བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

འོས་གཞིར་ཡོད་མཁན་ལས་ལྷག་པ་ངས་བྱེད་ཐུབ་ཀྱི་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༩།༠༣ཉིན་སྤེལ། འོས་གཞིའི་ནང་ཡོད་མཁན་ལས་ལྷག་པ་ཞིག་ངས་བྱེད་ཐུབ་ཀྱི་ཡོད། ཅེས་སྲིད་སྐྱོང་གི་འོས་མི་སྤེན་པ་ཚེ་རིང་མཆོག་གིས་འདི་ག་གསར་ཁང་ནས་བཅར་འདྲི་ཞུ་སྐབས་འགྲེལ་བརྗོད་གནང་སོང་།

༡་སྐུ་ཉིད་སྲིད་སྐྱོང་གི་འོས་མི་ལང་གི་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་ཐོན་གྱི་འདུག དེའི་སྐོར་ལ་འགྲེལ་བཤད་ཅིག་གནང་རོགས། ལན། རེད། ང་རང་ལ་ཆ་བཞག་ན་ཁྱིམ་ཚང་སྐྱོ་བོ་ཡིན་པ་གང་ཞིག་ནང་མི་བུ་ཕྲུག་དགུ་ཡོད་པའི་ནང་ནས་གསུམ་པ་ཞིག་གིས་དཀའ་ངལ་ལ་གདོང་ལེན་བྱས་ཏེ་ཚོགས་གཙོ་ཆགས་པ་རེད། ཚོགས་གཙོ་དེ་ཡང་མང་གཙོ་ཀ་བ་གསུམ་གྱི་ནང་ནས་འགན་ཁུར་མཁན་ཞིག་རེད། དེ་འདྲ་བོ་ལས་དབང་བྱུང་བ་དེ་ང་རང་གི་བསོད་ནམས་ཡིན་དྲན་གྱི་ཡོད། སྲིད་སྐྱོང་ཟེར་བ་དེ་ལས་འགན་ཆེན་པོ་རེད། དཔེར་ན། ཆབ་སྲིད་དང་། འཛིན་སྐྱོང་གི་ལས་འགན་འཁུར་དགོས་པ་རེད། དེར་བརྟེན་ངས་ལས་འགན་དེ་འཁུར་གྱི་ཡིན་ཟེར་བ་གཅིག་པུས་འགྲིག་ཐབས་མེད་པ་རེད། དེ་ཡང་རང་ངོས་ནས་ལས་ཀ་དེ་བྱེད་དགོས་བསམ་པའི་འདུན་པ་དང་། ཆོད་སེམས། སྙིང་སྟོབས། འཇོན་ཐང་དགོས་པ་རེད། དེ་དག་ང་རང་ལ་ཡོད་དྲན་གྱི་ཡོད། འདས་པའི་ལོ་ངོ་མང་པོ་ཞིག་གི་རིང་བསགས་པའི་ངའི་ལས་ཀའི་ཉམས་མྱོང་ཞིག་རེད། འོན་ཀྱང་ཉམས་མྱོང་དེ་ཡོད་ཟེར་བ་གཅིག་པུས་ཀྱང་ཕན་གྱི་མ་རེད། མི་མང་གིས་རྒྱབ་བསྐྱོར་དགོས་པ་རེད། མི་མང་གིས་རྒྱབ་བསྐྱོར་མེད་ན་ང་སྲིད་སྐྱོང་བྱེད་ཀྱི་ཡིན་ཟེར་ནས་འཕག་འཚག་ག་ཚོད་རྒྱབ་ཀྱང་ཕན་ཐོགས་མེད་པ་རེད།

བར་ལམ་ཞིག་ནས་མང་གཙོ་ཚོགས་པའི་འོས་ཤོག་ནང་ང་དང་བློ་བཟང་སེང་གེ་འོས་ཤིང་འཚམས་པ་རེད་འདུག་ཟེར་ནས་འོས་མིར་བདམས་འདུག། གཞན་ཡང་དབུས་གཙང་ཆོལ་ཁའི་ངོས་ནས་ཀྱང་ང་ལ་ཚད་མཐོ་པོས་རྒྱབ་སྐྱོར་གནང་ནས་འོས་མིར་བཏོན་པ་རེད། དེར་བརྟེན་མི་མང་གིས་རྒྱབ་སྐྱོར་གྱི་རྣམ་པ་ཡོད་པ་ཚོགས་པ་དེ་གཉིས་ནས་མཚོན་ཐུབ་ཀྱི་འདུག

དེ་བཞིན་མི་སྒེར་མང་པོ་ཞིག་གིས་ཀྱང་ངའི་ལས་ཁུངས་ལ་ཡོང་བའམ་ཡང་ན་ཁ་པར་ཐོག་ནས་འབྲེལ་བ་བྱས་ནས་ད་ཐེངས་ཁྱེད་རང་ངེས་པར་དུ་སྲིད་སྐྱོང་ལང་རོགས་གནང་། དེ་དུས་ཀྱི་དགོས་མཁོ་རེད་འདུག་ཟེར་ནས་རེ་བ་མང་པོ་རྒྱག་གིན་འདུག། མི་མང་གིས་རེ་བ་མང་པོ་བརྒྱབས་ཡོང་དུས་ངས་འགེམས་པ་བྱས་ན་ཏག་ཏག་ཅིག་ཡོང་གི་མི་འདུག སྲིད་སྐྱོང་བྱས་ནས་ལས་འགན་ཞིག་བསྒྲུབ་དགོས་པ་རེད། སྲིད་སྐྱོང་བྱེད་པར་ལས་དབང་དང་། ལྷག་བསམ། རྒྱབ་བསྐྱོར་གསུམ་ག་ཡོད་ན་མི་མང་གིས་རེ་བ་བརྒྱབས་པ་ནང་ལྟར་ད་ལྟ་ལས་ཡག་པ་མེད་ན་ཡང་སྐྱོ་བ་རྩ་བ་ནས་ཡོང་གི་མ་རེད་བསམས་ཏེ་དམ་བཅའ་བརྟན་པོ་ཞིག་གི་ཐོག་ནས་སྲིད་སྐྱོང་ལང་དགོས་པའི་ལྟ་སྟངས་དེ་འདྲ་ཡིན།

ང་ལ་འོས་བླུགས་མ་བླུགས་ཀྱི་སྐད་ཆ་མ་རེད། སྲིད་སྐྱོང་གི་འགན་བཞེས་ཚར་བའི་རྗེས་ལ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་མཉམ་རུབ་བྱེད་ཐུབ་པ། དེ་བཞིན་བཀའ་ཤག་དང་། གྲོས་ཚོགས། ཁྲིམས་ཞིབ་ཁང་ཚང་མས་ནུས་པ་མཉམ་སྤུངས་བྱེད་ཐུབ་པ་མ་ཟད། འཛིན་སྐྱོང་གི་འགྲོ་སྟངས་ཐད་ལའང་ལྷན་ཁང་རེ་རེར་ཡར་རྒྱས་གཏོང་རྒྱུ་ག་རེ་ཡོད་མེད་དེ་ང་ལ་བསམ་བློ་ཤུགས་ཆེན་པོ་ཡོད།

༢ སྐུ་ཉིད་སྲིད་སྐྱོང་ལང་རྒྱུའི་དམིགས་ཡུལ་གཙོ་བོ་དེ་གང་རེད་དམ། ལན། དམིགས་ཡུལ་གཙོ་བོ་དེ་བོད་མི་མང་ལ་ཞབས་ཕྱི་ཞུ་རྒྱུ་དང་། ༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབས་ཐུབ་པ་བྱེད་རྒྱུ་དེ་རེད། ང་མི་སྒེར་པ་ཞིག་རྐུབ་སྟེགས་ཤིག་གི་ཐོག་ལ་བསྡད་པ་གཅིག་པུས་ཕན་ཐོགས་མེད་པ་རེད། གྲོས་ཚོགས་འཚོགས་པའི་སྐབས་སུ་རྐུབ་སྟེགས་མཐོ་པོ་ཞིག་གི་ཐོག་ལ་བསྡད་པ་མ་གཏོགས་དུས་རྒྱུན་ལས་ཀ་བྱེད་སྐབས་མི་མང་མཉམ་དུ་གཤིབས་ནས་ལས་ཀ་བྱེད་ཀྱི་ཡོད། དཔོན་པོ་དང་དབང་ཆ་ཆེན་པོ་ཡོད་བསམས་ནས་སྡོད་ཀྱི་མེད། ངས་སྲིད་སྐྱོང་ལང་དགོས་དོན་དེ། མི་མང་ལ་ངས་ཞབས་ཕྱི་ཞུ་ཐུབ་པ་འདུག བོད་སྤྱིའི་རྩ་དོན་ལའང་ངས་ཞབས་འདེགས་ཞུ་ཐུབ་པ་འདུག ༧གོང་ས་མཆོག་གི་བཀའ་དགོངས་གཞི་དེའང་ངས་་བསྒྲུབས་ཐུབ་པ་འདུག་ཟེར་གྱི་ཡོད།

༣ གལ་སྲིད་སྐུ་ཉིད་སྲིད་སྐྱོང་ཐོབ་པ་ཡིན་ན་དམིགས་བསལ་གལ་གནད་ཆེ་བའི་ཕྱག་ལས་གང་དང་གང་གནང་རྒྱུ་ཡིན་ནམ། ལན། ལས་གཞི་མང་པོ་ཡོད་རེད། དཔེར་ན་གཞོན་སྐྱེས་གཅིག་པུ་ལ་དམིགས་པའི་ལས་གཞི་ག་ཚོད་ཡོད་པ་རེད། ང་ཚོའི་མ་འོངས་པའི་མ་རྩ་དེ་གཞོན་སྐྱེས་དེ་དག་རེད། དེ་དག་གསོ་སྐྱོང་ཇི་ལྟར་བྱེད་དགོས་ཀྱི་འདུག མ་འོངས་པར་བོད་མི་རིགས་ཀྱི་འགན་ཁུར་ཐུབ་མཁན་ཞིག་ཇི་ལྟར་བཟོ་ཐུབ་ཀྱི་འདུག དེ་གཙོ་བོ་ཞིག་རེད་དྲན་གྱི་འདུག

 ཕྲུ་གུ་དེ་དག་གི་ཤེས་ཡོན་ཆེད་སློབ་ཡོན་སྤྲད་པ་ཙམ་མ་ཡིན་པར་ལེགས་ཉེས་བླང་དོར་གྱི་གནད་ལས་གྲོལ་ཐུབ་པ་པ་མ་ཟད། རྣམ་དཔྱོད་ལྡན་པའི་མི་རིགས་ཤིག་བཟོ་དགོས་པ་གལ་ཆེན་པོ་རེད། དེ་ཡང་དེང་དུས་ཤེས་ཡོན་གཅིག་པུས་འགྲིག་ཐབས་མེད་པ་རེད། དེའི་ཐོག་ནང་ཆོས་སློབ་སྦྱོང་བྱེད་དགོས་པ་རེད།
དེ་བཞིན་ཕྱི་རྒྱལ་ཁག་ལ་ཡིན་ཡང་བོད་རིགས་སློབ་གྲྭ་ཞིག་བཙུགས་རོགས་གནང་ཞེས་སྐད་ཆ་མང་པོ་ཡོང་གི་འདུག ཨ་རི་དང་ཡོ་རོབ་ནང་སློབ་གྲྭ་བཙུགས་དགོས་ཀྱི་འདུག་ཟེར་གྱི་ཡོད་ན་ཡང་སློབ་གྲྭ་བཙུགས་པ་ལ་སློབ་ཕྲུག་དགོས་ཀྱི་ཡོད་རེད། སློབ་གྲྭ་གསར་འཛུགས་མ་བྱས་སྔོན་ནས་ཟླ་བ་གཉིས་གུང་གསེང་ཡོད་པའི་སྐབས་སུ་བོད་ཡིག་ཟབ་སྦྱོང་གོ་སྒྲིག་བྱས། དེ་རྗེས་རིམ་བཞིན་བོད་པའི་སློབ་གྲྭ་གསར་འཛུགས་བྱས་ན་ཡོང་ཐུབ་མ་ཐུབ་དེ་བལྟ་རྒྱུ་ཡོད་པ་རེད་དྲན་གྱི་ཡོད།

༤སྐུ་ཉིད་ལ་སྲིད་སྐྱོང་འོས་མི་ལང་མཁན་གཞན་ཚོ་དང་མི་འདྲ་བའི་ལས་འཆར་གང་དང་གང་ཡོད་དམ། ལན། ཆོས་རིག་ལས་ཁུངས་ལ་ཆ་བཞག་ན་བོད་བརྒྱུད་ནང་བསྟན་ཁྱབ་སྤེལ་ཇི་ལྟར་གཏོང་དགོས་མིན་དང་། དེ་ལ་ང་ཚོས་མཐུན་རྐྱེན་གང་སྦྱར་དགོས་པ། དེ་བཞིན་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཚོས་གང་དང་གང་གནང་ཐུབ་ཀྱི་ཡོད་མེད་ལ་བལྟ་རྒྱུ་འདུག་དྲན་གྱི་ཡོད། བདེ་སྲུང་ལ་ཆ་བཞག་ན། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་ཐོག་དོ་རྒྱལ་བསྟན་མཁན་ཚོ་ཡིན་ཡང་མི་རེ་རེའི་རྒྱབ་ལྗོངས་དང་བཅས་པ་ཆ་ཚང་ཞིག་ང་ཚོས་མཛུབ་མོ་བཙུགས་ཐུབ་པའི་གནས་སྟངས་བཟོ་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་རེད། དེ་བཞིན་བོད་ནས་ཡོང་མཁན་ཚོར་བལྟ་སྐྱོང་བྱེད་རྒྱུ་གལ་ཆེན་པོ་རེད།

ནང་སྲིད་ལ་ཆ་བཞག་ན། ཉམས་ཐག་ལ་ཞིབ་འཇུག་བྱེད་དགོས་པ་དེ་རེད། དེང་གི་ཆར་མི་སྒེར་སོ་སོ་གནས་སྟངས་ཡར་རྒྱས་འགྲོ་ཡི་ཡོད་རེད། འོན་ཀྱང་སྤྱི་ལ་རོགས་པ་བྱེད་རྒྱུ་དེ་ཁག་པོ་རེད། མི་སྒེར་སོ་སོའི་དཔལ་འབྱོར་གནས་སྟངས་ཡར་རྒྱས་འགྲོ་ཡི་ཡོད་པ་རེད། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཉམས་ཐག་ལ་རོགས་སྐྱོར་བྱས་པ་མང་པོ་ཡོད་རེད། དངོས་ཡོད་ཉམས་ཐག་ལ་ཚད་དང་ལྡན་པའི་རོགས་སྐྱོར་བྱེད་དགོས་པ་རེད། ཤེས་རིག་ལས་ཁུངས་ལ་ཆ་བཞག་ན་ཡང་CTSརྩིས་ལེན་ཐུབ་མ་ཐུབ་ཀྱི་གནས་སྟངས་དེ་ཐག་ཆོད་དགོས་རེད། སློབ་གྲྭ་མང་པོ་ཞིག་ཡོད་ན་ཡང་དེའི་ནང་བོད་པའི་སློབ་ཕྲུག་ཡོད་མཁན་ཉུང་ཉུང་རེད། སློབ་གྲྭ་ཁུངས་འཁྱོལ་མ་འཁྱོལ་ཡོད་པ་ལས་ཚད་ལྡན་གྱི་སློབ་གྲྭ་ཞིག་ཡོད་པ་བྱེད་རྒྱུའི་བསམ་བློ་གཏོང་རྒྱུ་ཡོད་རེད།

ཕྱི་དྲིལ་ལ་ཆ་བཞག་ན། དོན་གཅོད་དང་། བོད་གཞུང་། སྤྱི་འཐུས། བོད་དོན་རྒྱབ་བསྐྱོར་ཚོགས་པ་ཡོད་པ་ཚང་མ་མཉམ་རུབ་བྱེད་དགོས་ཀྱི་རེད་མ་གཏོགས། ང་ཚོའི་མི་དང་། དཔལ་འབྱོར་གྱི་ནུས་པ་འདང་གི་མེད་འདུག་ཟེར་ནས་ཚང་མ་ཁ་ཐོར་ནས་བསྡད་དགོས་བྱུང་ན་ནུས་པ་མཉམ་སྤུངས་ཡོང་གི་མ་རེད། དེ་ངས་བྱེད་ཐུབ་པ་ཡོད་བསམ་གྱི་ཡོད། གཞན་ཡང་བཀའ་ཤག་གི་སྲིད་བྱུས་ག་ཚོད་ཡག་པོ་ཡོད་ན་ཡང་ལས་བྱེད་ཀྱིས་མ་བྱས་ན་གང་ཡང་བྱེད་ཐུབ་ཀྱི་མ་རེད། དེར་བརྟེན་འོས་གཞིའི་ནང་ཡོད་མཁན་ལས་ལྷག་པ་ཞིག་ངས་བྱེད་ཐུབ་ཀྱི་ཡོད།

༥གོང་གི་དྲི་བ་ཁག་དང་མ་འབྲེལ་བའི་གལ་གནད་ཆེ་བའི་དགོངས་འཆར་འདྲ་གསུང་རྒྱུ་ཡོད་དམ། ལན། ང་ཚོའི་ཆོལ་ཁ་ཕྱོགས་རིས་ཚང་མ་ཉུང་རུ་ཕྱིན་ཚར་བ་རེད། དེ་ཡང་བསྐྱར་དུ་འབུར་དུ་ཐོན་ཡོང་ན་ང་ཚོའི་སྤྱི་ཚོགས་དེ་དུམ་བུར་འགྲོ་བའི་ཉེན་ཁ་ཡོད་རེད་དམ་མ་རེད། འོས་བླུག་རྒྱུ་དེ་མི་རེ་ངོ་རེས་བསམ་བློ་གཏོང་དགོས་རེད། སོ་སོའི་དབང་ཆ་དེ་མི་གཞན་ལ་སྤྲད་པ་ཡིན་ན་བྱེད་རྒྱུ་ལྷག་མེད་པ་རེད། དུས་རྒྱུན་དུ་ནས་སོ་སོས་དོ་སྣང་སྤྲད་ཡོད་ན་སེམས་ཐག་ཆོད་པོས་འོས་བླུགས་ཐུབ་ཀྱི་རེད།

གསར་འགོད་པ། ཟླ་བཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༦༢༠༡༥༢༣༥༥
བསྟན་ཕན་བདེ།
རྒྱུ་མཚན་དེ་དག་དངོས་གནས་ཡང་དག་ཅིག་རེད་འདུག འོས་མི་ཟེར་དེ་འདྲ་ཞིག་དགོས་པ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།