བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བོད་རང་བཙན་གྱི་རྩ་དོན་དེ་བློས་གཏོང་མི་ཉན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༩།༡༧ཉིན་སྤེལ། ང་ཚོའི་མི་ཐོག་འདིའི་གལ་ཆེ་ཤོས་དེ་བོད་རང་བཙན་གྱི་རྩ་དོན་དེ་བློས་གཏོང་མི་ཉན་པ་སོང་ཙང༌། དེའི་ཐོག་ལ་མི་མང་གིས་འོས་ཤིག་བླུགས་དགོས་པ་དེ་ཀླུ་མཁར་བྱམས་སྒེར་ལ་འབྲེལ་བ་མེད་ན་ཡང་དེ་ཧ་ཅང་གིས་གལ་ཆེན་པོ་རེད་ཅེས།

༢༠༡༦གི་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས།འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་༢༠༡༦གི་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ལ་སྲིད་སྐྱོང་འོས་མི་ལང་དགོས་པའི་དམིགས་ཡུལ་གཙོ་བོ་དང༌། དབུ་མའི་ལམ་གྱི་སྲིད་བྱུས་ནས་རང་བཙན་འཐབ་རྩོད་ཀྱི་ཕྱོགས་ལ་འགྱུར་བ་གཏོང་སྟངས་སོགས་ཀྱི་སྐོར་ལ་བཅར་འདྲི་བྱེད་སྐབས་ཁོང་གིས་འགྲེལ་བརྗོད་གནང་སོང༌།

༡། སྐུ་ཉིད་སྲིད་སྐྱོང་གི་འོས་མིར་ལང་པའི་སྐོར་ལ་འགྲེལ་བཤད་གཅིག་གནང་རོགས།

ལན། ངའི་མིང་ལ་ཀླུ་མཁར་བྱམས་ཟེར་གྱི་ཡོད། ངའི་མི་ཚེའི་ཉམས་མྱོང་གཞིར་བཞག་ནས་ལྟའི་སྐབས་ལ་ང་སྲིད་སྐྱོང་ལ་ལང་པ་རེད། ངའི་མི་ཚེ་འདི་ཧ་ཅང་གི་འཁྲུག་ཆ་དོད་པོ་བྱུང་ཡོད་རེད། དེ་ཡང་བོད་ནས་ཚར་ལོང་བྱུང་། བོད་ནང་ཡོད་སྐབས་རྒྱའི་བཙོན་ཁང་ནང་ལ་འགྲོ། དེ་རྗེས་བཙན་བྱོལ་སྤྱི་ཚོགས་ནང་སླེབས་པ་ནས་བཟུང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་བཅས་མང་པོ་ཞིག་ནང་ལས་ཀ་བྱས། གཞན་རྒྱལ་ཁབ་ཕྱི་ནང་གི་ཚོགས་འདུ་སྣ་ཚོགས་ཐོག་མཉམ་ཞུགས་བྱས་པ་ལ་སོགས་དེ་འདྲ་བའི་ཉམས་མྱོང་ཞིག་བརྒྱུད་ཡོང་བའི་སྐབས་ང་རང་ལ་ཆབ་སྲིད་ཀྱི་འཐབ་རྩོད་ཁྲོད་ཀྱི་གཤིས་ཀ་ཞིག་འཇགས་སོང་། དེ་གང་རེད་ཞུས་ན། སོ་སོས་ག་རེ་འཇོན་མིན་དང་། ག་རེ་ཡོང་མིན་ལ་མ་ལྟོས་པར་གལ་ཆེ་ཤོས་དེ་ད་ལྟའི་ང་རང་ཚོའི་སྤྱི་ཚོགས་འདི་ལ་ཁ་དྲང་པོ་གྲག་དགོས་པ། གནད་དོན་གང་ཡིན་ཡང་ང་ཚོས་གདོང་ཐུག་བྱེད་དགོས་པ། ལས་ཀ་གང་བྱས་ན་ཡང་གྲུབ་འབྲས་ལ་མ་ལྟོས་པར་དང་པོ་བརྩོན་ལེན་བྱེད་དགོས་པ་ཞིག བརྩོན་ལེན་མ་བྱས་པ་ཡིན་ན་གྲུབ་འབྲས་ཡོང་རྒྱུ་མེད་པ་ཞིག དེར་བརྟེན་ང་སྲིད་སྐྱོང་འོས་མིར་ལང་པ་ནས་བཟུང་ཐོག་མར་བརྩོན་ལེན་བྱེད་དགོས་པ་ཞིག བརྩོན་ལེན་མ་བྱས་ན་གྲུབ་འབྲས་མེད་པ་དེ་ངའི་མི་ཚེའི་ནང་ནས་ང་ལ་ཆ་བཞག་ན་ར་འཕྲོད་བྱུང་བའི་རྒྱུ་མཚན་ཞིག་རེད།

གཉིས། ད་ལྟ་རྒྱལ་ཁབ་ཕྱི་ནང་གི་གནས་སྟངས་དང་བོད་ཕྱི་ནང་གཉིས་ཀའི་བསམ་བློའི་འགྱུར་བའི་ཐོག་ལྟ་ཡོང་དུས། ད་ལྟའི་སྐབས་ང་ཚོ་འབངས་མི་སེར་གྱི་ཆབ་སྲིད་ཀྱི་གོ་རྟོགས་བཅས་ཁྱོན་ཡོངས་ནས་ཡར་རྒྱས་འགྲོ་དགོས་རེད། དེ་འདྲའི་སྐབས་དེར་ཆབ་སྲིད་པའམ་འགོ་ཁྲིད་ཅིག་ལ་དང་པོ་ཚང་དགོས་པའི་ཆ་རྐྱེན་གང་རེད་ཞུས་ན་ཐོག་མར་མི་མང་གི་བདེ་སྡུག་དང་། མི་མང་རང་ངོས་ནས་གང་བྱེད་ཀྱི་ཡོད་མེད་ཀྱི་གནས་སྟངས་དེ་ཁ་གསལ་གཏིང་གསལ་ཤེས་དགོས་པ་དེ་གལ་ཆེན་པོ་མཐོང་སོང་ལ། དེ་ཡང་དྲང་པོ་བྱེད་དགོས་པ་དེ་རེད། ང་བོད་གཞུང་གི་སྲིད་སྐྱོང་ལ་སླེབས་སོང་ན་གང་བྱེད་དགོས་ཀྱི་ཡོད་མེད་དང་། ད་ལྟའི་བོད་མི་རིགས་ཀྱི་དཀའ་ངལ་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་དྲང་པོ་བཤད་རྒྱུའི་དམིགས་ཡུལ་ལ་བརྟེན་ནས་ང་སྲིད་སྐྱོང་ལ་ལང་དགོས་པའི་རྩ་བའི་དམིགས་ཡུལ་ཡང་དེ་ཡིན་ལ་རྒྱུ་མཚན་ཡང་དེ་ཡིན།

༢། སྐུ་ཉིད་སྲིད་སྐྱོང་ཐོབ་པ་ཡིན་ན་དམིགས་བསལ་གལ་གནད་ཆེ་བའི་ཕྱག་ལས་གང་དང་གང་གནང་རྒྱུ་ཡིན་ནམ།

ལན། སྲིད་སྐྱོང་ལ་ཐོབ་པ་ཡིན་ན་བྱེད་དགོས་པའི་གནད་དོན་སྣ་ཚོགས་ཤིག་ཡོད་རེད། བྱེད་དགོས་པའི་ལས་ཀ་དེའི་ཁྱབ་ཆེ་ས་ནས་བཤད་ན་ང་ཚོ་བོད་རང་དབང་རང་བཙན་གྱི་གནས་སྟངས་དེ་བསྐྱར་བཟོ་བྱེད་དགོས་ཀྱི་ཡོད་པ་རེད། བོད་རང་དབང་རང་བཙན་བསྐྱར་བཟོ་བྱེད་རྒྱུའི་ལས་ཀ་ཨང་དང་པོ་དེ་རང་ངོས་ནས་གྲ་སྒྲིག་དང་བརྩོན་ལེན་བྱེད་རྒྱུ་དེ་རེད། དེ་ལ་དཔག་པའི་སྙིང་སྟོབས་ཤིག་དང་། དེ་ལ་དཔག་པའི་གྲ་སྒྲིག་དགོས་ཀྱི་ཡོད་པ་དེ་ང་སྲིད་སྐྱོང་འོས་ཐོབ་པ་ཡིན་ན་ལས་ཀ་དང་པོ་དེ་མ་འོངས་པར་བོད་རང་བཙན་ཐོབ་རྒྱུའི་དེ་ང་རང་ངོས་ནས་གྲ་སྒྲིག་བྱེད་རྒྱུ་དང་འགོ་འཛུགས་བྱེད་རྒྱུ་གལ་ཆེ་ཤོས་དེ་རེད།

དེ་དང་མཉམ་དུ་གཞི་རིམ་སྤྱི་ཚོགས་ཀྱི་ཆབ་སྲིད་ཀྱི་གནད་དོན་དེ་ཙམ་མ་ཡིན་པར། མི་མང་གི་འཚོ་བ་རང་གི་ཐོག་ནས་ཡར་རྒྱས་གཏོང་རྒྱུའི་ཕྱོགས་མང་པོ་ཞིག་ཡོད་རེད། ང་སྲིད་སྐྱོང་ལ་ལང་པའི་ལས་ཀ་དང་པོ་དེ་བཙན་བྱོལ་སྤྱི་ཚོགས་འདི་འཐབ་རྩོད་ཀྱི་རང་བཞིན་མུ་མཐུད་གནས་ཐུབ་རྒྱུ། སྲིད་སྐྱོང་དེ་མི་མང་ལ་དཔོན་པོ་བྱེད་ས་དང་སྐུ་དྲག་གསར་པ་འཁྲབ་ས་མ་ཡིན་པར་དངོས་ཡོད་སྤྱི་ཚོགས་ཀྱི་ནང་ལ་འཐབ་རྩོད་ཀྱི་ལས་འགུལ་ཞིག་ལ་ཁ་ཕྱོགས་ནས་ལས་ཀ་བྱས་པ་མ་གཏོགས། བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ཙམ་ཞིག་ལ་ང་ཚོས་མགོ་འཁོར་ནས་བསྡད་རྒྱུ་མེད་པའི་གནས་སྟངས་ཤིག་མཐོང་བའི་རྒྱུ་མཚན་དེ་ཆབ་སྲིད་ཀྱི་ཐོག་ནས་རང་བཙན་འཐབ་རྩོད་ཀྱི་ཕྱོགས་ལ་ཁ་ཕྱོགས་རྒྱུ་དེ་ང་སྲིད་སྐྱོང་ཐོབ་ན་ལས་ཀ་དང་པོ་དེ་བྱེད་རྒྱུ་དང་། དེ་ཡང་ཕྱི་དྲིལ་གྱི་ཁྱབ་ཁོངས་ནས་ང་ཚོས་ག་རེ་བྱེད་དགོས་ཡོད་མེད་འབངས་མི་སེར་ལ་ང་ཚོའི་ངོས་ནས་བོད་རང་བཙན་གྱི་གོ་རྟོགས་འདི་གང་འདྲ་བྱས་ནས་སྤེལ་དགོས་ཀྱི་ཡོད་པ། དེ་དག་ངའི་ལས་རིགས་གལ་ཆེ་ཤོས་དེ་རེད་དྲན་གྱི་ཡོད།

འོན་ཀྱང་ལས་ཀ་དེ་བྱེད་པའི་སྐབས་ལ་སོ་སོ་རང་ཉིད་ལ་ཆ་བཞག་ན་ཆ་རྐྱེན་གང་དང་གང་ཚང་དགོས་པ་དེ་ཚོ་ཏན་ཏན་བསམ་བློ་གཏོང་དགོས་པ་ཞིག་རེད། ང་རང་ཉིད་ལ་ཆ་བཞག་ན་གོང་དུ་ཞུས་པ་ནང་བཞིན་ལས་ཀ་ག་རེ་བྱུང་ཡང་བསྒྲུབ་རྒྱུ་དེ་སྒྲུབ་པ། མ་བསྒྲུབས་པ་དེ་མི་བསྒྲུབ་པའི་དཀའ་ངལ་ཡོད་པ། དེ་དག་རྒྱ་ཆེའི་མི་མང་ལ་ཁ་སང་དགོས་པ་དེ་རེད། ད་ལྟ་ང་ཚོའི་ཆབ་སྲིད་ཀྱི་ཁྱབ་ཁོངས་ལ་བསམ་བློ་བཏང་དགོས་པ་ཞིག་ལ་འགོ་ཁྲིད་ཅིག་གིས་སྤྱི་ཚོགས་ཀྱི་དཀའ་ངལ་ཆ་ཚང་སེལ་གྱི་ཡིན་ཟེར་བའི་དུས་རབས་དེ་ཡོལ་ཟིན་པ་རེད།

གཞན་ཡང་འགོ་ཁྲིད་ཅིག་གིས་ཁ་དྲང་པོ་གྲག་པ་ཡིན་ན་མི་མང་ངོས་ནས་རྣམ་དཔྱོད་དེ་སྤུངས་ནས་རྒྱ་ཆེའི་མི་མང་གིས་དཀའ་ངལ་སེལ་བའི་ནུས་པ་དེ་ཡོད་རེད། དེར་བརྟེན་ང་སྲིད་སྐྱོང་ལ་སླེབས་པའི་ཉི་མ་དང་པོ་དེ་ལ་ངས་གལ་ཆེ་ཤོས་དེ་ངས་བྱེད་ཐུབ་པའི་ལས་ཀ དང་། གཞུང་གིས་བྱེད་ཐུབ་མ་ཐུབ་གཉིས་ཀྱི་ལས་ཀ་དེ་གཉིས་རྒྱ་ཆེའི་མི་མང་ཀྱི་ངོས་ནས་བྱེད་ཐུབ་པ་ལ་གོ་སྐབས་སྤྲོད་པ། ཁྱད་པར་དུ་གཞུང་གི་ལས་བྱེད་པས་བྱེད་དགོས་པའི་རིགས་དང་ཕྱོགས་མཐའ་ཁག་གི་ཕྱི་སྲིད་ལས་ཁུངས་རེད། རྒྱལ་ཁབ་གཞན་དག་ནང་ཡོད་པའི་དོན་གཅོད་ཁང་དེ་ཚོར་ལས་འགན་ཁག་བགོས་ནས་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ང་ཚོས་གང་བྱེད་ཐུབ་ཀྱི་འདུག གང་བྱེད་ཐུབ་ཀྱི་མི་འདུག དེའི་ཕྱོགས་ལ་ཡར་རྒྱས་གང་གཏོང་དགོས་ཀྱི་འདུག དེའི་ཕྱོགས་ལ་ཤུགས་རྒྱབ་དགོས་པ་དེ་གཞུང་གི་ནང་ཡར་སླེབས་སོང་ན་ངས་ལས་ཀ་དང་པོ་དེའི་སྐོར་ལ་བྱེད་རྒྱུ་ཡིན།

སྐུ་ཉིད་སྲིད་སྐྱོང་གི་འོས་མི་དེ་ཐོབ་པའི་རྗེས་རང་བཙན་འཐབ་རྩོད་ཀྱི་ཕྱོགས་ལ་ཁ་ཕྱོགས་རྒྱུ་ཡིན་དུས། དེ་ཁ་ཕྱོགས་པ་ལ་བཙན་བྱོལ་བོད་མིའི་སྲིད་བྱུས་ལ་འགྱུར་བ་ཞིག་གཏོང་དགོས་པ་རེད། འགྱུར་བ་དེ་མང་གཙོའམ་ཡང་ན་དམར་ཤོག་གི་ལམ་ལུགས་གང་གི་ཐོག་ནས་འགྱུར་བ་གཏོང་རྒྱུ་ཡིན་ནམ།

ལན། ངས་བཙན་བྱོལ་སྤྱི་ཚོགས་ནང་ཞུགས་པའི་གོ་རིམ་དེ་མང་གཙོའི་ལམ་ལུགས་ལྟར་ཞུགས་ཀྱི་ཡོད། དེར་བརྟེན་བཙན་བྱོལ་གཞུང་གི་སྲིད་བྱུས་དང་ལང་ཕྱོགས་འགྱུར་བ་གཏོང་རྒྱུ་དེ་ཡང་བཙན་བྱོལ་གཞུང་གི་གྲོས་ཚོགས་བརྒྱུད་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུ་ཡིན། དེ་ཡང་རྒྱུན་མཐུད་ནས་གཏོང་རྒྱུ་ཞིག་མ་གཏོགས་ད་ལྟའི་ཆར་ངས་གསར་བརྗེའི་རང་བཞིན་ཞིག་ལ་གཏོང་རྒྱུ་ངོས་འཛིན་བྱེད་ཀྱི་མེད། ཡང་ན་གཞན་གྱི་ཁྲིམས་དང་སྒྲིག་གཞི་དེ་རྩིས་མེད་བཏང་སྟེ། མགོ་རྟིང་སློག་པའི་རྣམ་པ་དེ་འདྲ་རྩ་བ་ནས་མིན། དེར་བརྟེན་ང་ཚོས་ད་ལྟ་བརྒྱུད་རིམ་དེའི་ནང་ཞུགས་རྗེས་དང་པོ་མང་གཙོའི་གོ་རིམ་བརྒྱུད་ནས་ང་སྲིད་སྐྱོང་ཐོབ། དེ་རྗེས་ངའི་ལྟ་གྲུབ་དེ་གཞིར་བཟུང་བཙན་བྱོལ་བོད་མིའི་ཁྲིམས་དང་སྒྲིག་གཞི་ལ་གྲོས་ཚོགས་ཀྱི་ངོས་ནས་བསྐྱར་བཅོས་བྱས། དེ་ཡང་ཁྲིམས་ལུགས་ཀྱི་ངོ་བོའི་ཐོག་ནས་བསྐྱར་བཅོས་བྱས་རྗེས་རྒྱ་ཆེའི་མི་མང་ལ་འགྲེལ་བཤད་རྒྱབ། གོ་རྟོགས་སྤེལ་རྒྱུའི་རིམ་པ་འདི་ཡིན།

གྲོས་ཚོགས་ནང་ནས་བྱུང་སྟངས་དེ་སྤྱི་འཐུས་སྒེར་སོ་སོ་ལ་འབྲེལ་བ་བཟོས། བཀའ་ཤག་གི་ངོས་ནས་ཁྲིམས་བཤེར་གཏོད་ནས་འགྱུར་བ་གཏོང་བ། ཡང་ན་ཛ་དྲག་ཚོགས་ཆེན་ཚོགས་ནས་རྒྱ་ཆེའི་མི་མང་གི་བསམ་ཚུལ་བསྡུ་རུབ་བྱས་ནས་འགྱུར་བ་གཏོང་བ་ལ་སོགས་པའི་ལམ་ཁ་སྣ་ཚོགས་ཡོད་རེད། གལ་ཆེ་ཤོས་དེ་འབངས་མི་སེར་གྱི་རེ་འདོད་དང་བསམ་ཚུལ་དེ་ང་ཚོས་གསན་དགོས་པ་དང་། འབངས་མི་སེར་ལ་གནས་ཚུལ་དྲང་པོ་བཤད་ནས་མི་མང་ངོས་ནས་བསམ་ཚུལ་ཡང་དག་པ་ཞིག་ཡོང་བའི་ཆེད་དུ་རྒྱ་ཆེའི་མི་མང་ལ་གང་དགོས་ཀྱི་ཡོད་རེད་དམ་ཞུས་ན། གཞུང་གི་གནས་ཚུལ་དེ་ཕྱི་གསལ་ནང་གསལ་བྱས་ནས་མི་མང་ལ་བཤད་པ་ཡིན་ན་མི་མང་གིས་གནད་དོན་དེ་ཚོའི་སྐོར་ལ་བསམ་ཚུལ་ཡོང་ཆོག་གི་ཡོད་རེད།

དཔེར་ན། བཙན་བྱོལ་གཞུང་ལ་ད་ལྟ་བར་གཞུང་མང་ཛ་དྲག་ཚོགས་ཆེན་ཟེར་བ་ལ་སོགས་པ་མང་པོ་ཞིག་ཚོགས་པ་རེད། ཚོགས་འདུ་དེ་ཚོ་འཚོགས་པའི་སྐབས་ལ་གལ་ཆེ་ཤོས་དེ་ག་རེ་བྱུང་བ་རེད་ཟེར་ན་སྒང་གི་ལས་བྱེད་པ་དེ་ཚོས་སོ་སོའི་གྲུབ་འབྲས་དེ་མི་མང་ལ་དྲིལ་བསྒྲགས་བྱེད་རྒྱུ་གཅིག་པུར་བྱས། གཤམ་ལ་རྒྱ་ཆེའི་མི་མང་འདུ་འཛོམས་བྱས་ནས་མི་མང་གི་བསམ་ཚུལ་ཡོང་བ་དེ་ལ་ཉན་འཇོག་གཅིག་ཀྱང་མ་བྱས་པའི་རྒྱུ་མཚན་གྱི་ཐོག་ནས་ད་ལྟ་ང་ཚོའི་གཞུང་འདི་ལ་མི་མང་གི་བསམ་ཚུལ་གྱི་ནུས་པ་དེ་ཡར་སྤུངས་ཐུབ་མེད་པ་དེ་གཅིག་རེད།

གཉིས་ནས་གཞུང་གི་ངོས་ནས་མི་མང་ལ་བོད་རྒྱ་འབྲེལ་མོལ་ལ་སོགས་པའི་གནད་དོན་གསལ་པོ་བཟོ་ཐུབ་ཡོད་མ་རེད། རྒྱལ་སྤྱིའི་ཐོག་གི་རོགས་ཚོགས་ཁག་ཉུང་དུ་འགྲོ་དགོས་པའི་རྒྱུ་མཚན་དེ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད་མ་རེད། དེ་བཞིན་རྒྱལ་སྤྱིའི་ཐོག་ནས་ང་ཚོ་ལ་རོགས་དངུལ་རགས་པའི་རྩིས་ཁྲ་གསལ་པོ་མ་བྱུང་བའི་རྙོག་གྲ་སྣ་ཚོགས་ཤིག་ཡོད་པ་དེ་གསལ་པོ་བཟོ་ཐུབ་ཡོད་མ་རེད། གནས་ཚུལ་དེ་དང་འདྲ་བ་རྒྱུ་མཚན་གྱིས་ཐོག་ནས་གཞུང་གསལ་པོ་མ་ཆགས། མི་མང་ལ་འགྲེལ་བཤད་གསལ་པོ་མ་རྒྱབ། རྒྱ་ཆེའི་མི་མང་གི་ཐོག་ནས་དོགས་པ་རྣམ་རྟོག་བྱས་པ་དང་། མི་མང་གི་བསམ་ཚུལ་དེ་ཡར་ག་ཚོད་སླེབས་ན་ཡང་དེ་ཆ་ཚང་རྩིས་མེད་རྡོག་རོལ་བཏང་ནས་སྒང་ལ་སྡོད་མཁན་གྱི་སྒྲིག་གཞི་གཅིག་པུ་ལ་དོ་སྣང་སྤྲོད་ཀྱི་ཡོད་པའི་རྒྱུ་མཚན་ཞིག་གི་ཐོག་ནས་ད་ལྟ་བར་དུ་གསལ་པོ་བྱུང་མེད་པའི་རྒྱུ་མཚན་དེ་རེད།

ང་སྲིད་སྐྱོང་ཐོབ་པ་ཡིན་ན་དེ་ཚོའི་རིགས་ལ་སྙོམས་སྒྲིག་བྱེད་རྒྱུ་དང་། གལ་ཆེ་ཤོས་དེ་ཁྲིམས་དང་སྒྲིག་གཞིའི་ལམ་ཁ་ཞིག་བརྒྱུད་ནས་རེ་བ་བཟང་ས་ལ་རྒྱབ། གསར་བརྗེ་རང་བཞིན་དུ་འགྲོ་མི་དགོས་པའི་དམིགས་ཡུལ་ཞིག་གི་ཐོག་ནས་ལང་གི་ཡོད་མ་གཏོགས། གསར་བརྗེའི་རྣམ་པ་དེ་མ་ཡིན་པར་མང་གཙོའི་གྲོས་མོལ་གྱི་ལམ་ནས་བྱེད་ཐུབ་ན་བསམ་པ་དེ་རེད།

དེ་བཞིན་སྤྱི་ཚོགས་ནང་གསར་བརྗེའི་རང་བཞིན་གྱི་དཀའ་ངལ་ཞིག་ཡོང་གི་ཡོད་རེད། རྒྱུ་མཚན་གང་རེད་ཞེ་ན། སྒང་ལ་སྡོད་མཁན་གྱི་ལས་བྱེད་དེ་ཚོ་མཁྲེགས་འཛིན་དང་། བྱུས་ངན་ལངས་ཤོར་གྱི་དཔེ་ལྟར། ཡར་རྒྱས་གཅིག་ཀྱང་མི་གཏོང་མཁན་ལ་འབངས་མི་སེར་འུ་ཐུག་གི་ཡོད་རེད། འུ་ཐུག་པའི་ཉིན་མོ་ལ་ཁྲིམས་དང་སྒྲིག་གཞི་ལ་བསྟུན་མི་དགོས་པའི་ཐོག་ནས་ལས་ཀ་བྱེད་རྒྱུ་དེ་གསར་བརྗེ་རེད། ད་ལྟའི་ཆར་ངས་རེ་བ་ཡག་ས་ནས་རྒྱབ་པ་དེ་གསར་བརྗེ་བྱེད་མི་དགོས་པའི་ཐོག་ནས་མཐའ་མཇུག་གི་རེ་བ་དེ་ཡག་ས་ནས་རྒྱབ། དང་པོ་ང་ལ་ཆ་མཚོན་ན་སྲིད་སྐྱོངཐོབ་པའི་རྗེས་ཁྲིམས་དང་སྒྲིག་གཞིའི་གོ་རིམ་གྱི་ཐོག་ནས་ལེགས་བཅོས་བྱེད་པའི་ལམ་ཁ་ཞིག་ལ་འགྲོ་ཐུབ་ན་བསམ་པའི་རེ་བ་དེ་ཡིན།

སྲིད་སྐྱོང་འོས་མི་ལང་མཁན་གཞན་ཚོ་དང་མི་འདྲ་བའི་ལས་འཆར་གང་དང་གང་ཡོད་དམ།

ལན། མི་མང་ཚོའི་ངོས་ནས་ངས་སྲིད་སྐྱོང་ལང་མཁན་གཞན་དང་མི་འདྲ་བ་ཞིག་བྱེད་ཀྱི་རེད་དྲན་གྱི་ཡོད་རེད། ངས་གཞན་དང་མི་འདྲ་བའི་ལས་ཀ་ཞིག་བྱས་པ་དེས་རྒྱ་ཆེའི་མི་མང་ལ་ཕན་ཐོགས་ཡོང་གི་རེད་མ་རེད་ཟེར་ན། མི་མང་ཚོས་དོགས་པའི་ཚུལ་དུ་ཀླུ་མཁར་བྱམས་འོས་ཐོབ་པ་ཡིན་ན། ཁོང་ཚོའི་བྱེད་སྟངས་དེ་བྱེད་ཀྱི་མ་རེད། འོན་ཀྱང་ང་ཚོ་མི་མང་གི་ཁེ་བཟང་དང་མཐུན་གྱི་རེད་དམ་མ་རེད་ཟེར་བའི་དོགས་པ་དེ་རེད། ངས་ཁོང་ཚོ་དང་མི་འདྲ་བ་ཞིག་བྱེད་རྒྱུ་དེ། ང་ཚོ་མི་སོ་སོའི་རྒྱབ་ལྗོངས་དང་། ལོ་རྒྱུས། མི་ཚེའི་ལྟ་སྟངས། རིན་ཐང་བཅས་སྣ་ཚོགས་ཤིག་མི་འདྲ་བ་མ་ཟད། གལ་ཆེ་ཤོས་དེ་ངས་བོད་རང་བཙན་གྱི་ལྟ་བ་དེ་འཁྱེར་གྱི་ཡོད་རེད། གནས་སྟངས་དེའི་འོག་ནས་ང་ཁོང་ཚོ་དང་མི་འདྲ་བ་ཞིག་ཏན་ཏན་ཡོད་རེད།

འགྲེལ་བཤད་བྱེད་དགོས་པ་ཞིག་ལ། ངས་གཞན་དང་མི་འདྲ་བར་དབུ་མའི་ལམ་གྱི་སྲིད་བྱུས་དེ་རང་བཙན་ལ་འགྱུར་བ་གཏོང་གི་རེད། རང་བཙན་ལ་འགྱུར་བ་བཏང་བ་ཡིན་ན། དེས་བཙན་བྱོལ་བོད་གཞུང་ལ་མི་གནོད་པ་དང་མི་མང་ལ་རྡབ་སིག་གཏོང་བའི་ལས་ཀ་ཞིག་ཡོང་གི་མ་རེད་ཅེས་ངས་གདེང་ཚོད་ཡོད་པའི་ཐོག་ནས་མི་མང་ལ་འགྲེལ་བཤད་བྱེད་ཀྱི་ཡོད། ད་ལྟའི་ཆར་སྲིད་སྐྱོང་ལང་མཁན་མང་ཆེ་བ་བཙན་བྱོལ་སྤྱི་ཚོགས་ནང་ནས་ཚར་ལོང་བྱུང་མཁན་རྐྱང་རྐྱང་རེད། དེའི་ཆ་ནས་ཁོང་ཚོ་དང་ངའི་བསམ་བློའི་གཏོང་ཕྱོགས་འདྲ་ཡི་མ་རེད། ང་མི་ཚེ་ཕྱེད་ཀ་བོད་དུ་བསྐྱལ་ཡོད་པའི་མི་ཞིག་རེད།  ད་ལྟ་འཛམ་བུ་གླིང་གི་འགྱུར་ལྡོག་ཧ་ཅང་ཆེན་པོ་ཞིག་འགྲོ་ཡི་ཡོད་པ་མ་ཟད། བོད་པ་ཟེར་བ་དེས་དེ་རིང་རྒྱལ་ཁབ་ཡོད་པའི་ས་ཁུལ་ཞིག་གི་ནང་ནས་སྲིད་སྐྱོང་ལ་ལང་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་མ་རེད། ང་ཚོས་སྲིད་སྐྱོང་ལ་ལང་གི་ཡོད་ཟེར་དུས་ཨ་རི། ཡོ་རོབ། ཁ་ན་ཊ། བཙན་བྱོལ་ནང་དུ་ལྟ་བ་གསར་རྙིང་། མི་རབས་གསར་རྙིང་། ཁྱད་པར་དུ་རྒྱ་ནག་གཞུང་གི་དམ་དྲག་འོག་དཀའ་སྡུག་མྱོང་བཞིན་པའི་བོད་པ་ཡོངས་རྫོགས་ཀྱི་མངོན་འདོད་དང་འཚམས་པ། ང་ཚོས་ཁྱབ་ཆེ་ས་ནས་བོད་དོན་འཐབ་རྩོད་དེ་ལྟ་དགོས་ཀྱི་ཡོད་རེད།

དེར་བརྟེན་ངས་གནད་དོན་དེ་ཚོ་ཆ་ཚང་ལ་དབྱེ་ཞིབ་བྱེད་ཐུབ་པ་དང་། ལྟ་ཐུབ་པའི་ནུས་པ་ཡོད་རེད་དམ་ཞུས་ན། དེ་བརྒྱ་ཆ་རྒྱ་ཡོད་རེད་ཅེས་ཞུ་ཚོད་མི་ཐིག་ཀྱང་ང་ལ་སེམས་ཚོར་ཡོད། དེང་གི་ཆར་འདིར་བོད་དོན་ཟེར་ན་དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་ཀྱི་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་གྱི་གནད་དོན་མ་ཡིན་པར། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་གི་ཆོལ་ཁ་ཆོས་ལུགས་ཀྱི་དད་མོས་གཙོ་བོར་གྱུར་པའི་མི་མང་ལ་བསམ་བློའི་གཏོང་ཕྱོགས་གཞིར་བཞག་ནས་ལས་ཀ་བྱེད་རྒྱུ་ཙམ་མ་ཡིན་པར། བོད་པ་ཟེར་ན་ཁྱོན་ཡོངས་ནས་འཛམ་བུ་གླིང་ལ་ཁ་ཐོར་གྱི་རང་བཞིན། དེ་ཡང་ས་གནས་ཀྱི་ཁ་ཐོར་རང་བཞིན་མ་ཡིན་པར། བསམ་བློ་ཡི་ཁ་ཐོར་རང་བཞིན་གྱི་ཐོག་ནས་མི་ཐོག་གསར་རྙིང་གི་ལྟ་བ་དེ་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་ཡི་ཡོད་པ། ཁྱད་པར་དུ་བོད་ཕྱི་ནང་དུ་གནད་དོན་སྣ་ཚོགས་ཀྱི་ཐོག་ལ་བསམ་ཚུལ་མི་མཐུན་པ་དེ་ཚོ་ཁྱོན་ཡོངས་ནས་ལྟ་དུས་ངས་སྲིད་ཇུས་ཤིག་སྙོམས་སྒྲིག་དང་བཀོ་སྒྲིག་བྱེད་ཀྱི་རེད།  ང་ཁོང་ཚོ་ལས་ལྷག་པའི་ཁྱད་ཆོས་ཡོད་ཅེས་ངས་ཟེར་གྱི་མེད་དེ། གང་ལྟར་ངས་དོ་སྣང་བྱེད་སའི་ཁྱབ་ཁོངས་ནི་དེ་འདྲ་ཡིན་ཞུ་རྒྱུ་ཡིན།

༥། གོང་གི་དྲི་བ་ཁག་དང་མ་འབྲེལ་བའི་གལ་གནད་ཆེ་བའི་དགོངས་འཆར་འདྲ་གསུང་རྒྱུ་ཡོད་དམ།

ལན། ང་ཚོའི་བོད་རང་བཙན་གྱི་གནད་དོན་དེ་བློསགཏོང་མི་ཆོག་པའི་གནད་དོན་ཞིག་རེད། དེར་བརྟེན་བོད་པ་མི་རེ་ངོ་རེས་བོད་རང་བཙན་གྱི་གནད་དོན་དེ་བློས་གཏོང་མི་རུང་བའི་རྣམ་འགྱུར་དེ་གང་འདྲ་བྱས་ནས་བསྟན་དགོས་པ་རེད་བརྗོད་ན། མི་རེ་རེའི་འོས་ཤོག་གི་ལམ་ནས་སྟོན་དགོས་ཀྱི་ཡོད་རེད། ད་ཐེངས་ངས་རང་བཙན་གྱི་ཁྱབ་ཁོངས་ནང་དུ་ལང་པ་དེས་རྒྱ་ཆེའི་མི་མང་ལ་གོ་སྐབས་གང་བསྐྲུན་ཡོད་རེད་དམ་ཞུས་ན། སོ་སོའི་རྩ་དོན་དེ་སོ་སོས་བློས་གཏོང་མི་ཆོག་པའི་རྣམ་འགྱུར་བསྟན་སའི་གོ་སྐབས་ཤིག་བྱུང་བ་རེད། དེ་མི་རེ་ངོ་རེས་གོ་སྐབས་ལེན་རྒྱུ་ཡོད་པ་ཞིག་ཡིན། གོ་སྐབས་དེས་ཁྱབ་ཆེ་ས་ནས་བཤད་ན་རྒྱ་ནག་གཞུང་ལ་བརྡ་ལེན་ཞིག་སྤྲད་ཡོད་པ་རེད།

དེ་གང་རེད་བརྗོད་ན། ད་ལྟ་བར་རྒྱ་ནག་གཞུང་ལ་བསྟུན་ནས་ལོ་༥༠ལྷག་ཕྱིན་པའི་ནང་། ང་ཚོ་བོད་མི་རིགས་ལ་གང་ཐོབ་ཡོད་པ་དེ་ངས་ཤོད་དགོས་པ་མ་རེད། དེ་གསལ་པོ་རེད། དེར་བརྟེན་དབུ་མའི་ལམ་གྱི་སྲིད་བྱུས་དེས་བོད་རྒྱ་ཞི་མོལ་དང་། དངོས་ཡོད་གནས་སྟངས་ཤིག་ལ་འགྲོ་ཐུབ་ཀྱི་མེད་པ་དེ་གསལ་པོ་མེད་པ་སོང་ཙང་། ད་རེས་རྒྱ་ཆེའི་མི་མང་གི་འོས་ཤོག་གི་ལམ་ནས་ཁ་ཞིག་གྲག་པ་ཡིན་ན་དེས་རྒྱ་ནག་གཞུང་ལ་ཐད་ཀར་བརྡ་ལེན་ཞིག་སྤྲད་རྒྱུའི་རེ་བ་ཡོད་རེད།

གཉིས་པ། དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་ང་ཚོ་ལ་འགྲིག་གི་ཡོད་ཟེར་ཡང་མེད་ཟེར་ཡང་། སྲིད་བྱུས་དེ་ཕྱིན་པའི་བརྒྱུད་རིམ་ཁྲོད་ནས་བོད་པ་ནང་ཁུལ་ལ་རྒྱལ་གཅེས་པའི་བསམ་བློ་དེ་བརླགས་འགྲོ་ཡི་ཡོད་པ་རེད། རྡོག་རྩ་ཆིག་སྒྲིལ་དེ་ཉེན་ཁ་ཆགས་འགྲོ་ཡི་ཡོད་རེད།
ཆིག་སྒྲིལ་གྱི་ཉེན་ཁ་ཆེ་ཤོས་དེ་གང་ནས་ཡོང་གི་ཡོད་རེད་དམ་ཞུས་ན། དབུ་མའི་ལམ་གྱི་སྲིད་བྱུས་སླེབས་པ་ནས་བཟུང་སྟེ་ཆབ་སྲིད་ཀྱི་ཁྱབ་ཁོངས་ལ་འགལ་བ་ཆེན་པོ་སླེབས་ཚར་བ་རེད། དེ་མི་རིགས་ཀྱི་རྩ་དོན་རང་བཞིན་གྱི་འགལ་བ་ཆེན་པོ་ཞིག་ཡིན་པར་བརྟེན་འགལ་བ་དེ་མེད་པར་བཟོ་བའི་ཆེད་དུ་ཡང་བསྐྱར་རང་བཙན་གྱི་དམིགས་ཡུལ་ཐོག་ཡར་སླེབས་པ་ཡིན་ན། རྩ་བའི་གཞི་རྟེན་དེའི་ཐོག་རྩོད་གཞི་མེད་པ་དེའི་ཐོག་ནས་རྡོག་རྩ་ཆིག་སྒྲིལ་ཆགས་ཀྱི་རེད།

དེར་བརྟེན་མི་མང་གིས་རང་བཙན་གྱི་ཕྱོགས་ལ་འོས་བླུགས་དགོས་པ་དེ་ང་ཚོ་བོད་མི་རིགས་དེ་རྡོག་རྩ་ཆིག་སྒྲིལ་དང་བརྟན་པོ་ཞིག་བཟོ་བའི་ཆེད་དུ་ཡིན་ཡང་། ཕན་ཐོགས་ཡོང་གི་རེད་ལ་མི་རབས་གསར་པ་རྣམས་ཀྱིས་ཡབ་མེས་དང་། རྒྱལ་རབས་ལོ་རྒྱུས་དེ་ངོ་འཕྲོད་པ། སོ་སོའི་རྩ་དོན་དེ་མ་བློས་མ་བཏང་པའི་ཐོག་ནས་ན་གཞོན་ཚོ་ཡིན་ཡང་སོ་སོའི་རྐང་པའི་ཐོག་ལང་ཐུབ་པའི་ལམ་ཁ་ཞིག་འགྲོ་རྒྱུ་དེ་ཡང་བོད་རང་བཙན་གྱི་གནད་དོན་དེ་རེད། ང་ཚོའི་མི་ཐོག་འདིའི་གལ་ཆེ་ཤོས་དེ་བོད་རང་བཙན་གྱི་རྩ་དོན་དེ་བློས་གཏོང་མི་ཉན་པ་སོང་ཙང་། དེའི་ཐོག་ལ་མི་མང་གིས་འོས་ཤིག་བླུགས་དགོས་པ་དེ་ཀླུ་མཁར་བྱམས་སྒེར་ལ་འབྲེལ་བ་མེད་ན་ཡང་དེ་ཧ་ཅང་གིས་གལ་ཆེན་པོ་རེད་བསམ་གྱི་འདུག

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)
གང་ཡིན་ཞེ་ན། སྲིད་ཀྱི་འཆར་སྒོ་ཞེས་པ་དེ། སྙིང་རྗེ་དང་བྱམས་སེམས་ཀྱི་ངོ་བོར་གྲུབ་མེད། སྲིད་ཇུས་ཟེར་བ་དེ། མཚོན་ཆ་ཞིག་དང་ཧ་ཅང་ཡོངས་སུ་མཚུངས་ཏེ། མི་ངན་ལ་ཁ་གཏད་ཀྱི་ལྡོག་རྟགས་གཟིར་ཞིང་། མི་བཟང་ལ་དཔེ་ཙམ་གྱི་སྣང་བརྙན་དུ་འཇོག་པ་ཡིན། དེར་བརྟེན། རང་ནུས་ཅི་ལྕོགས་ཙམ་ཞབས་འདེགས་དགོས་པ་ལས་ཁ་སྒྲོབ་རྦ་རླབས་ལྟར་དྲག་ཏུ་བསྡེབས་ཞོར། བླ་ན་མེད་པའི་རྒན་རབས་པས་མི་འཇོན་པའི་ཆ་དག་སྤྱི་ཚོགས་སུ་འགྲེམ་སྤེལ་ཞུ་མུས་བསྟར་བ་འདིས། ཕྱོགས་གཅིག་ནས་བཤད་ན། འདི་ནི་དྲང་པོ་དྲང་གཞག་ཡིན་མོད། ངའི་བསམ་ཚུལ་དང་ལངས་ཕྱོགས་ཤིག་ནས་དྲང་གཤིས་ཤིག་སྨོས་ན། མི་ཞིག་གི་མི་ཚེའི་ནང་ནོར་འཁྲུལ་དབར་གོ་འཛོལ་ཤོར་བའི་དོན་རྐྱེན་དང་བྱ་གཞག་མང་པོ་ཞིག་བློས་གཏོང་གི་ཁ་ཕྱོགས་སུ་དབང་མེད་དུ་ཤོར་འགྲོའི་ཡོད། ཡིནས། མི་ཁ་ཤས་ཀྱིས་རང་བཙན་གྱི་ལྟ་གྲུབ་ལ་གོ་བ་ཟབ་ནན་དང་ངེས་གཏིང་ཚགས་ཚུད་སྤུས་དག་གི་ནང་དོན་མ་རྟོགས་པར། འུར་ཟིང་དང་ལྷན་འདི་ལྟར་ཡམས་རྒྱུགས་བྱེད་པ་འདི་ལྟའོ། ཁྱོད་བདེན། ཁྱོད་ཕོ་ལྷས་སྐྱོབས། མོ་ལྷས་བསོ། ད་ད་རེ་ཁྱོད་རེད། ཁྱོད་ཡོད་ན་ས་མི་འགུལ། གནམ་མི་རྡིབ། མེ་ཆུ་རླུང་གསུམ་གྱི་འཇིག་པ་མི་འོང་། ད་ཉིན་མོ་ད་རིང་ཁྱོད་མེད་ན་ང་མེད། ང་ཡོད་ན་ཁྱོད་ཡོད་ཞེས་པའི་འུ་ཏ་ལན་གྱི་ལྐུག་བརྡ་ཕྱི་རུ་ངོམ་ཞིང་དཔའ་རྩལ་ཡོད་རྒུ་རྩལ་སྤྲུག་ཡོད་མདོག་གིས་ཧ་ལམ་མ་སོང་ནས་འུ་སྲུང་ཡིན་ཟོལ་འདྲ། རང་བཙན་ཟེར་བ་དེ་སྟབས་བདེ་མོ་ཚུར་སྤྲད་ཆོག་ཆོག་དང་ལེན་ཆོག་ཆོག ང་ཚོའི་འཐབ་རྩོད་འདི་ཚད་གཞི་གང་འདྲ་ཞིག་ལ་བསླེབས་ཡོད་མེད་ཡག་པོ་མ་ཤེས་བར་ཚོད་དཔག་གི་ཆ་ནས་སྡིངས་ཆ་ཞིག་བསྐྲུན་བསྡད་ན། འདིའི་ལམ་ཐོག་ནས་ཉེན་ཁ་ཆེ་བ་ལས་ཆུང་བ་ཞིག་རྩ་བ་ནས་མེད། ང་ཚོ་མི་རེ་ལ་བསམ་མནོ་རེ་དང་དྲན་ཚུལ་དང་སྣང་ཚུལ་ཐ་དད་དུ་ཡིན་ཡང་། སྤྱི་ཚོགས་ཀྱི་གྲགས་ཤུགས་དང་དུས་ཀྱི་འགྱུར་འགྲོས་ཀྱི་སྐབས་བབ་ལ་ངེས་པར་དུ་དགོངས་པ་ཆེ་བཞེད་བྱ་དགོས་པ་དང་མིག་རྒྱང་ཡང་རིང་དུ་འཕེན་དགོས། ཡུན་རིང་པོ་ཞིག་གི་ས་ནས་ཕར་ལྟ་ཚུར་ལྟ་རེ་རེས་མོས་ཤིག་བྱོས་དང་ཨ་རོགས་སྤུན་ཟླ་ཚོ། དབུ་མའི་ལམ་ལ་གྲུབ་འབྲས་དང་རེ་བ་མེད་པ་ཞིག་ཡིན་སྲིད་དོ་མེད། རླུང་ཆེན་དལ་ཡང་རིང་འགྲོ་ལ་ཞེས་མཁས་པའི་ངག་རྒྱུན་དྲི་མ་མེད་པ་འདི་ལ་གོ་རྒྱུ་ཞིག་ཡོད་ངེས། ང་ཚོའི་འཐབ་རྩོད་ཐད་ལངས་ཕྱོགས་དང་ལྟ་གྲུབ་འདྲ་མིན་ཡོད་པ་དེ་དངོས་ནས་ཡག་པོ་ཞེ་དྲག་རེད། འོན་ཀྱང་། ལས་དོན་འདི་སྐབས་དང་དུས་སུ་མ་བསླེབས་མཚམས་བེད་སྤྱད་བཏང་ན་གྲུབ་འབྲས་ལོག་པ་ཞིག་འཐོན་ཡོང་བ་ལས་བཟང་པོ་གཏན་ནས་ཡོང་མི་སྲིད། ད་དུང་དབུ་ལམ་དང་རང་བཙན་གཉིས་ཇི་ཙམ་གྱིས་འཐེན་ཁྱེར་མང་ན་དེ་ཙམ་གྱི་གོ་རྟོགས་ཀྱང་ཆེ་རུ་འགྲོ་ངེས་ལ་ལམ་འདིའང་ཆེ་རུ་འགྲོ་དགོས། ཁོང་གཉིས་ཀ་བདེན་པ་སྨྲ་བ་རང་རེད།
གདན་ས་འབྲས་སྤུངས་ནས་ཀླུ་བྱམས་ཀྱི་གཏམ་བཤད་ལ་ངོས་ལེན་དང་། དེ་བཞིན་སེ་ར་དང་། དགའ་ལྡན། བཀྲ་ཤིས་ལྷུན་པོ། རྒྱུད་སྨད་གྲྭ་ཚང་བཅས་ནས་ངོས་ལེན་མ་བྱས་པའི་གནས་ཚུལ་དེ་ཐམས་ཅད་ནི་མང་གཙོའི་ལམ་ལུགས་དང་། འོས་བསྡུ་ལྷན་ཁང་གི་སྒྲིག་གཞི་སོགས་གང་དང་ཡང་འགལ་བར་མ་མཐོང་།

དེ་ཡང་མདོར་བསྡུས་ཙམ་བརྗོད་ན། གོང་གསལ་དགོན་ཁག་དེ་དག་ཚང་མའི་ནང་དུ་གྲོས་ལ་དབང་བའི་འཐུས་མི་དང་ལས་སྣེ་ཆེ་ཁག་ཡོངས་རྫོགས་གྲྭ་མང་གིས་འོས་འདེམས་ལམ་ནས་གོ་གནས་ཕུལ་བའི་སྤྱི་མི་ཤ་སྟག་ལས། མགོ་དགའ་ལྡན་ཁྲི་པ་མན་དང་། གཞུག་གད་ཕྱིས་རྒྱག་མཁན་ཡན་ཆད་ཁྲིམས་ལུགས་ཤིག་དང་ལམ་ལུགས་ཤིག་མ་བརྒྱུད་པར་བུ་ཤུགས་རྒྱུ་ཤུགས་ནམ་ཡང་འགྲོ་ས་མེད།

ལྷག་པར་དུའང་ལས་ཀྱི་སྣེ་མོ་བ་ཆེ་ཁག་དག་ལ་མཚོན་ན། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱིར་དུ་སློབ་གཉེར་ཡར་རྒྱས་དང་འབྲེལ་བའི་ཁྲིམས་སྒྲིག་སོགས་ཀྱི་ལས་དོན་ཆེ་ཕྲ་ཡོངས་རྫོགས་ཀྱི་ཞུ་སྒོ་འཐུས་ཚང་གནང་རྒྱུའི་འགན་དབང་གཉིས་ལྡན་ཡིན་ལ། དེ་བཞིན་འཛིན་སྐྱོང་དང་འཛུགས་སྐྲུན་ཡོངས་རྫོགས་ཚིག་གི་བདག་པོས་ཚིགས་སུ་བཅད་པ་ལ། དགེ་འདུན་དམངས་ནས་ཀྱང་གུས་བཀུར་དང་ཆེ་མཐོང་སྦྲགས་པའི་སྒོ་ནས་ངོས་ལེན་ཞུ་རྒྱུ་ལས། ཁ་སུ་བདེ་དང་དཔུང་སུ་རྒོད་ཀྱིས་ངོ་ལོག་རྒྱག་པའི་ལམ་ལུགས་གཉིས་ཀ་མེད་པ་ཡིན།

སྐབས་རེར་གྲོས་ལ་དབང་བའི་འཐུས་མི་ལས་གྲུབ་པའི་ཚོགས་འདུ་བས་ཀྱང་ཐག་གཅོད་མི་ཐུབ་པའི་གནས་ཚུལ་ལེགས་ཉེས་ཅི་རིགས་པ་བྱུང་བའི་ཚེ། གྲྭ་མང་ཡོངས་རྫོགས་ཚོགས་འདུར་གདན་དྲངས་ནས་བསམ་འཆར་དང་དགོངས་ཚུལ་གཞིར་བཟུང་སྟེ། མང་གཙོའི་ལམ་ལུགས་དང་མཐུན་པའི་འོས་བསྡུ་དང་། ཡང་ན་ཕྱག་ལག་གྱེན་དུ་བཀྱག་མཁན་མང་ཉུང་ལ་གཞིགས་ཏེ། མང་མོས་དང་སྤྱི་མོས་གང་རུང་གི་ལམ་ནས་ཐག་གཅོད་དང་ལག་བསྟར་བྱེད་སའི་ཚོགས་པ་ཞིག་ལ་སྒེར་གཅོད་རིང་ལུགས་རེད་ཅེས་འབོད་པ་ནི་རང་ཉིད་ཀྱི་རང་གཤིས་དང་གནས་ཚད་འདི་ཡིན་ཅེས་དྲིལ་བསྒྲགས་ཙམ་དུ་ཟད་དེ། དཔེར་ན། ཡང་དག་པའི་མང་གཙོའི་རྒྱལ་ཁབ་གང་འདྲ་ཞིག་གི་ནང་ནས་གྲོས་ཚོགས་ཀྱི་འཐུས་མིས་ཐག་གཅོད་གང་བྱས་ཐམས་ཅད་མི་མང་གི་ཚབ་མཚོན་རང་བཞིན་ལྡན་པའི་ཐག་གཅོད་ལ་ངོས་འཛིན་སྲོལ་ལས། སྐྱེ་བོ་ཕྱོགས་གཅིག་གི་འདོད་མོས་དང་མི་མཐུན་པའི་རྒྱུ་མཚན་གྱིས་ནམ་ཡང་སྒེར་གཅོད་པར་མི་འབོད།

སྤྱིར་བཏང་གདན་ས་ཁག་ནི་གཞུང་འབྲེལ་མིན་པའི་རང་དབང་ཅན་གྱི་སྡེ་ཚན་ཞིག་གི་ངོ་བོའི་ཐོག་ནས་༸གོང་ས་སྐྱབས་མགོན་མགོན་ཆེན་པོའི་བཀའ་དགོངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཐོག་ཏུ་ཤར་བསྐྱོད་གནང་མཁན་ཡིན་པ་ནི་དགྲ་གཉེན་ཀུན་གྱིས་ཤེས་གསལ་ལྟར་ཡིན་པས་བསྐྱར་བཤད་དགོས་པ་གང་ཡང་མ་མཐོང་།

གནས་ཚུལ་གཞན་ཞིག་ནི། ད་ལན་ཀླུ་བྱམས་ཀྱི་གཏམ་བཤད་ལ་ངོས་ལེན་མ་གནང་མཁན་གྱི་གདན་ས་གཉིས་དང་། རྒྱུད་སྨད་གྲྭ་ཚང་། བཀྲ་ཤིས་ལྷུན་པོ་སོགས་ལ་མཚོན་ན། ཁོང་ཚོས་ངོས་ལེན་མ་བྱས་པའི་རྒྱུ་མཚན་ནི་ཀླུ་བྱམས་རང་བཙན་རྩོད་མཁན་ཡིན་པ་དང་། ཆོས་ལུགས་ཁས་མི་ལེན་པ་སོགས་དང་འབྲེལ་བ་གང་ཡང་མེད་ལ། དྲྭ་འབུ་དག་གིས་འུར་བཞིན་པའི་ལམ་དབུ་མ་དང་རང་བཙན་གྱི་འཐབ་རྩོད་ཅིག་ནམ་ཡང་མིན།

ཡང་ན་ཅིའི་ཕྱིར་ངོས་ལེན་མ་བྱས་ཡིན་ཞེ་ན། ཀུན་གྱིས་ཤེས་གསལ་ལྟར། ཀླུ་བྱམས་ཀྱིས་༸གོང་ས་སྐྱབས་མགོན་པོ་ཆེན་པོ་མཆོག་ལ་གཞི་མེད་པའི་སྐུར་འདེབས་དང་ལོག་བཤད་བྱས་པ་དེ་དག་དང་འབྲེལ་བ་ཡོད་པས་ལོས་ཡིན། ལྷག་པར་དུ་༸གོང་ས་སྐྱབས་མགོན་ཆེན་པོས་དོལ་རྒྱལ་དང་འབྲེལ་བའི་བླང་དོར་ལམ་སྟོན་ལ། ཀླུ་བྱམས་ཀྱིས་ལ་ཕར་ནང་ནས་རྒྱ་དམར་གཞུང་གིས་ཆོས་དད་རང་དབང་བཅོམ་སྟངས་དང་། ལ་ཚུར་ཕྱོགས་ནས༸གོང་ས་མཆོག་གིས་ལམ་སྟོན་དང་མཚུངས་བསྡུ་བྱས་པ་སོགས། གང་ལྟར་བཟང་སྤྱོད་དང་ཡོངས་སུ་བྲལ་བའི་སྒོ་ནས་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་དེ་དག་ལ་བརྟེན་ནས་དེང་སྐབས་དོལ་ཚོགས་ཀྱི་མི་སྣ་ཨ་དར་ཞར་ཀོག་གཙོ་བོར་བྱས་ནས་ཀླུ་བྱམས་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་སྟོན་པ་སོགས་དང་འབྲེལ་བ་ཡོད་པས་ཡིན་ལ། རྒྱུན་དུ་བཙན་བྱོལ་སྒྲིག་འཛུགས་དང་། བོད་སྤྱི་པའི་རྩ་དོན་ལ་འགན་ཁུར་དང་ལྷག་བསམ་མེད་པ་ཙམ་དུ་མ་ཟད། ད་དུང་རྐུབ་བསྟན་མཁན་ཚོས་ཀྱང་ཀླུ་བྱམས་ཀྱིས་འུར་བརྒྱབ་མ་ཐག་ཏུ་བོད་མི་རིགས་དང་བསྟན་པ་ཆབ་སྲིད་ཀྱི་དར་ཆ་རྫུན་མ་མཁའ་དབྱིངས་སུ་སྒྲེང་མཁན་དག་གི་བྱ་སྤྱོད་ལས་ཀྱང་ཡིན་སྲིད།

འོན་ཏང་དེང་གི་སྐབས་འཚོལ་རིང་ལུགས་པ་ཚོས་བོད་མིའི་ཆོས་ལུགས་ཆོལ་ཁ་དང་། སྤྱི་སྒེར་གྱི་སྒྲིག་འཛུགས་སོགས། མདོར་ན་ངོ་བོ་དང་རྣམ་པ་ཕྲན་བུ་མི་གཅིག་པ་ཞིག་གང་དུ་ཡོད་པ་དག་བཙལ་འཚོལ་གྱིས་དོན་ངོ་མའི་གནས་ལུགས་ལ་རྒྱབ་ཀྱིས་ཕྱོགས་ཤིང་། ཤེས་ནའང་མ་ཤེས་མདོག་དང་། གོ་ནའང་མ་གོ་མདོག་སོགས། སྐྱུག་བྲོ་བའི་བྱ་སྤྱོད་སྤེལ་མཁན་དག་ལ་ནི་ནམ་ཡང་ཡ་ལན་མི་འདོད་ལ་མི་གྲལ་དུའང་འཇོག་གིན་མེད།
ཡིན་ནའང་དོན་དངོས་ཀྱི་གནས་ལུགས་གང་ཡིན་གསལ་བཤད་རེ་དགོས་པའང་རེ་འགའ་ལོག་བཤད་མཁན་པོ་དག་གི་བྲན་དུ་མི་ཚུད་པ་དང་། མགོ་བོ་མི་རྨོངས་པའི་ཕྱིར་དུ་ཡིན་ལ། ཡང་སྒོས་རང་ཉིད་ཀྱང་བཙན་བྱོལ་སྒྲིག་འཛུགས་དང་༸གོང་ས་སྐྱབས་མགོན་པོའི་བཀའ་དྲིན་ལས་ཆོས་སྲིད་གཉིས་ཀྱིས་གསོས་ཤིང་བསྐྱངས་པའི་འོག་ནས་ནར་སོན་པའི་སྐྱེ་བོ་ཞིག་ཡིན་པས། བྱས་པ་དྲིན་དུ་གོ་ཡོད་པའི་བརྡ་ལན་ཙམ་ཡང་མེད་ན་ཆེས་ཐ་ཤལ་དང་བླུན་སྤྱོད་ཅན་ཞིག་ཡིན་པར་བསམས་ནས་སོ།། །།
ལྷ་མཁར་དྲག་དྲང་སོང༌། གཞི་མེད་སྐྱོན་འཛུགས་རེད་མི་མདའ། དེང་སང་འཐབ་རྩོད་པ་ཚོ་དེ་འདྲ་མ་རེད་པས། ཁ་ནས་མི་གཞན་ཞིག་གིས་རང་བཙན་འཐབ་རྩོད་དགོས་རབས་འདྲ་བོ་ཤོད་མཁས་པ་ལས། རང་གིས་འགོ་འཁྲིད་ནས་འདི་འདྲ་བྱས་ནས་འགྲོ་དགོས་རེད་ཟེར་མཁན་ནི་མི་འདུག མི་ནག་ཁྱོད་ཀྱིས་ཤོད་དང༌། གཅིག་བྱས་ན་ཁྱེད་རང་གིས་མེ་མདའ་འཁྱེར་ནས་རྒྱ་ནག་དགྲ་བོའི་ཕྱོགས་སུ་འགྲོ་བཞིན་ཡོད་རྒྱུ་རེད་ད། དེས་ན་ག་པར་ཡོད་མེད་པར་ཞིག་གཏང་ཤོག་ཨ་ཕ་བཟང་གི་བུ།
གཞི་མེད་སྐྱོན་འཛུགས་རང་རེད། རང་བཙན་ལྟ་གྲུབ་ལ་མཐོང་ཆུང་ནམ་ཡང་བྱེད་མི་ཉན། ལོ་རྒྱུས་ཤེས་མཁན་ཞིག་ཡིན་ན། རང་གི་མགོ་རང་གིས་རྡོས་བརྒྱབ་པ་རང་རེད། གཞན་དགོས་དོན་མེད། ལྐུགས་པ་མིན་ན།
དེ་ག་རང་རེད། བོད་མི་ཚོས་ཤེས་ཀྱི་ཡོད་ས་མརེད། བོད་རང་བཙན་དུས་ནམ་ཡང་ཁ་ནས་ཤོད་རྒྱུ་དེ་བློ་གཏོང་མི་ཉན་ལ། ཁོར་ཡུག་གུ་ཡངས་པོ་ཡོད་ས་དང་ལུས་སྲོག་ལ་ཉེན་ཁ་མེད་ས་ཞིག་ཏུ་སོང་ནས་མི་རབས་ནས་མི་རབས་བར། དུས་རབས་ནས་དུས་རབས་བར་བོད་རང་བཙན་རེད་ད། བློ་གཏོང་མི་ཉན་ཞེས་ཤོད་འཚམས་མ་བཞག་པ་བྱས་ན་དམག་རྒྱག་མི་དགོས་པ། སྔོན་ལོ་རྒྱུས་ཁྲོད་དམག་ཆེན་ཁག་གི་སྐབས་དང་མི་འདྲ་བར་རང་བཙན་གྱི་ཤུགས་ལས་ངོ་མ་བྱ་མི་དགོས་པ་དང་། དགྲ་མ་གསོད་པར་དཔའ་བོ་མིང་ཐོགས་རྒྱུ་ཡོད་པ། མཐར་དེང་དུས་ཀྱི་ནུབ་ཕྱོགས་བདེ་བ་ཅན་གྱི་ལམ་ཡིག་འཚོལ་ལམ་བཟང་བོ་ཡོད་རེད་བརྗོད་མཁན་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།