ་བཅུ་གྲངས་ལྷག་འགྲོ་སོང་། དེར་བརྟེན་ལོ་ངོ་དེ་དག་གི་བརྒྱུད་རིམ་ནང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང་། བློ་བཟང་སེང་གེ་སྲིད་སྐྱོང་མ་བྱས་པའི་སྔོན་དང་བྱས་ཚར་བའི་རྗེས་ལ་ཡང་བཅར་ནས་གླེང་མོལ་བྱས་ན་ཡང་ཡ་ལན་མ་བྱུང་། དེའི་སྐོར་གྱི་གནས་ཚུལ་ཞིབ་ཅིང་ཕྲ་བ་རླུང་འཕྲིན་ཁང་དང་། youtubeནང་གསལ་པོ་བཤད་ཡོད། དེར་བརྟེན་སྲིད་སྐྱོང་མ་ལང་ན་འགྲིག་ཐབས་མེད་པ་ཞིག་དང་། སྲིད་སྐྱོང་ཐོབ་པ་ཡིན་ན་ལས་དོན་གང་གི་ཐོག་ལ་འགྱུར་བ་གཏོང་རྒྱུ་ཡིན་ཡང་བྱེད་ཐུབ་ས་རེད་བསམ་པའི་ཚོར་སྣང་ཞིག་སླེབས་ནས་ངས་སྲིད་སྐྱོང་ལ་ལང་པ་ཡིན། ༢༠༡༦གི་སྲིད་སྐྱོང་འོས་མི་ལུག་རྫི་བ་ཞིག་ལང་ཡོད་པ་རེད་ཅེས་སྐད་གྲགས་ཆོད་ཡོད་རེད། ལུག་རྫི་དེ་མི་ཡིན་པ་གསལ་པོ་རེད། དེ་སྔོན་གསར་འགོད་གསལ་སྒྲགས་སྐབས་ཞུ་རྒྱུ་བྱུང་། སྐུ་ངོ་བློ་བཟང་སེང་གེའི་ལོ་རྒྱུས་འཛམ་གླིང་སློབ་གྲྭ་ཆེ་མོ་ནས་སློབ་ཐོན་བྱུང་བ་ཞིག་ཡིན་ཡང་མི་ཡིན་པས་གཅིག་པ་རེད།

འོན་ཀྱང་སྲིད་སྐྱོང་དང་བཀའ་བློན་རྣམ་པ་ཚོས་གྲུབ་འབྲས་ཐོན་དགོས་ཀྱི་འདུག གྲུབ་འབྲས་ཐོན་ཐུབ་ས་རེད། མ་ཐོན་ན་འགྲིག་གི་མི་འདུག་ཅེས་གཞན་ལ་རེ་བ་ཤ་སྟག་རྒྱབ་ནས་ཐུགས་རྗེས་གཟིགས་ཟེར་ནས་ལག་པ་མ་རྫོགས་བར་དུ་ཕྱག་རྒྱ་བྱས་པ་ཡིན་ཟེར་བ་ཙམ་ཞིག་རེད། དེར་བརྟེན་སྲིད་སྐྱོང་ཞིག་མ་ལང་པ་ཡིན་ན་ལེགས་གྲུབ་ཐུབ་པ་ཞིག་བྱེད་མཁན་མི་འདུག་ཟེར་ནས་ང་སྲིད་སྐྱོང་ལ་ལང་པ་ཡིན། ཡང་མི་མང་ཚོས་གཞིས་ཆགས་སྲ་བརྟན་གནས་ཐུབ་རྒྱུའི་འདོད་མོས་མེད།  རྒྱ་གར་ནང་སྡོད་རྒྱུའི་འདོད་མོས་མེད།  ཚང་མས་གོ་སྐབས་འཚོལ་ནས་ཕྱི་རྒྱལ་ལ་འགྲོ་བ་ཡིན་ན་ཉིན་ཞིག་ང་ཚོ་ཁ་སྐྱེངས་པོ་དང་འུ་ཐུག་ཐབས་ཟད་ཆགས་དེ་རྒྱ་གཞུང་གིས་སྐྱོན་བརྗོད་བྱེད་ས་༧གོང་ས་མཆོག་རེད།

༧སྐྱབས་མགོན་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་ལས་ཁུངས་ཁྲ་ཆིལ་ཆིལ་ཞིག་གི་ནང་ལས་བྱེད་མེད་པ་དང་བཙན་བྱོལ་བོད་མི་སྲ་བརྟན་མ་གནས་པར་ཉིན་ཞིག་རྒས་འཁོགས་མགོ་དཀར་པོ་བརྒྱ་ཕྲག་ཁ་ཤས་ལྷག་པ་ཡིན་ན་དེ་བདེན་པ་མ་རེད། དེ་རྒྱ་ནག་གཞུང་གིས་ཁ་གཡར་ས་ཡག་ཤོས་དེ་ཆགས་པ་རེད། ཏཱ་ལའི་བླ་མ་ཟེར་བ་དེ་ཡོད་མ་རེད་དེ་ང་ཚོས་སྔོན་མ་ནས་བཤད་པ་དེ་བདེན་པ་ཡིན། བོད་མི་ཁག་གཅིག་གིས་ངོས་ལན་བྱས་མེད་པ་རེད་ཟེར་དུས་ང་ཚོ་ལ་འགྱོད་པ་ཆེན་པོ་སྐྱེ་དགོས་པ་ཆགས་ཀྱི་རེད། དེའི་ཉིན་འཕྱི་དྲག་པ་རེད། 
དེར་བརྟེན་༧སྐྱབ་མགོན་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་གང་ཡིན་ཡང་ང་ཚོས་གྲུབ་འབྲས་སྟོན་ཐུབ་ཀྱི་རེད་སྟོན་དགོས་ཀྱི་རེད་ཟེར་བའི་དམིགས་ཡུལ་ཞིག་གི་ཐོག་ནས་ངས་སྲིད་སྐྱོང་འོས་མིར་ལང་པ་ཡིན།

༢། སྐུ་ཉིད་སྲིད་སྐྱོང་ལང་དགོས་པའི་དམིགས་ཡུལ་གཙོ་བོ་དེ་གང་ཡིན་ནམ། ལན། དམིགས་ཡུལ་གཙོ་བོ་དེ་གཞིས་ཆགས་སྲ་བརྟན་གནས་ཐུབ་པ་བྱེད་རྒྱུ་དེ་བརྒྱ་ཆ་བརྒྱ་ཡིན། གཞིས་ཆགས་སྲ་བརྟན་མ་གནས་བར་དུ་བོད་པའི་བདེན་མཐའ་སེལ་བ་དང་བོད་པའི་འཐབ་རྩོད་བྱེད་མི་ཐུབ་པ་དེ་གསལ་པོ་རེད། གཞིས་ཆགས་སྲ་བརྟན་གནས་ཐུབ་པའི་ཆེད་དུ་ངས་ལོ་བཅུ་གྲངས་ཤིག་གི་རིང་དཀའ་ལས་རྒྱབ་ནས་རྒྱ་མཚོ་ཆུ་ཐིགས་ལས་འགུལ་ཟེར་བ་ཞིག་འགོ་བརྩམས། དེའི་ཐོག་ངས་ནུས་པ་འདོན་སྤེལ་བྱས་ཡོད། གཞན་ང་རྫིག་པོ་བྱས་ཏེ་རྐུབ་སྟེགས་མཐོ་པོ་ཞིག་གི་ཐོག་བསྡད་ནས་སྐྱེ་དམན་དང་། བུ་ཕྲུག དགའ་ས་དང་ཉེ་ས་བཅས་ཀྱིས་ང་སྲིད་སྐྱོང་བྱས་བསྡད་པ་ཞིག་མཐོང་གི་རེད་ཅེས་སྲིད་སྐྱོང་ལང་པ་མིན།

༣། གལ་སྲིད་སྐུ་ཉིད་༢༠༡༦གི་སྲིད་སྐྱོང་འོས་མི་ཐོབ་པ་ཡིན་ན་དམིགས་བསལ་གལ་གནད་ཆེ་བའི་ཕྱག་ལས་གང་དང་གང་གནང་རྒྱུ་ཡིན་ནམ། ལན། གོང་དུ་ཞུས་པ་ནང་བཞིན་གཞིས་ཆགས་སྲ་བརྟན་གནས་ཐུབ་པ་བྱེད་རྒྱུ་དེ་གལ་ཆེན་དོན་ཆེན་དུ་བརྩིས་ནས་དེ་ལ་ངས་ལོ་ངོ་བཅུ་གྲངས་རིང་ཉམས་མྱོང་བསགས་པ་དེ་དམིག་བསལ་གྱི་འབུར་དུ་ཐོན་པའི་གྲུབ་འབྲས་ཐོབ་ཐུབ་པ་བྱེད་རྒྱུ་དེ་ཡིན། དེ་དང་ཆབས་གཅིག་ཤེས་ཡོན་ཐད་སྔར་དང་མི་དྲ་བར་ཡར་རྒྱས་ཤུགས་ཆེན་གཏོང་ཐུབ་པའི་གདེང་ཚོད་ཡོད། དེ་ཡར་རྒྱས་གཏོང་རྒྱུར་ང་ལ་མཚོན་ན་དཀའ་ངལ་རྩ་བ་ནས་མེད། དེ་གང་རེད་བརྗོད་ན། ང་ཚོའི་མི་རིགས་ལ་རིག་པ་མེད་པ་དང་། སྦྱང་བརྩོན་མེད་པ་སྦྱང་མི་ཐུབ་མཁན་རྩ་བ་ནས་མ་རེད། དེ་བཞིན་དགེ་ལས་ཚོ་ལ་དྲང་བདེན་གྱི་ནུས་པའམ་ལྷག་བསམ་ཤུགས་ཆེན་འདུག འོན་ཀྱང་ང་ཚོའི་དཀའ་ངལ་ཡོད་པ་དེ་སྒྲིག་གཞིའི་མ་ལག་དེ་རེད།  དཔེར་ན་CSTཡིན་ན་དགེ་རྒན་ཕྱེད་ཀ་རྒྱ་གར་དང་ཕྱེད་ཀ་བོད་པ་བྱས་ནས་མི་ལོ་མང་པོའི་རིང་རྙོག་གླེང་འཁྲོད་ནས་སློབ་མ་མང་པོ་སློབ་ཐོན་བྱེད་ཐུབ་པ་བྱུང་ཡོད་རེད།

བོད་ཕྲུག་ཁྱིམ་སྡེ་ལ་ཆ་བཞག་ན་དགེ་རྒན་དེ་དག་ལ་སེམས་ཤུགས་དང་ལྷག་བསམ་མེད་པ་མ་རེད། དཀའ་ངལ་ཆེ་ཤོས་དེ་དགེ་རྒན་ལ་ཆེ་མཐོང་མེད་པ་རེད། འཛིན་སྐྱོང་གི་སྒྲིག་གཞི་དང་ལས་དོན་ཡག་པོ་དང་ཚགས་ཚུད་པོ་ཡོད་རེད། འོན་ཀྱང་རེ་ཟུང་ཞིག་གིས་ཕྱི་རྒྱལ་ཡར་ཐོན་གྱི་མིག་ལྟ་ཡིན་མདོག་གིས་དགེ་རྒན་གྱིས་སློབ་མ་ཉེས་མི་ཆོག་པ་དང་། སློབ་ཕྲུག་གིས་ཁ་ལ་མི་ཉན་པ་དང་མ་སྦྱང་ན་ཡང་འགྲིག་བསྡད་པ་ཞིག་རེད། དགེ་རྒན་གྱིས་ལྷག་བསམ་དང་། སེམས་ཤུགས། དྲང་བདེན་གྱི་ཚོར་སྣང་ཞིག་གི་ཐོག་ནས་སློབ་ཕྲུག་ལ་ཉེས་རྡུང་བཏང་བ་ཡིན་ན་གླ་ཆ་ཕྱེད་བཅགས་བྱེད་ཀྱི་ཡོད་དུས་དགེ་རྒན་ཚོ་སེམས་ཤུགས་ཆགས་ཀྱི་ཡོད་རེད། དེར་བརྟེན་སློབ་ཕྲུག་སྦྱང་མཁན་ཞིག་གིས་སྦྱོང་བ་མ་གཏོགས་མི་སྦྱོང་མཁན་ཞིག་གིས་འཛིན་ཁང་ནང་སློབ་ཚན་ཉན་པ་མ་གཏོགས་ནན་ཏན་བྱས་ནས་སློབ་སྦྱོང་བྱེད་རྒྱུའི་ནུས་པ་དེ་མེད་པ་རེད། ང་ཚོའི་དགེ་རྒན་ཚོ་ལ་ཤེས་ཡོན་སློབ་ཁྲིད་བྱེད་རྒྱུའི་དཀའ་ངལ་མེད་པ་མ་རེད། ལྷག་བསམ་དང་། དྲང་བདེན། སེམས་ཤུགས་ཡག་པོ་འདུག་ལ་ང་ཚོའི་མི་རིགས་ལ་ཆ་མཚོན་ན་ཡང་སློབ་སྦྱོང་བྱེད་རྒྱུའི་འདོད་པ་དང་། བྱེད་ཐུབ་མཁན་གྱི་མི་རིགས་ཤིག་རེད་འདུག

ང་ཚོས་དགེ་རྒན་ལ་ཆེ་མཐོང་སྤྲོད་དགོས་པ་རེད། དགེ་རྒན་ཟེར་བ་དེ་ལས་སླ་པོ་རྩ་བ་ནས་མ་རེད། རྒྱ་གར་གྱི་སྲིད་འཛིན་མུ་དྷི་Modiཟེར་བ་ལྟར་མི་ཚེ་དེ་ཕ་མས་སྤྲད་སོང་ཡང་མི་ཚེ་བཟོ་མཁན་དགེ་རྒན་ཡིན་ཟེར་ཡོད་པ་རེད། གང་ལྟར་དགེ་རྒན་ལ་ཆེ་མཐོང་སྤྲད་ནས་གླ་ཆ་ཐོལ་པ་སྤྲད་དགོས་པ་དེ་གལ་ཆེན་པོ་རེད། དེའི་འབད་བརྩོན་དེ་འཛིན་སྐྱོང་ངོས་ནས་ཐུབ་ན་ཐུབ་པ་རེད། མ་ཐུབ་ན་ངས་སྔོན་མ་རྒྱ་མཚོ་ཆུ་ཐིགས་ཀྱི་ལས་འགུལ་སྤེལ་བའི་དམིགས་ཡུལ་དེ་སློབ་ཕྲུག་གིས་ཚོར་སྣང་དེ་དག་སློབ་སྦྱོང་རང་ལ་དམིགས་ནས་དགེ་རྒན་དང་སློབ་མ་ལ་མཐུན་རྐྱེན་གསར་པ་སྦྱར་ཐུབ་པ་བྱེད་རྒྱུ་དེ་རེད། དེའི་མ་དངུལ་དེ་རྒྱ་མཚོ་ཆུ་ཐིགས་ཀྱི་ཐོག་ནས་བསགས་ཐུབ་པ་དང་སྤྲད་ཐུབ་ཀྱི་ཡོད།

དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་ཐད་ཞུས་ན། ཚོང་ལས་ལ་ཁ་ཕྱོགས་དགོས་པ་དེ་རེད། དཔེར་ན་ཚོང་ལས་ལ་ཆ་བཞག་ན་ངས་ཚོང་ལས་སྣ་ཁ་བཞི་ལ་ཁག་བགོས་བྱས་ཡོད། དང་པོ། ཆབ་སྲིད་དང་འབྲེལ་བའི་ཚོང་ལས། ཤེས་ཡོན་དང་འབྲེལ་བའི་ཚོང་ལས།  མི་འབོར་དང་འབྲེལ་བའི་ཚོང་ལས།  སྒེར་གཉེར་དང་འབྲེལ་བའི་ཚོང་ལས།  ཆོས་ལུགས་དང་འབྲེལ་བའི་ཚོང་ལས། དེའི་ནང་ནས་མི་འབོར་དང་འབྲེལ་བའི་ཚོང་ལས་དེ་གནད་འགག་ཅིག་རེད། དཔེར་ན་ཚོང་རྒྱག་སྟངས་ལ་ཆ་བཞག་ན་ཞོག་ཁོག་སྲེག་མ་ཅིག་ལ་ཁེ་སང་ཧིན་སྒོར་གཅིག་ཡོད་རེད།  གྲོང་པ་ཞིག་གི་ནང་ལ་མི་༡༡ཡོད་ན་མི་རྒན་པ་བཅུ་དང་ཕྲུ་གུ་གཅིག་ཡོད་པར་ཆ་བཞག་ན་རྒན་པ་༡༡དེས་ཞོག་ཁོག་སྲེག་མ་ཟ་ཡི་ཡོད་མ་རེད། ཕྲུ་གུ་དེས་ཉིན་མ་གཅིག་ལ་ཞོག་ཁོག་སྲེག་མ་གཅིག་ཟས་ན་ལོ་གཅིག་ལ་ཧིན་སྒོར་༣༦༠དང་གཉིས་ཟས་ན་༧༠༠ལྷག་རེད།

ཕྲུ་གུ་དེས་ཉི་མ་གཅིག་ལ་ཞོག་ཁོག་སྲེག་མ་གསུམ་བཟའ་ཡི་ཡོད་མ་རེད། གཉིས་ཡང་བཟའ་ཡི་ཡོད་མ་རེད། གཅིག་ཡང་བཟའ་ཡི་ཡོད་མ་རེད། འོན་ཀྱང་ཕྲུ་གུ་དེས་ཞོག་ཁོག་སྲེག་མ་ལོ་གཅིག་ལ་༡༡བཟས་ཡོད་པ་རེད། འོན་ཀྱང་རྒྱ་གར་ནང་མི་འབོར་ས་ཡ་༡༢༥ཡིན་དུས་མི་རེ་ལ་སྒོར་མོ་རེ་བརྩིས་ནས་ཚོང་རྒྱབ་ཐུབ་པ་ཡིན་ན་ས་ཡ་༡༢༥བཟོས་ཚར་བ་རེད། དེའི་མིང་ལ་མི་འབོར་དང་འབྲེལ་བའི་ཚོང་ལས་ཟེར་གྱི་ཡོད་པ་རེད། གཞན་ཡང་རྩམ་པ་དེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁ་ཟས་ཤིག་རེད། ངས་རྩམ་པའི་ཐོག་ཚོང་རྒྱབ་ནས་ལོ་མང་འབད་བརྩོན་བྱས་པ་ཡིན།   བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གླ་ཆ་རྩམ་པ་བཙོང་ནས་སྤྲོད་ཐུབ་པའི་གདེང་ཚོད་དེ་ང་ལ་ཡོད།  དེ་དག་ལ་ངས་ཡར་རྒྱས་ཤུགས་ཆེན་གཏོང་ཐུབ་ས་རེད་ཞུ་རྒྱུ་ཡིན།

༤། སྐུ་ཉིད་ལ་སྲིད་སྐྱོང་འོས་མི་ལང་མཁན་གཞན་ཚོ་དང་མི་འདྲ་བའི་ལས་འཆར་གང་དང་གང་ཡོད་དམ། ལན། ཀླུ་མཁར་བྱམས་ལ་ཆ་བཞག་ན་རང་བཙན་གྱི་ལང་ཕྱོགས་བཟུང་ཡོད་རེད། གཞན་སྲིད་སྐྱོང་བློ་བཟང་སེང་གེ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། བཀྲ་ཤིས་དབང་འདུས་གསུམ་གྱི་ལང་ཕྱོགས་གཅིག་མཚུངས་ཤིག་མངོན་གྱི་འདུག བོད་རྒྱ་གཞི་མོལ་ཡོང་བ་ལ་འཛམ་བུ་གླིང་ནང་ཡོད་པའི་ཕྱིའི་རྒྱལ་ཁབ་ཁག་ལ་རེ་བ་ཞུ་ཡི་ཡོད་པ་དེ་རེད། ངས་དེ་འདྲ་བཤད་ཀྱི་མེད་ང་རང་ཚོའི་ནུས་པའི་ཐོག་ནས་རྒྱ་གཞུང་གིས་ང་ཚོ་ལ་ཚུར་སྐད་ཆ་བཤད་དགོས་པའི་གོ་སྐབས་བཟོ་ཡི་རེད་མ་གཏོགས་ང་ཚོས་ཕར་རེ་བ་རྒྱབ་དགོས་པའི་གནད་དོན་མ་རེད། ང་ཚོས་གྱོང་ཆེན་པོ་འདི་འཁུར་ནས་ཉན་གྱི་ཡོད་པའི་རེ་བ་མ་བྱས་པར་དེ་ལ་དཔག་པར་ང་རང་ཚོས་འགན་འཁུར་བའི་ཐོག་ནས་ལས་ཀ་བྱས་དགོས་རེད་མ་གཏོགས་སྐུ་མཁྱེན་ལབ་ལོ་སའི་གཞུང་ཞིག་མ་རེད།

༥། གོང་གི་དྲི་བ་དང་མ་འབྲེལ་བར་གལ་གནད་ཆེ་བའི་དགོངས་འཆར་གང་གསུང་རྒྱུ་ཡོད་དམ།  ལན། ད་ལྟའི་འཆར་ང་ཚོ་ཡག་པོ་ཆགས་ཡོད་ན་ཡང་ང་རང་ཚོས་ཧ་གོ་ཡི་མི་འདུག  དཔེར་ན་ང་ཚོ་ལ་ཤེས་ཡོན་དང་དཔལ་འབྱོར། བསམ་བློ་བཅས་ཡར་རྒྱས་ཆེན་པོ་འགྲོ་འདུག རྒྱ་ནག་གཞུང་ལ་ཆ་བཞག་ན་དཔལ་འབྱོར་ཡར་རྒྱས་འགྲོ་ཡོད་ཟེར་གྱི་ཡོད་པ་རེད། དེ་ནི་གྲོང་པ་ཁྱིམ་མཚེས་ཤིག་ལ་ཆ་བཞག་ན་ཡང་སྐབས་རེ་ཁྱིམ་ཚང་གི་དཔལ་འབྱོར་ཡར་འཕར། སྐབས་རེ་མར་ཆགས་ཀྱི་ཡོད་པ་རེད། ང་ཚོས་བདེན་པ་དེ་ཁས་ལེན་དགོས་རེད། ཁས་བླངས་ཕྱིན་ཆད་བོད་སྤྱིའི་དོན་དུ་ཧུར་ཐག་འགན་འཁུར་དགོས་པ་རེད་མ་གཏོགས་སྒང་ལ་བསྡད་མཁན་དེ་མཁས་པ་དང་རབ་འབྱམས་པ་ཞིག་མ་ཡིན་པ་གཙོ་བོ་མི་ཡག་པོ་ཞིག་དགོས་ཀྱི་ཡོད་པ་དེ་གསལ་པོ་རེད།

མཁས་པ་དང་། རབ་འབྱམས་པ་རེད་ཟེར་བ་དེ་ཚད་གཞི་ཞིག་རེད་མ་གཏོགས་ནང་གི་བསམ་བློ་དེ་མི་སོ་སོ་ཁ་ཁ་རེད། སྤྱི་ཚོགས་ཀྱི་ལྟ་སྟངས་ལ་ཆ་བཞག་ན་ཧ་ལམ་མིན་ཡང་མཐོ་སློབ་ཐོན་པའམ་ཡང་ན། མཁས་པ་རབ་འབྱམས་པ་ཞིག་དགོས་ཀྱི་ཡོད་ཟེར་གྱི་ཡོད་པ་དེ་འདྲ་མ་རེད། ང་ཚོ་ལ་རྒྱལ་རབ་ལོ་རྒྱུས་ཤོད་མཁན་མི་དགོས་པར་རྒྱལ་རབ་ལོ་རྒྱུས་རྩོམ་མཁན་དགོས་ཀྱི་ཡོད་པ་རེད། དེ་ང་རང་གིས་གཙོས་པས་ཚང་མ་མཉམ་རུབ་ཐོག་རྒྱལ་རབ་ལོ་རྒྱུས་རྩོམ་དགོས་པ་རེད་རྩོམ་ཐུབ་པའི་ནུས་པ་འདུག་དེར་བརྟེན་ཚང་མས་གོམ་པ་མཉམ་སྤོས་བྱེད་རོགས་གནང་ཞུ་རྒྱུ་ཡིན།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།