བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

གྲཊ་ཅན་གྱི་བརྒྱུད་ལམ་ཐོག་བོད་དོན་ཁྱབ་སྤེལ་བྱེད་དགོས་པ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༩།༢༡ཉིན་སྤེལ། འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གིས་རྒྱ་གར་གྱི་བུད་མེད་གསར་འགོད་པ་རིདྷི་ཁ་Reetikaལ་གསར་འགོད་པ་བྱས་པའི་རིང་གི་མྱོང་ཚོར་དང་བོད་པའི་གནད་དོན་དེ་འཛམ་གླིང་གྲགས་ཅན་གྱི་བརྒྱུད་ལམ་ཁག་ནང་མ་འཁོད་པའི་རྒྱུ་མཚན་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་ཞིག་གཤམ་དུ་བཀོད་ཡོད་པས་གཟིགས་ཞིབ་ཡོད་པ་ཞུ།

༡། ཐོག་མར་ཁྱེད་རང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས། ལན། ངའི་མིང་ལ་རི་དྷི་ཁ་Reetikaཟེར་གྱི་ཡོད། སྐྱེ་ས་མམ་བྷེ་Mumbaiནས་ཡིན་ལ་གསར་འགོད་རིག་པ་དང་། རྒྱ་གར་གྱི་རིག་གཞུང་བཅས་ཀྱི་སྐོར་ལ་སྦྱང་བརྩོན་བྱས་རྗེས་རབ་འབྱམས་པ་ཡང་ས་ཆ་དེ་གའི་མཐོ་སློབ་ནས་ཐོན་མ་ཐག་ཡིན། ངས་ལོ་ཁ་ཤས་ཀྱི་རིང་ལ་བརྒྱུད་ལམ་ཐོག་ལས་ཀ་བྱས་པ་ཡིན། རབ་འབྱམས་པ་མ་ཐོན་སྔོན་ལ་ཚགས་ཤོག་གཉིས་ཀྱི་ཐོག་ལ་ལས་ཀ་བྱས་པ་ཡིན། དེ་རྒྱ་གར་གྱི་དུས་བབ་དང་། གསར་འགོད་རང་དབང་དུས་དེབ་ཐོག་ལ་རེད། རྒྱ་གར་དུས་བབ་ཚགས་ཤོག་ཐོག་ཚོགས་པ་ཁག་མི་འདྲ་བ་མང་པོའི་གསར་འགྱུར་འགོད་ཀྱི་ཡོད་པ་རེད། གཞན་གསར་འགོད་རང་དབང་དུས་དེབ་ཐོག་ལས་ཀ་བྱས་པ་ཡིན། དྲ་ལམ་དེའི་ཐོག་ཟིན་བྲིས་སྤེལ་བ་དང་རྩོམ་ཡིག་འབྲི་བ་བཅས་ལོ་ཁ་ཤས་རིང་ལས་ཀ་བྱས་པ་ཡིན།

༢། ཁྱེད་རང་རྒྱུ་མཚན་གང་ལ་བརྟེན་ནས་གསར་འགོད་པ་བྱེད་འདོད་བྱུང་། ལན། ལས་ཀ་གཞན་གསར་འགོད་པས་བཅར་འདྲི་བྱེད་བཞིན་པའི་རྣམ་པ།པ་བྱེད་རྒྱུར་ང་རང་ལ་འདོད་མོས་མེད། གང་ཡིན་ཟེར་ན། ང་རང་རྩོམ་ཡིག་འབྲི་རྒྱུར་ཧ་ཅང་དགའ་པོ་ཡོད། ང་རང་ལ་ཆ་བཞག་ན་སྐད་ཆ་བཤད་པ་ལས་ཡི་གེ་འབྲི་རྒྱུ་ལས་སླ་བ་འདུག གསར་འགྱུར་ཐོག་ལས་ཀ་བྱས་ན་ང་རང་ལ་སྤྲོ་སྣང་ཆེན་པོ་ཡོད་པ་མ་ཟད། སྤྱི་ཚོགས་ནང་ནས་མི་འདྲ་མིན་སྣ་ཚོགས་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་ཡང་ཡོང་གི་འདུག་ལ་ཁོང་ཚོའི་དངོས་ཡོད་མི་ཚེའི་ལོ་རྒྱུས་ཀྱི་མྱོང་བ་ཧ་གོ་ཐུབ་ཀྱི་འདུག དེར་བརྟེན་ང་རང་གསར་འགོད་པའི་ལས་ཀ་བྱེད་རྒྱུའི་འདོད་པ་བྱུང་།

༣། ཁྱེད་རང་གསར་འགོད་པ་བྱེད་སྐབས་དཀའ་ངལ་ཆེ་ཤོས་དེ་གང་འཕྲད་བྱུང་ངམ། ལན། རེད། གཙོ་བོ་དེ་རྒྱ་གར་ནང་བུད་མེད་གསར་འགོད་པ་བྱེད་རྒྱུར་དཀའ་ལས་ཁག་པོ་འདུག གང་ཡིན་ཟེར་ན་དེ་སྔོན་རྒྱ་གར་ཉིན་རེའི་གསར་ཤོག་ཐོག་ལས་ཀ་བྱེད་རྒྱུའི་གོ་སྐབས་ཤིག་ཐོབ་བྱུང་། སྐབས་དེར་གནས་ཚུལ་ག་དུས་བྱུང་ན་ཡང་དེ་རུ་གསར་འགྱུར་ལེན་དུ་འགྲོ་དགོས་ཀྱི་ཡོད་པ་རེད། དེ་ལ་འཆར་ཅན་གྱི་དུས་ཚོད་མེད་པར་བརྟེན་ཉིན་ཚན་ག་དུས་གནས་ཚུལ་ཞིག་བྱུང་ན་ཡང་དེ་ལ་འགྲོ་དགོས་ཀྱི་ཡོད་པ་དེ་ང་ལ་མཚོན་ན་དཀའ་ངལ་ཞིག་རེད་འདུག གཞན་ཡང་ཚོགས་པ་ཁག་དང་གསར་འགྱུར་ལས་ཁུངས་གཉིས་མཉམ་ལས་བྱེད་སྐབས་ཆབ་སྲིད་ཀྱི་དཀའ་ངལ་ཤུགས་ཆེན་པོ་འཕྲད་ཀྱི་ཡོད་པ་རེད། དཔེར་ན་ཚགས་ཤོག་ལས་ཁུངས་ཤིག་དང་ཚོགས་པ་ཞིག་དབར་མཉམ་འབྲེལ་བྱེད་སྐབས་ཚོགས་པ་དེར་ཆབ་སྲིད་ཀྱི་དཀའ་ངལ་བྱུང་ཚེ་བརྒྱུད་ལམ་དེའི་ཚགས་ཤོག་ནང་འགོད་མི་ཆོག་པའི་གནས་ཚུལ་ཡོད་པ་དེ་དཀའ་ངལ་ཞིག་རེད་འདུག

༤། ཁྱེད་རང་གསར་འགོད་པ་བྱས་པའི་རིང་མྱོང་ཚོར་ཆེ་ཤོས་ཀྱི་གནས་ཚུལ་གང་གི་སྐོར་ལ་འབྲི་བའི་གོ་སྐབས་ཐོབ་མྱོང་ཡོད་དམ།  ལན། ངའི་བསམ་པར་གསར་འགོད་པའི་ལས་ཀ་དེ་ཡག་པོ་འདུག ངས་གསར་འགོད་པ་བྱས་པའི་རིང་གནད་ཡོད་ཀྱི་མི་སྣ་མང་པོའི་མི་ཚེའི་ལོ་རྒྱུས་འབྲི་རྒྱུ་བྱུང་ལ་དེ་དག་ལེགས་སྐྱེས་ཤིག་ཡིན་དྲན་གྱི་ཡོད། མམ་བྷེ་ནང་སྡོད་པའི་རིང་ངས་རྒྱ་གར་གྱི་མི་རིགས་དབྱེ་འབྱེད་ཀྱི་སྐོར་གྱི་དཔེ་དེབ་ཅིག་བྲིས་པ་ཡིན།  དང་པོ་དེ་རིགས་བརྒྱུད་དམའ་བོ་marginalized communitiesདང་།  རྒྱ་གར་ནང་སྡོད་ཁྱིམ་མེད་པའི་དབུལ་པོའི་རིགས་ཤིག slum rehabilitation  དེ་བཞིན་ཁ་ཆའི་བུད་མེད་Muslim women བཅས་ཀྱི་སྐོར་ལ་རྩོམ་ཡིག་ཅིག་བྲིས་པ་ཡིན།

གཞན་ཡང་ཐེངས་ཤིག་མམ་བྷེ་ལ་འབར་གས་ཤིག་ཐོར་བ་དང་དེའི་སྐོར་ལ་གསར་འགྱུར་ཞིག་འབྲི་རྒྱུ་བྱུང་སོང་། ང་རང་ལ་མཚོན་ན་སྐབས་དེར་དཀའ་ལས་ཁག་པོ་བྱུང་། རྒྱུ་མཚན་གང་རེད་ཞེ་ན་སྐབས་དེར་ངས་སྨན་ཁང་ནང་ཕྱིན་ནས་འབར་གས་ཀྱི་དོན་རྐྱེན་འོག་རྐྱེན་འདས་འགྲོ་མཁན་གྱི་ནང་མིར་བཅར་འདྲི་བྱེད་སྐབས་སེམས་སྡུག་གི་ཚོར་སྣང་དྲག་པོས་ལན་འདེབས་གནང་བྱུང་། གལ་སྲིད་ངའི་ནང་མི་ཞིག་དོན་རྐྱེན་དེའི་འོག་རྐྱེན་འདས་སུ་ཕྱིན་ཡོད་ན་གསར་འགོད་པར་ལན་འདེབས་བྱེད་རྒྱུར་དང་ལེན་ཞུ་ཐུབ་པ་ཧ་ཅང་གི་དཀའ་ལས་ཁག་པོ་རེད། འོན་ཀྱང་ང་ལ་ལས་འགན་ཞིག་ཡོད་པས་ལས་ཀ་དེ་མ་བྱས་ཐབས་མེད་ཡིན་པ་རེད། ངས་གསར་འགོད་པ་བྱས་པའི་རིང་མྱོང་ཚོར་ཆེ་ཤོས་ཀྱི་གསར་འགྱུར་དེ་ཚོའི་སྐོར་ལ་འབྲི་རྒྱུའི་གོ་སྐབས་བྱུང་སོང་།

༥། ཁྱེད་རང་གིས་བོད་པའི་བརྒྱུད་ལམ་ཁག་ནང་དང་བླངས་བྱས་སྟེ་བོད་ཀྱི་གནད་དོན་སྐོར་ལ་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་གང་རེད་དམ། ལན། ལོ་ཁ་ཤས་སྔོན་ང་ལ་མམ་བྷ་ནས་བོད་པའི་སྐྱབས་བཅོལ་བ་ཁ་ཤས་ཐུག་སོང་། ཁོང་ཚོ་དགུན་ལྟར་སྦ་ལན་ཚོང་བར་ཡོང་གི་ཡོད་རེད། ཁོང་ཚོས་ལམ་ཟུར་དུ་སྦ་ལན་དང་དགུན་ཁའི་གྱོན་གོས་བཙོང་གི་འདུག དྷ་སར་གཞུང་ལམ་གཡས་གཡོན་དུ་ཁྲོམ་བཏིང་ནས་ཚོང་རྒྱབ་པ་དེ་རྒྱུན་ཏན་ཡིན་ཡང་། མམ་བྷའི་ནང་ཆ་བཞག་ན་ལམ་ཟུར་དུ་ཁྲོམ་བཏིང་ནས་ཚོང་རྒྱབ་པ་དེ་དཔེ་གསར་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ཁོང་ཚོའི་སྐོར་ལ་ངས་གསར་འགྱུར་ཞིག་བྲིས་པ་ཡིན་ལ་མཉམ་དུ་གླེང་མོལ་ཡང་མང་པོ་བྱས་རྗེས་ཁོང་ཚོས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། གྲོགས་པོ་ཚོགས་པ་གཉིས་ངོ་སྤྲོད་གནང་བ་བརྒྱུད་ངས་བོད་ཀྱི་ལོ་རྒྱུས་སྐོར་ལ་ཅུང་ཙམ་གོ་རྟོགས་བྱུང་སོང་ལ་བོད་ཀྱི་གནད་དོན་སྐོར་ལ་རང་ངོས་ནས་དཔེ་དེབ་བལྟ་ཀློག་བྱས་ནས་རྒྱུས་མངའ་དང་དོ་སྣང་སླེབས་སོང་།

༦། ཁྱེད་རང་བོད་པའི་བརྒྱུད་ལམ་ཁག་ནང་དང་བླངས་བྱས་པ་བརྒྱུད། གལ་གནས་ཆེ་ཤོས་ཀྱི་གནས ཚུལ་གང་མཐོང་སོང་ངམ། ལན། ད་ལྟའི་ཆར་བོད་པ་ལ་ཆ་མཚོན་ན་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་གནས་སྡོད་བྱེད་ཀྱི་ཡོད་པར་བརྟེན་ཐུན་མོང་གི་གཅིག་འགྱུར་ཡོང་རྒྱུ་དཀའ་ལས་ཁག་པོ་རེད། བོད་གཞིས་བྱེས་གཉིས་དབར་འབྲེལ་བ་བྱེད་སྐབས་རྒྱ་ནག་གཞུང་གི་དོ་དམ་བྱེད་ཀྱི་ཡོད་པས་དེ་ཡང་བོད་པའི་དཀའ་ངལ་ཞིག་རེད། དེར་བརྟེན་ཕ་མ་སྤུན་མཆེད་ཁ་ཐོར་འགྲོ་ཡི་ཡོད་པ་དེར་ང་རང་ཧང་སང་སོང་། དྷ་སར་གསར་འགོད་པ་དང་བླང་བྱེད་པའི་རིང་བོད་རིགས་གྲོགས་པོ་འདྲ་མིན་དང་ཁ་བརྡ་བྱེད་སྐབས་ཁོང་ཚོའི་ད་ལྟའི་གནས་སྟངས་སོགས་ངོ་སྤྲོད་བྱེད་སྐབས་ང་རང་ཧོན་ཐོར་སོང་། དཔེར་ན། ཉིན་ཞིག་ང་ཇ་ཁང་ཞིག་ནང་ཕྱིན་ནས་གྲོགས་པོ་ཞིག་དང་མཉམ་དུ་གླེང་མོལ་བྱེད་རྒྱུ་བྱུང་། ཁོང་གིས་བརྗོད་དོན། ཕ་ཡུལ་དུ་ཕྱིར་ལོག་བྱེད་རྒྱུ་མ་བྱུང་བར་ད་བར་ལོ་ངོ་༡༤ལྷག་འགྲོ་སོང་། གཞན་ཡང་དེ་འདྲ་བའི་གླེང་མོལ་བྱེད་རྒྱུའི་གོ་སྐབས་མང་པོ་བྱུང་སོང་བས་དེས་ང་རང་ལ་ཧོན་ཐོར་བཅུག་སོང་། ད་དུང་ཆབ་སྲིད་བཙོན་པ་དང་། རང་ལུས་མེར་བསྲེགས་གནང་མཁན་ལ་སོགས་ཡོད་པ་དེ་དག་གི་སྐོར་ལ་གསར་འགྱུར་འབྲི་རྒྱུའི་གོ་སྐབས་བྱུང་བས་དེ་བས་ཀྱང་ང་རང་ཧང་སང་བཅུག་སོང་།

༧། ཁྱེད་རང་གི་བསམ་པར་འཛམ་གླིང་གི་གསར་འགྱུར་ཆེ་ཁག་ནང་བོད་པའི་གནད་དོན་མ་འཁོད་པའི་རྒྱུ་མཚན་གང་རེད་དམ། ལན། དེ་བདེན་པ་རེད། དེར་བརྟེན་ང་འདི་ལ་ཡོང་བ་ཡིན་ལ་གནད་དོན་དེ་དག་གོང་ཞུས་གསར་འགྱུར་དེ་ཚོའི་ནང་འཁོད་འདོན་བྱེད་རྒྱུར་འདི་ལ་ཡོང་བ་ཡིན། རྒྱུ་མཚན་གཞན་ཞིག་བརྗོད་ན་གལ་སྲིད་རང་ལུས་མེར་བསྲེགས་གི་དོན་རྐྱེན་ཞིག་བྱུང་ནས་གསར་འགྱུར་ཞིག་བྲིས་པ་ཡིན་ན་རྒྱ་ནག་གཞུང་ཡག་པོ་མེད་པའི་རྣམ་པ་སྟོན་དགོས་ཀྱི་ཡོད་རེད། དེར་བརྟེན་ད་ལྟའི་ཆར་རྒྱ་ནག་གཞུང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་དེ་ཡིན་པས་མང་པོ་ཞིག་གི་སེམས་ནང་རྒྱ་ནག་གཞུང་ཡག་པོ་མེད་པ་བརྗོད་འདོད་མེད་པ་རེད། གཞན་ཡང་དེང་སང་འཛམ་གླིང་གི་ས་ཆ་གང་སར་ཕྱིན་ན་བོད་པ་ཡོད་རེད།

དེར་བརྟེན་བརྒྱུད་ལམ་ཆེ་ཁག་གིས་གནས་ཚུལ་ལེན་སྐབས་མི་ཚོགས་ཆེ་ས་དང་འདུ་འཛོམས་ཆེ་ས་ཁག་ག་ནས་བྱུང་ན་ཡང་དེ་ནས་གསར་འགྱུར་ལེན་གྱི་ཡོད་པ་རེད། དཔེར་ན་ཉེ་ཆར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་ཁང་ནང་ནས་སྐུ་གྲོངས་ཡོད་པའི་གནས་ཚུལ་དེ་བྱུང་དུས་མམ་བྷའི་ནང་ལ་བོད་པ་ཚོས་ཞི་རྒོལ་བྱས་ཡོད་ན་བོད་པ་ཉུང་ཉུང་ཡིན་པའི་རྐྱེན་གྱིས་བརྒྱུད་ལམ་ཁག་ནས་དེ་ལ་དོ་སྣང་བྱེད་ཀྱི་མེད་པ་རེད། འོན་ཀྱང་དྷ་རམ་ས་ལ་ཆ་བཞག་ན་ཞི་རྒོལ་བྱེད་མཁན་མི་ཚོགས་མང་པོ་ཡོད་པས་དེ་ལ་བརྒྱུད་ལམ་ཁག་ནས་དོ་སྣང་སྤྲད་ཀྱི་ཡོད་པ་རེད།

བྱས་ན་ང་ཚོས་ཐབས་ཤེས་གང་བྱེད་དགོས་ཀྱི་ཡོད་པ་རེད་དམ།  ཐོག་མར་ང་ཚོས་བོད་དོན་སྐོར་གྱི་གནད་ཚུལ་འབྲི་རྒྱུ་འགོ་འཛུགས་བྱེད་དགོས་པ་རེད།  ཆ་འཕྲིན་གྱི་དུས་རབས་འདིར་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཧ་ཅང་མང་པོ་ཡོད་པས་བོད་དོན་རྒྱ་ཁྱབ་གཏོང་རྒྱུ་ཧ་ཅང་གིས་གནད་འགག་རེད། དཔེར་ན་བོད་རང་བཙན་སློབ་ཕྲུག་ཚོགས་པར་ཆ་མཚོན་ན་ངོ་དེབ་ནང་ཉིན་རེར་ཆུ་ཚོད་གཉིས་རེའི་ནང་བོད་པའི་སྤྱི་ཚོགས་ཀྱི་གནས་ཚུལ་གསར་པ་གང་ཡོད་པ་རྣམས་ངོ་དེབ་སྟེང་བཀོད་ཀྱི་འདུག འཛམ་གླིང་གསར་འགྱུར་ཆེ་ཁག་ནང་བོད་པའི་གནད་དོན་འཁོད་མེད་ན་ཡང་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་ཁྱབ་བསྒྲགས་བྱེད་ཐུབ་ཡོད་པ་རེད། དེ་ལྟ་བུ་བོད་དོན་ཁྱབ་བསྒྲགས་བྱེད་རྒྱུའི་ཐབས་ལམ་ཡག་ཤོས་ཤིག་མཐོང་གི་འདུག

 ཟླ་བ་ཕུར་བུས་བསྒྱུར།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།