བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ལུས་པོ་བྲལ་ཡང་སེམས་ཐག་ཉེ་བོ་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༨།༢༨ཉིན་སྤེལ། འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་གནས་སྟངས་དང་། དམིགས་བསལ་གྱི་གྲུབ་འབྲས། རྒྱུན་གནས་སྲ་བརྟན་ཡོང་ཐབས་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་ཞིག་གཤམ་དུ་བཀོད་ཡོད་པས་གཟིགས་ཞིབ་ཡོད་པ་ཞུ།

༡ ཐོག་མར་ཚོགས་གཙོ་མཆོག་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས། ལན། ༡༩༦༧ལོ་འགོར་བྷེལ་ཀོབ་ལུགས་བཟུང་བསམ་གྲུབ་གླིང་གི་གཞིས་ཆགས་ནང་སྐྱེས་པ་རེད། བོད་པའི་འགྲོ་སྟངས་གཞིར་བཟུང་བྱས་ན་ལོ་རྟགས་རྟ་རེད། ཕ་མིང་བློ་བཟང་སྙན་གྲགས་ཕ་ཡུལ་ཨ་མདོ་གཅན་ཚ་ནས་རེད། མ་མིང་ལ་འཚམས་ལགས་ཕ་ཡུལ་གཞིས་ཀ་རྩེ་ནས་རེད། ང་ཚོའི་ཁྱིམ་ཚང་ནང་བུ་མོ་དྲུག་དང་བུ་གསུམ་བཅས་མིང་སྲིང་དགུ་ཡོད་པ་ལས་ང་རང་གསུམ་པ་དེ་ཡིན། ཆུང་དུས་སློབ་སྦྱོང་དང་ཞིང་ལས་གཉིས་ཀ་བྱེད་དགོས་ཀྱི་ཡོད་པ་དང་དཀའ་ངལ་ཡང་ཆེན་པོ་རེད། སྐབས་དེར་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་ནས་བཟའ་ཆས་མང་པོ་ཞིག་བཏང་ཡོང་གི་ཡོད་པ་ལ་བརྟེན་ནས་འཚོ་བ་རེད།

སློབ་གྲྭ་དེ་འཛིན་རིམ་དང་པོ་ནས་བཞི་པ་བར་བྷེལ་ཀོབ་ཨ་ལི་ཀུ་མར་སློབ་གྲྭར་ཕྱིན་པ་ཡིན།  འཛིན་གྲྭ་ལྔ་པ་དེ་CVBཟེར་ནས་གཞིས་ཆགས་གསར་པའི་སློབ་གྲྭ་དེ་རུ་ཕྱིན། འཛིན་རིམ་དྲུག་པ་ནས་བཅུ་གཉིས་ཆ་ཚང་CSTནང་སྦྱང་པ་རེད། འཛིན་རིམ་དགུ་པའི་སྐབས་ལོ་གསུམ་དང་ཕྱེད་ཀ་ལྷག་ཙམ་སློབ་གྲྭའི་སྤྱི་ཁྱབ་འགན་བདག་བྱས་པ་རེད། ༡༩༨༥ལོར་འཛིན་རིམ་བཅུ་གཉིས་ཐོན་སྐབས་རྒྱ་གར་ནང་ཡོད་པའི་བོད་པའི་སློབ་གྲྭ་ཚང་མའི་ནང་ནས་ཡིག་རྒྱུགས་ཨང་དང་པོ་དེ་ཐོབ་པ་རེད། དེ་རྗེས་༡༩༨༥ནས་༡༩༨༨ཕྱི་ཟླ་གསུམ་པ་བར་དུ་མ་དྷི་ར་སི་ཡེ་ཤུའི་མཐོ་སློབ་ནང་དཔལ་འབྱོར་རིག་པའི་སྐོར་ལ་སློབ་སྦྱོང་དམིགས་བསལ་བྱེད་རྒྱུའི་གོ་སྐབས་ཐོབ། དེ་རྗེས་སློབ་གྲྭ་དེ་ནས་ཐོན་སྐབས་ཁྱིམ་ཚང་གི་དཔལ་འབྱོར་གནས་སྟངས་སྐྱོ་བོ་རེད། སྐབས་དེར་ཤེས་ཡོན་རོགས་རམ་ཞེས་པ་དེ་ཐོབ་ཀྱི་ཡོད་པ་རེད། དེའི་ཐོག་ནས་མཚན་གྱི་ཆུ་ཚོད་བདུན་པ་ནས་བཅུ་གཅིག་བར་ཟ་ཁང་ནང་ལས་ཀ་བྱས་ནས་ལོ་གསུམ་རིང་མཐོ་སློབ་འགྲིམས་སྐབས་ཁྱིམ་ནས་དངུལ་སྐར་མ་གཅིག་ལེན་མི་དགོས་པ་མ་ཟད་ད་དུང་ཁྱིམ་ལ་རོགས་པ་བྱེད་ཐུབ་པའི་གནས་སྟངས་ཤིག་ཡིན།

གཙོ་བོ་དེ་ཨ་ཕས་སློབ་གྲྭ་ཐོན་རྗེས་བོད་གཞུང་གི་ལས་ཀ་བྱེད་དགོས་རེད་ཅེས་བཤད་ཀྱི་ཡོད། འོན་ཀྱང་མིང་སྲིང་མང་པོ་དང་དེ་དག་ཆུང་ཆུང་ཡིན་དུས་ཁྱིམ་ཚང་ནང་འཚོ་རྟེན་གྱི་གནས་ཡུལ་མང་པོ་མེད་པ་དང་གཅེན་མོ་དང་གཅེན་པོ་དག་དམག་སྒར་ལ་ཕྱིན་ནས་ཁྱིམ་ཚང་གི་འགན་དེ་ངའི་ཐོག་བབས་ཡོང་དུས་ཟ་ཁང་ཞིག་བཙུགས་པ་རེད། དེ་སྔོན་མཐོ་སློབ་ཏུ་ཡོད་པའི་ཞོར་དུ་ཟ་ཁང་ནང་ལས་ཀ་བྱེད་ཀྱི་ཡོད་པའི་སྐབས་དེར་ལྷ་སར་ཞི་རྒོལ་སྐབས་ཁེལ་ཡོད་སྟབས་ལས་འགུལ་ཡང་མང་པོ་ཞིག་སྤེལ་ཡོད་པ་རེད། སྐབས་དེར་སྤྱི་པའི་ལས་ཀ་དང་ཟ་ཁང་ལས་ཀ་གཉིས་ལས་རེས་བྱས་ཏེ་མཐོ་སློབ་འགྲིམས་པ་རེད།
༡༩༩༤ལོར་དྷ་སར་ཡོང་ནས་ཚོགས་འདུ་ཞིག་གི་ཐོག་སྐད་ཆ་ཞིག་བཤད། ལག་པ་ཞིག་བརྐྱངས་རྗེས་མདོ་སྨད་དབུས་རྒྱུན་ལས་ཀྱི་དྲུང་ཆེར་འོས་བླུགས་པ་རེད། ༡༩༩༦ལོར་མདོ་སྨད་དབུས་རྒྱུན་ལས་ཀྱི་དྲུང་ཆེ་བྱས། དེ་ནས་རིམ་བཞིན་མདོ་སྨད་སྤྱི་འཐུས་ནང་འདེམས་ཐོན་བྱུང་བ་རེད། ༡༩༩༦ནས་ད་ལྟ་བར་སྤྱི་འཐུས་བྱས་ནས་ལོ་བཅུ་དགུ་ལྷག་འགྲོ་ཡི་ཡོད་རེད། ༢༠༠༠ལོར་རྒྱུན་ལས་ཟླ་བ་བཞི་ལྷག་བྱས་རྗེས་ལྡི་ལིར་བོད་ཀྱི་གྲོས་ཚོགས་ཁང་དང་སྲིད་བྱུས་ཉམས་ཞིབ་ཁང་ནང་ལོ་བདུན་དང་ཕྱེད་ཀ་ལས་ཀ་བྱས་པ་ཡིན།  ལས་ཀ་དེ་བྱས་པ་བརྒྱུད་ང་ལ་ཉམས་མྱོང་ཚད་ལྡན་བྱུང་བ་རེད། དཔེར་ན། སྤྱི་ཚོགས་ནང་འབྲེལ་བ་བྱེད་པ། ཟབ་སྦྱོང་དང་ཚོགས་འདུ་གོ་སྒྲིག་ཞུ་བ། གནད་ཡོད་མི་སྣ་ཐུག་འཕྲད་བྱེད་པ་བཅས་ཉམས་མྱོང་མང་པོ་ཞིག་ཐོབ་བྱུང་།

༢༠༠༦ལོར་སྤྱི་འཐུས་འོས་འདེམས་བྱུང་བའི་སྐབས་དེར། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང་ང་གཉིས་ཐེངས་བཞི་འོས་ཤོག་གཅིག་མཚུངས་བྱུང་བ་རེད། དེར་བརྟེན་འོས་བསྡུ་ལས་ཁུངས་ཀྱིས་ང་གཉིས་མི་རེ་ལ་ལོ་གཉིས་དང་ཕྱེད་ཀ་ཁག་བགོས་གནང་བ་རེད། ཀརྨ་ཆོས་འཕེལ་གྱིས་༢༠༠༦གི་ཕྱི་ཟླ་༦པ་ནས་༢༠༠༨ཀྱི་ཕྱི་ཟླ་༡༢་བར་ཚོགས་གཙོ་གནང་། དེ་རྗེས་༢༠༠༨ཀྱི་ཕྱི་ཟླ་༡༢པའི་ཚེས་༡༦ནས་༢༠༡༡བར་ངས་ཚོགས་གཙོ་བྱས་པ་རེད། དེ་རྗེས་ཡང་བསྐྱར་སྤྱི་འཐུས་ནང་ཚོགས་གཙོ་བྱེད་རྒྱུ་འདེམས་ཐོན་བྱུང་ནས་ད་ལྟ་མུ་མཐུད་ནས་སྤྱི་འཐུས་སྐབས་བཅོ་༡༥པའི་ཚོགས་གཙོའི་ལས་འགན་འཁུར་བཞིན་ཡོད།
ཚོགས་གཙོ་བྱེད་པའི་རིང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་གསུམ་གོ་སྒྲིག་ཞུ་རྒྱུ་བྱུང་བ་དང་། རྒྱལ་སྤྱིའི་ཚོགས་འདུ་མང་པོ་ཞིག་ནང་གཏམ་བཤད་བྱེད་རྒྱུ་བྱུང་། དེ་བཞིན་སྤྱི་འཐུས་འགན་འཁུར་བའི་ཐོག་ནས་སྤྱི་འཐུས་ཀྱི་ཁང་པ་གསར་རྒྱག་གི་གནས་སྟངས་བཅས་གང་སྤྱིའི་ཐད་ནས་སྔོན་མ་ནང་ལྟར་རེ་བ་ཡོད་པ་ནང་བཞིན་བསྒྲུབས་ཡོད། ད་དུང་སྤྱི་འཐུས་ཚོགས་གཙོ་ཟླ་བ་བརྒྱད་དགུ་ཞིག་ལྷག་ཡོད་རེད་ཞུ་རྒྱུ་ཡིན།

༢ སྐུ་ཉིད་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་བའི་དུས་ཡུན་ནང་། སྔར་དང་མི་འདྲ་བའི་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཡོད་དམ། ལན། སྤྱིར་བཏང་ང་རང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་ཆེ་ཕྲ་ཆུང་གསུམ་ཡོང་གི་ཡོད་པ་རེད། ༡༩༩༦ལོར་ང་སྤྱི་འཐུས་ཡིན་པའི་སྐབས་སུ། སྐབས་༡༡པའི་སྤྱི་འཐུས་རྫོགས་ཚར་ཙམ་རེད། སྐབས་༡༡པའི་སྤྱི་འཐུས་དེ་བཅའ་ཁྲིམས་གཏན་འབེབས་བྱེད་མཁན་གྱི་གྲོས་ཚོགས་ཁྲིམས་བཟོ་ལྷན་ཁང་རེད། ང་ཚོགས་གཙོ་སླེབས་པའི་སྐབས་དེར་ཆོལ་ཁ་དང་ཆོས་ལུགས་དབྱེ་འབྱེད་ཀྱི་ཤུལ་ཏོག་ཙམ་ལྷག་འདུག དེ་ནས་རིམ་བཞིན་ལོ་ཆུང་བ་སྤྱི་འཐུས་ནང་སླེབས་མཁན་ཚོ་ལྟ་རྒྱ་མཐོང་རྒྱ་ཆེ་རུ་ཕྱིན་ནས་མཁྲེགས་བཟུང་གི་གནས་སྟངས་ཉུང་རུ་ཕྱིན། བཟོད་བསྲན་ཆེ་རུ་ཕྱིན་པའི་གནས་སྟངས་ཤིག་ཆགས་འདུག དེའི་སྔོན་ལ་ཆ་བཞག་ན་རང་ཉིད་ཀྱི་ནོར་འཁྲུལ་ཤོར་ན་ཡང་འགྱུར་བ་གཏོང་རྒྱུ་ཁག་པོ་ཡོད་རེད། འོན་ཀྱང་ལྷག་བསམ་ཆེན་པོ་ཡོད་རེད།

ང་ཚོགས་གཙོ་བྱེད་པའི་སྐབས་འདི་ལ་ཡིན་ན་ཁོར་ཡུག་བཟང་ཤོས་དེ་བྱུང་སོང་བསམ་པ་ཞིག་འདུག སྐབས་དེར་ཚོགས་གཙོ་གཞོན་པ་རྒྱ་རི་སྒྲོལ་མ་རེད། ལས་ཀ་བྱེད་པའི་སྐབས་སུ་ཡིན་ཡང་དང་པོ་དྲི་བ་དེ། འདེམས་ཐོན་བྱུང་བི་མི་མང་གི་སྐུ་ཚབ་ཀྱིས་འགན་ཇི་ལྟར་འཁུར་དགོས་ཀྱི་ཡོད་རེད་ཟེར་བ་དེ་རེད།
འགན་ཁུར་སྟངས་ཀྱི་ཆ་ནས་དྲི་བ་ཆེན་པོ་རེད། ང་ཚོས་ལས་ཀ་བྱེད་སྐབས་༢༠༠༣ལོར་ལག་ལེན་བསྟར་ནས་སྤྱི་འཐུས་ཚང་མས་འོས་བླུགས་མིན་ལ་མ་ལྟོས་པར་ས་ཆ་ཁག་༡༩་ཁག་བགོས་བྱས་ཡིན།  སྤྱི་འཐུས་དེ་དག་གིས་ས་ཆ་གཅིག་རང་ལ་ལོ་གཉིས་དང་ཕྱེད་ཀ་ལྟ་དགོས་པ་དེ་རེད། སྔོན་མ་ཡིན་ན་ས་ཆ་གཅིག་ལ་ཐེངས་གཅིག་ཕྱིན། མི་མང་གིས་དཀའ་སྡུག་ག་རེ་བཤད་པ་དེ་ཡར་སླེབས་ནས་སྙན་ཐོའི་ནང་བྲིས་ཚར་རྗེས་དམིགས་བསལ་ལས་འགན་མེད་པ་རེད། ལོ་གཉིས་དང་ཕྱེད་ཀ་བགོས་ཡོད་དུས་ཡང་ཡང་འགྲོ་དགོས་ཀྱི་ཡོད་རེད། དེར་བརྟེན་སྔོན་མ་མི་མང་གི་བདེ་སྡུག་ཞུས་པ་དེ་ཚོ་ག་རེ་བྱས་སོང་ཞེས་པའི་སྐད་ཆ་འདི་མང་པོ་ཞིག་ཡོང་གི་ཡོད་རེད།

ང་ཚོའི་བསམ་ཕྱོགས་དེ་འོས་བླུགས་དུས་ཆོལ་ཁ་དང་ཆོས་བརྒྱུད་དེ་ཚོས་བླུགས་ན་ཡང་འོས་འདེམས་ཚར་བའི་རྗེས་ལ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་ཆེད་དུ་ཡིན་བསམ་ནས་ལས་ཀ་བྱེད་དགོས་རེད་མ་གཏོགས་ང་མདོ་སྨད་ནས་འོས་བླུགས་པར་བརྟེན་མདོ་སྨད་གཅིག་པུར་འགན་ཁུར་གྱི་ཡིན་ཟེར་ན་མི་འགྲིག་པ་ཞིག་རེད། ང་ཚོས་དེའི་ལས་གཞི་དེ་ཡག་ཐག་ཆོད་འགྲོ་ཐུབ་ཡོད་པ་རེད། ལས་གཞི་དེའི་རྒྱུ་མཚན་ལ་བརྟེན་ནས་སྤྱི་འཐུས་ཚོས་སོ་སོའི་ས་ཁུལ་གྱི་གནས་སྟངས་དེ་ཡག་པོ་ཤེས་པ་བྱས་ནས་ལས་འགན་མང་པོ་སྤྲད་ཡོད་རེད། ཁག་བགོས་ཀྱི་ས་གནས་སོ་སོའི་ནང་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་བ། གཞི་རིམ་མང་ཚོགས་ཁྲོད་ཤུགས་ཆེ་རུ་བཏང་དགོས་པ། གཞིས་ཆགས་སྲ་བརྟན་གནས་རྒྱུའི་ཐད་ལ་བསམ་བློ་གཏོང་དགོས་པ། བུ་ཕྲུག་ཚོར་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ལ་བསམ་བློ་གཏོང་དགོས་པ། དེ་བཞིན་ཉམས་ཐག་ཡིན་ན་རོགས་སྐྱོར་མ་ཐོབ་པ་ག་ཚོད་འདུག་ལྟ་རྒྱུ་བཅས་དོན་ཚན་ལྔའི་ཐོག་ལས་ཀ་བྱེད་ཀྱི་ཡོད་པ་རེད།

གྲོས་ཚོགས་ནང་ལ་ཆ་བཞག་ན་ཡང་གཞིས་ཆགས་ཀྱི་དཀའ་ངལ། མི་སྒེར་གྱི་དཀའ་ངལ་བཤད་ཡོང་སྐབས་ཁ་ཡོད་ལག་ཡོད་ཀྱི་གནས་ཚུལ་གང་ཡིན་པ་དེ་ཏག་ཏག་བཤད་ཐུབ་ཀྱི་ཡོད་དུས་དེ་རང་བཞིན་གྱིས་གྲོས་ཚོགས་ཀྱིས་མཐོང་གི་ཡོད་རེད། ད་ལྟའི་གྲོས་ཚོགས་འདི་སྔོན་མ་དང་སྡུར་ན་སྤྱི་པའི་ལས་དོན་ཐོག་མང་བ་སྤུང་ཐུབ་པ་དང་། འཛིན་སྐྱོང་ལ་སྟང་འཛིན་བྱེད་རྒྱུ་འཛེམ་ཟོན་མེད་པའི་ཐོག་ནས་གནང་བ་བཅས་ང་རང་གི་ལྟ་སྟངས་བྱས་ན་གང་ཙམ་ཡར་རྒྱས་འགྲོ་ཡོད་པ་མཐོང་གི་ཡོད།

༣ སྤྱི་འཐུས་ལྷན་ཚོགས་ཀྱི་མ་ལག་དང་བཅས་པའི་ལས་དོན་བྱེད་ཕྱོགས་ཀྱི་ཐད་ལ་ངོ་སྤྲོད་ཞིག་གནང་རོགས། ལན། ལོ་རེ་ལ་སྤྱི་འཐུས་ལྷན་ཚོགས་དེ་གྲོས་ཚོགས་ཐེངས་གཉིས་འཚོགས་ཀྱི་ཡོད་རེད། ཕྱི་ཟླ་གསུམ་པའི་ནང་ལ་ཐེངས་གཅིག། དགུ་པའི་ནང་ལ་ཐེངས་གཅིག་འཚོགས་ཀྱི་ཡོད་རེད། ཕྱི་ཟླ་གསུམ་པའི་གྲོས་ཚོགས་ནང་གཙོ་བོ་དེ་སྔོན་རྩིས་བཀའ་གྲོལ་སྤྲོད་རྒྱུ་དེ་རེད། དེའི་ཐོག་བོད་ནང་གི་ཆབ་སྲིད་ཀྱི་གནས་སྟངས་དཔེར་ན་༢༠༠༨ནས་བཟུང་རང་ལུས་མེར་བསྲེགས་གཏོང་མཁན་དང་། ཞི་རྒོལ་སྐད་འབོད་བྱེད་མཁན། དེ་བཞིན་བཙོན་ཁང་ནང་ཆབ་སྲིད་བཙོན་པ་མང་པོ་ཞིག་ལྷག་ཡོད་པ་རྣམས་ལ་ཚོགས་འདུ་མང་པོ་འཚོགས་པ་རེད།

ཚོགས་འདུ་འགོ་འཛུགས་ག་དུས་བྱས་ན་ཡང་མྱ་ངན་གྱི་རྗེས་དྲན་གྲོས་འཆར་གཏོན་པ་དང་། དཀའ་ངལ་འོག་ཡོད་པའི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་བྱེད་པ། དེའི་ཐོག་ལྷན་ཁང་སོ་སོའི་ལས་དོན་བྱེད་ཕྱོགས་མང་པོ་ཞིག་ཡོད་རེད། དེ་བཞིན་ཕྱི་ཟླ་དགུ་པའི་ནང་ལ་འདས་པའི་ལོ་གཅིག་ནང་བཀའ་ཤག་གིས་ལས་དོན་གང་བྱས་ཡོད་པ་དེའི་ལས་བསྡོམས་རྒྱས་པ་དེ་སྔོན་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་བལྟས་རྗེས་དེའི་ནང་དོགས་དྲི་ཡོད་པ་དེ་ཚོ་སྐད་ཆ་དྲི་ཡི་ཡོད་རེད། གྲོས་ཚོགས་ནང་ལས་བསྡོམས་སྙིང་བསྡུས་ཤིག་བཀའ་བློན་རེ་རེ་ནས་གསུང་གི་ཡོད་རེད། འདས་པའི་ལོ་གཅིག་ནང་གང་དང་གང་བྱས་ཡོད་མེད། དེའི་ཐོག་སྤྱི་འཐུས་རྣམ་པ་ཚོས་དྲི་བ་གཏོང་བ་དང་། བགྲོ་གླེང་བྱེད་ཀྱི་ཡོད་རེད། ཚོགས་འདུ་དེ་གཉིས་གཙོ་བོ་དེ་རེད།

གྲོས་ཚོགས་མ་འཚོགས་པའི་སྐབས་ལ་སྤྱི་འཐུས་རྒྱུན་ལས་ཚོགས་གཙོ། ཚོགས་གཞོན་དང་སྤྱི་འཐུས་དགུ། དེ་ཡང་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་། ཆོས་བརྒྱུད་རེ་ནས་སྤྱི་འཐུས་རེ་ཁྱོན་བསྡོམས་སྤྱི་འཐུས་༡༡མཉམ་འཛོམས་ཐོག་འདི་ལ་འཚོགས་ཀྱི་ཡོད་རེད། ད་ལྟའི་སྐབས་ལ་ཡིན་ན་གཟའ་མིག་དམར་དང་ཕུར་བུ་རྟག་པར་རྒྱུན་ལས་ལྷན་ཚོགས་ཟེར་ནས་ཉིན་རེའི་མི་མང་ཚོའི་དཀའ་ངལ་དང་། འཛིན་སྐྱོང་གི་འགྲོ་སྟངས། ཆབ་སྲིད་ཀྱི་འགན་ཁུར་དགོས་པ་དེ་དག་ཚང་མ་ལྟ་ཞིབ་བྱེད་ཀྱི་ཡོད་རེད། གྲོས་ཚོགས་ཀྱིས་ཕྱི་ལ་ལྟ་དགོས་པ་དེ། རྒྱ་གར་དང་། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་བསྐྱོར་འཚོལ་བ་བྱེད་རྒྱུ་དེ་རེད། གྲོས་ཚོགས་འཚོགས་པའི་སྐབས་ལ་མི་མང་གི་སྤྱིའི་བདེ་དོན་དང་གནད་དོན་གང་འདྲ་ཞིག་ཡིན་རུང་དེ་གྲོས་ཚོགས་ནང་ལ་འཁྱེར་སྟངས་དེ། འཛིན་སྐྱོང་ལ་དྲི་བ་བཏང་བ་དང་ཐུགས་སྣང་གཞན་སྐུལ་ཟེར་ནས་འཛིན་སྐྱོང་གིས་དོ་སྣང་སླེབས་དགོས་པ་རེད། དེ་བཞིན་གྲོས་འཆར་དེ་དག་མང་ཆེ་བ་གནད་དོན་ཐོག་གྲོས་སྡུར་བྱེད་རྒྱུ་དེ་རེད། ཡང་གྲོས་ཆོད་གྲོས་འཆར་ཟེར་ན། བགྲོ་གླེང་བྱས་ནས་ངེས་པར་དུ་གྲོས་ཆོད་བཞག་དགོས་པ་དེ་རེད། དཔེར་ན་ཁྲིམས་བཟོའི་ལས་དོན་དང་། དཔལ་འབྱོར་ལས་དོན་དེ་དག་གྲོས་ཚོགས་འཚོགས་ཐེངས་གཅིག་གི་ནང་ལ་ཚང་མ་ཚུད་ཡོད་པ་རེད།

༤ སྐུ་ཉིད་སྤྱི་འཐུས་ཚོགས་གཙོ་གནང་བའི་རིང་དམིགས་བསལ་གྱི་གྲུབ་འབྲས་ཆེ་བ་གང་དང་གང་བྱུང་ཡོད་དམ། ལན། ང་རང་ཚོའི་ལས་འགན་གཙོ་བོ་དེ་བོད་དོན་འཐབ་རྩོད་དེ་རེད། བོད་རྒྱ་ནག་གི་དབང་སྒྱུར་འོག་ལྷག་ཡོད་པར་བརྟེན། འཐབ་རྩོད་ཀྱི་ལས་འགན་དེ་ཤུགས་ཆེ་ཤོས་དེ་རེད། འཐབ་རྩོད་ཀྱི་ལས་འགན་དེ་མང་གཙོ་ཡིན་དུས། འཛིན་སྐྱོང་ལ་འཛིན་སྐྱོང་གི་ལས་འགན།  གྲོས་ཚོགས་ལ་གྲོས་ཚོགས་ཀྱི་ལས་འགན་བཅས་ལས་འགན་ཁག་བགོས་བྱས་ཡོད་པ་རེད། འོན་ཀྱང་བོད་རྒྱ་གྲོས་མོལ་ཡིན་ན་དེའི་ལས་འགན་གཙོ་བོ་དེ་སྲིད་སྐྱོང་དང་བཀའ་ཤག་གིས་ཁུར་དགོས་ཀྱི་ཡོད་པ་རེད། དེར་བརྟེན་དེ་ང་ཚོས་ཐད་ཀར་ཐེ་བྱུས་བྱེད་ཀྱི་ཡོད་པ་མ་རེད། དེ་མ་ཡིན་པའི་བོད་དོན་རྒྱབ་སྐྱོར་འཚོལ་དགོས་པ་དང་། བོད་ནང་གི་དངོས་ཡོད་གནས་སྟངས་ག་རེ་ཆགས་གི་ཡོད་མེད་དེ་འཛམ་གླིང་ནང་དྲིལ་བསྒྲགས་གང་འདྲ་བྱས་ནས་བྱེད་དགོས་མིན་དེ་ཚོ་སྤྱི་འཐུས་ལྷན་ཚོགས་ཡིན་ཡང་དཀའ་ལས་མང་པོ་རྒྱབ་ཀྱི་ཡོད་རེད། དེའི་ཐོག་ལ་ང་ཚོས་སྔར་དང་མི་འདྲ་བའི་གོང་སྤེལ་བྱུང་ཡོད་པ་རེད་ཞུ་རྒྱུ་ཡིན།

བོད་ནང་ཡོད་པའི་རེ་བ་དེ་ང་ཚོ་ལ་རྒྱབ་ཡོད་རེད། ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོས་བོད་ནང་ཡོད་མཁན་གྱི་བོད་མི་ཚོར་རེ་བ་རྒྱབ་ཡོད་པ་རེད། དེར་བརྟེན་འདིའི་སྒྲིག་འཛུགས་དང་འགྲོ་སྟངས་ཚད་དང་ལྡན་པ་ཞིག་ཡོད་དགོས་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། ལྷག་པར་དུ་འདས་པའི་ལོ་ངོ་ལྔ་བཅུ་ལྷག་རིང་༧རྒྱལ་བ་རིན་པོ་ཆེ་ཡིས་སྐུ་ལས་ཆེན་པོ་ཞིག་སྐྱོན་ནས་སྒྲིག་འཛུགས་བཟོས་པ་རེད། སྒྲོག་འཛུགས་དེ་ཚད་ལྡན་ཡོང་བའི་ཆེད་དུ་མི་མང་དང་གཞུང་གི་དབར་འབྲེལ་ཐག་ཉེ་བོ་ཡོང་བའི་ཆེད་དུ་ཡང་ཡང་མི་མང་ལ་ཐུག་འཕྲད་བྱེད་པ་དེ་སྔོན་མ་ལས་ཤུགས་ཆེ་བ་བྱེད་ཐུབ་ཡོད་དྲན་གྱི་ཡོད།

༥ དེའི་སྐོར་ལ་གནད་འགག་ཆེ་བ་གཅིག་ནས་ལྔ་ཡང་ན་བཅུ་བར་གསུང་རོགས་གནང་། ལན། དང་པོ། གལ་ཆེ་ཤོས་དེ་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་འཚོལ་རྒྱུ་དེ་རེད། གཙོ་བོ་དེ་འཛིན་སྐྱོང་གི་འགན་འཁུར་དགོས་ཀྱི་ཡོད་ན་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོསནས་དེ་མ་འཕྱུག་པ་ཞིག་བྱས་ཡོད་བསམ་གྱི་ཡོད། དེ་གྲུབ་འབྲས་ཆེ་བ་ཞིག་རེད།གཉིས་པ། གོང་ཞུས་མི་མང་གི་གནད་དོན་དང་འབྲེལ་བ་ཡོད་པ་བཤད་ཀྱི་ཡོད་པ་དེ་རེད། མི་མང་དང་འཛིན་སྐྱོང་གི་བར་དུ་ཟམ་པ་ཚད་ལྡན་ཡོང་ཐུབ་པ་ཞིག་དང་མི་མང་ལ་དཀའ་ངལ་གང་ཡོད་དེ་འཛིན་སྐྱིང་གིས་ར་འཕྲོད་ཐུབ་པ་བྱེད་རྒྱུ་དེ་རེད། འཛིན་སྐྱོང་གིས་མི་མང་ལ་དཀའ་སེལ་བྱེད་དགོས་པ་ཞིག་ད་ལྟ་བར་དུ་ཚད་ལྡན་ཡོང་ཡོད་པ་དེ་གྲུབ་འབྲས་ཐོན་པ་ཞིག་ལ་ངོས་འཛིན་བྱས་ན་འགྲིག་གི་རེད་དྲན་གྱི་ཡོད།

གསུམ་པ། སྔོན་མ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཚོགས་གཙོ་གནང་ཚར་བའི་རྗེས་ལ་མི་མང་པོ་ཞིག་ལ་སེམས་ཁྲལ་བྱུང་ཡོད་རེད། གང་རེད་ཟེར་ན། མཁས་དབང་ཟམ་གདོང་རིན་པོ་ཆེའི་རྗེས་ལ་གྲོས་ཚོགས་ཀྱི་འགྲོ་ལུགས་འགྲོ་སྟངས་དེ་ཚོ་གང་འདྲ་ཞིག་ཆགས་ཡོང་བསམ་པའི་སེམས་ཕྲལ་བྱུང་ཡོད་རེད། འོན་ཀྱང་དེའི་རྗེས་ཀྱི་ཚོགས་གཙོ་རྣམ་པ་ཚོ་ཡིན་ཡང་རེད། ལྷག་པར་དུ་ང་རང་གི་འགན་འཁུར་བའི་སྐབས་ལ་གྲོས་ཚོགས་ཀྱི་འགྲོ་ལུགས་དེ་ལ་ཉམས་ཆགས་མ་ཕྱིན་པར་ཧྲ་ཏག་ཏག་འགྲོ་ཐུབ་པ་ཞིག་བྱུང་ཡོད། དེའི་ནང་ནས་གཙོ་བོ། གྲོས་ཚོགས་ཀྱི་ཚོགས་ཁང་དེ་ཡང་ང་ཚོགས་གཙོ་བྱེད་པའི་སྐབས་ལ་རྒྱབ་ཐུབ་ཡོད་རེད། ང་ཚོ་བཙན་བྱོལ་བ་རེད་ཁང་པ་རྫིག་པོ་མི་དགོས་པ་རེད། འོན་ཀྱང་བོད་ནས་ཡོང་མཁན་ཚོ་འདི་ལ་རེ་བ་རྒྱབ་ནས་ཡོང་གི་ཡོད་དུས་ང་ཚོ་འདི་ལ་ཁང་པ་ཚད་ལྡན་མེད་པ་ཡིན་ན་སེམས་ཤུགས་ཆགས་ཀྱི་ཡོད་དུས་གངས་ཅན་སྐྱིད་གཤོངས་ནང་ནས་ཁང་པ་སྐྱིད་ཤོས་དང་མཐུན་རྐྱེན་ཆ་ཚང་ཞིག་སྦྱར་ཐུབ་པ་བྱུང་ཡོད།

བཞི་པ། སྤྱི་ཡོངས་ཀྱི་ལས་ཀ་བྱེད་རྒྱུའི་ཐོག་ལ་ཡིན་ཡང་སྤྱི་འཐུས་ཀྱི་རྒྱུན་ལས་ནང་ལ་སྔོན་མ་ཡིན་ན་རྩོད་པ་མང་པོ་ཤོར་གྱི་ཡོད་རེད། དེ་ཚོ་ཉུང་རུ་ཕྱིན་སྤྱི་འཐུས་ཚོགས་གཙོ་དང་། ཚོགས་གཞོན། རྒྱུན་ལས་བཅས་ཚང་མས་མཉམ་རུབ་ཀྱི་ནུས་པ་བཏོན་ཐུབ་པ་བཅས་དེ་ཚོའི་གནས་སྟངས་ཐད་ལ་ཡང་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཞུ་རྒྱུ་ཡིན།

༦ སྐུ་ཉིད་ཚོགས་གཙོ་གནང་བའི་རིང་ལས་དོན་བྱེད་ཕྱོགས་ཀྱི་ཐད་ལ་གྲུབ་འབྲས་མ་ཐོན་པ་དེ་འདྲ་བྱུང་ཡོད་དམ། ལན། ང་ཚོས་གྲུབ་འབྲས་མ་ཐོན་པ་དེ་ད་ལྟ་བར་དུ་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་དེ་རེད། དེ་མ་གཏོགས་ང་ཚོས་འདི་འདྲ་ཞིག་བྱེད་དགོས་བསམ་པ་ཞིག་བྱེད་ཐུབ་མ་སོང་བསམ་པ་ཞིག་དྲན་གྱི་མི་འདུག

༧ སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་འདས་པའི་ལོའི་ནང་བཙན་བྱོལ་བོད་མིའི་མང་གཙོ་སྲ་བརྟན་དང་ཡར་རྒྱས་གཏོང་ཐབས་ཀྱི་ཐད་ལ་གྲུབ་འབྲས་གང་འདྲ་ཞིག་ཐོན་ཡོད་དམ། ལན། སྤྱི་འཐུས་ལྷན་ཚོགས་རང་ནས་བཟོ་རྒྱུ་ཁག་པོ་རེད། གོང་དུ་ཞུས་ཟིན་པ་ནང་ནང་བཞིན་སྤྱི་འཐུས་ལྷན་ཚོགས་དེ་ལམ་སྟོན་ཞུ་ཡི་ཡོད་རེད། སྤྱི་འཐུས་ཚོ་ཕྱོགས་བསྐྱོད་བྱེད་པའི་སྐབས་ལ་གཞིས་ཆགས་ཚོ་སྲ་བརྟན་གནས་རྒྱུར་ག་རེ་བྱེད་དགོས་ཀྱི་འདུག་ཅེས་བསམ་ཚུལ་དེ་གྲོས་ཚོགས་ནང་སྟོན་ཆོག་གི་རེད། འོན་ཀྱང་ལས་ཀ་དེ་འཛིན་སྐྱོང་གི་བྱེད་དགོས་རེད་མ་གཏོགས་ང་ཚོས་བྱས་ན་འགྲིག་གི་མེད་པ་རེད། ང་ཚོས་བྱས་པ་ཡིན་ན་ང་ཚོ་འཛིན་སྐྱོང་གི་མི་ཆགས་ཡོད་པ་རེད། དེར་བརྟེན་ལས་འགན་འཆར་བགོས་ཟེར་བ་དེ་རེད།

སྤྱི་འཐུས་ལྷན་ཚོགས་དེ་ཁྲིམས་ཞིབ་ལྷན་ཚོགས་ཟེར་གྱི་ཡོད་པ་རེད། ང་ཚོ་གཙོ་བོ་ཁྲིམས་གཏན་འབེབས་བྱེད་རྒྱུ་དང་། སྲིད་བྱུས་གཏན་འབེས་བྱེད་རྒྱུ་བཅས་ཀྱི་ཐོག་ལ་བྱེད་ཀྱི་ཡོད་རེད། གཞིས་ཆགས་སྲ་བརྟན་གནས་རྒྱུར་གང་དང་གང་བྱེད་དགོས་ཀྱི་འདུག་ཟེར་བའི་བསམ་ཚུལ་དེ་སྟོན་གྱི་ཡོད་རེད། དེ་ག་ཚོད་གནང་ཐུབ་དང་མ་ཐུབ་ཟེར་བ་དེ་འཛིན་སྐྱོང་གི་ལག་ཏུ་རག་ལས་ཡོད་རེད། གཞིས་ཆགས་སྲ་བརྟན་གནས་མ་གནས་ཟེར་བ་དེ་ད་ལྟ་ང་ཚོའི་སྤྱི་ཚོགས་འགྱུར་བ་ཤུགས་ཆེན་པོ་འགྲོ་ཡི་ཡོད་པ་རེད། སྤྱི་ཚོགས་དེའི་འོག་བོད་ནང་གི་བོད་མི་ཚོ་རང་དབང་མེད་པའི་སྲིད་བྱུས་ཤིག་གི་འོག་ལ་འགྲོ་ཡོད་པ་རེད། བཙན་བྱོལ་ནང་གི་བོད་མི་ཚོ་རང་དབང་ཡོད་པའི་ཐོག་ནས་ཨ་རི་དང་ཡུ་རོབ་ནང་འགྲོ་ཡི་ཡོད་པ་རེད།

ཕ་གིའི་གནས་སྟངས་ལ་རིན་པའི་ལས་ཀ་དང་། འདིའི་གནས་སྟངས་ལ་རན་པའི་ལས་ཀ་གང་བྱེད་དགོས་ཀྱི་ཡོད་མེད་དེ་རེད། སྤྱིར་བཏང་གནས་སྟངས་སུ་ལ་དྲིས་ན་ཡང་བཤད་རྒྱུ་ཡོད་པ་དེ་སྨྲོས་མེད་རེད། ད་ལྟ་གཙོ་ཆེ་ཤོས་དེ་གྲངས་ཐོ་ཚད་ལྡན་ཞིག་དགོས་ཀྱི་ཡོད་རེད། འདས་པའི་ལོ་བཅུ་དང་བཅོ་ལྔའི་ནང་འགྱུར་བ་ཇི་ལྟར་ཕྱིན་ཡོད་མེད། ལྷག་པར་དུ་ད་ལྟའི་མི་རབ་གསར་པ་ཚོར་དེང་དུས་ཤེས་ཡོན་ཞིག་ཐོབ་ཡོད་དུས་གཞིས་ཆགས་ཁག་ནས་ལས་ཀ་སྤྲོད་ཐུབ་ཀྱི་མེད་རྐྱེན་རྒྱ་གར་གྱི་གྲོང་ཁྱེར་དང་རྒྱལ་ས་ཆེ་ཁག་ནང་ལས་ཀ་བྱེད་པར་འགྲོ་དགོས་ཀྱི་ཡོད་རེད། དེ་ཡང་ཕྱི་རྒྱལ་ལ་འགྲོ་ནས་ལས་ཀ་བྱས་ན་མ་གཏོགས་གཞིས་ཆགས་རང་ལ་བསྡད་ནས་འཚོ་གནས་ཐུབ་ཐབས་མེད་པ་རེད།

དེར་བརྟེན་ང་ཚོས་གཞིས་ཆགས་འཚོ་གནས་བྱེད་ཐུབ་པར་གང་བྱེད་ཐུབ་ཀྱི་རེད་བརྗོད་ན། ད་ལྟ་ང་ཚོའི་བསམ་ཚུལ་བྱས་ན། ང་ཚོ་བོད་པ་འབུམ་གཅིག་དང་ཁྲི་ལྔ་མ་གཏོགས་མེད་པ་རེད། དེའི་ནང་ནས་ཨ་རི་ལ་སྟོང་ཕྲག༢༢བཤད་ཀྱི་ཡོད་རེད། ཡུ་རོབ་ལ་ཁྲི་གཅིག་དང་གཉིས་སྟོང་བཤད་ཀྱི་ཡོད་རེད། གང་ལྟར་བོད་པ་སྟོང་ཕྲག་སུམ་ཅུ་སོ་ལྔ་ནས་བཞི་བཅུ་བར་ཕྱི་རྒྱལ་ལ་ཡོད་རེད། གཞན་རྒྱ་གར་དང་བལ་ཡུལ་འབྲུག་ནང་འབུམ་གཅིག་དང་ཁྲི་གཅིག་ལྷག་རྩིས་པ་ཡིན་ན་དེའི་ནང་ནས་བྷལ་ཀོབ་གཞིས་ཆགས་ལ་ཆ་བཞག་ན་ཞིང་ཁ་མུའུ་༤༥༠༠ཡོད་རེད། དེ་ཆུང་ཆུང་མ་རེད་ཆེན་པོ་རེད། མ་གི་ལ་དགོན་སྡེ་ཆེ་བ་ཁག་དང་སློབ་གྲྭ་ཁག་ཡོད་དུས་གཞིས་ཆགས་སྲ་བརྟན་གནས་དགོས་ན་གཞིས་ཆགས་༥༤ལྷག་འབ་སུ་སྡུ་ཐུབ་ལ་མ་ཐུབ་བྱེད་པ་ལས་འབ་སུ་སྡུ་མ་ཐུབ་པ་དེ་ཚོ་ཆེ་བའི་ནང་ཟླ་སྒྲིལ་བྱེད་ཐུབ་ན་བརྗོད་ཀྱི་ཡོད། དཔེར་ན་བྷེལ་ཀོབ་ཞིང་ཁ་མུའུ་༤༥༠༠ཡོད་པའི་ནང་བོད་མི་ཁྲི་གསུམ་ཙམ་གནས་ཐུབ་པ་བཟོས་ནས་མི་ཁྲི་གསུམ་ཡོད་པ་ནང་བཞིན་ཉིན་ལྟར་ཁ་ལགས་བཟའ་དགོས་དུས་དེའི་དཔལ་འབྱོར་གྱིས་སྐོར་བ་ཞིག་རྒྱབ་ཀྱི་རེད།

སློབ་གྲྭ་ལ་ཆ་བཞག་ན་ཡང་མ་གི་ལ་སློབ་གྲྭ་ཆེ་ཁག་གསུམ་ཡོད་རེད། དེའི་ནང་ནས་སློབ་གྲྭ་གཅིག་ཚད་ལྡན་བྱུང་ན་གང་འདྲ་འདུག སྨན་ཁང་ལ་ཆ་བཞག་ན་ཡང་། སེ་ར་བྱའི་སྨན་ཁང་། སེར་སྨད་སྨན་ཁང་། གཞིས་ཆགས་གསར་པའི་སྨན་ཁང་། རྙིང་པའི་སྨན་ཁང་ཟེར་ནས་ཡོད་པ་ལས་དེ་དག་ཟླ་སྒྲིལ་བཏང་ནས་སྨན་ཁང་ཆེ་བ་ཞིག་རྒྱབ་ཐུབ་པ་ཡིན་ན་དེའི་ནང་བོད་པའི་སྨན་པ་དང་སྨན་ཞབས་བཅས་ལ་ལས་ཀ་སྤྲོད་ཐུབ་ཀྱི་རེད། དེ་ལས་ལྡོག་སྟེ་གཞོན་སྐྱེས་མང་པོ་ཕྱི་རྒྱལ་ལ་འགྲོ་ཡི་ཡོད་དུས་འདི་ལ་རྒས་འཁོགས་མང་པོ་ལྷག་གི་ཡོད་རེད། ཁག་གཅིག་ལ་རྒས་འཁོགས་ལྟ་མཁན་ཡོད་པ་མ་རེད། སོ་སོ་ཕྱི་རྒྱལ་ལ་ཕྱིན་ནས་དངུལ་བསགས་ཀྱི་ཡོད་ན་ཡང་འདི་ལ་ཕ་མ་ག་དུས་མཆི་ཡི་ཡོད་མེད་ཧ་མི་གོ་བའི་གནས་སྟངས་ཆགས་ཡོད་རེད།  དེར་བརྟེན་ཨ་རི་ནང་བཞིན་ཚད་ལྡན་ཡོང་གི་ཡོད་མེད་ལ་མ་ལྟོས་པར་རྒས་འཁོགས་དེ་ཚོར་སྨན་བཅོས་བྱེད་རྒྱུ་དང་། ཟ་རྒྱུ་འཐུང་རྒྱུ་བཅས་དེ་ཚོ་ལ་བདག་པོ་ཚད་ལྡན་ཞིག་རྒྱབ་མཁན་ཡོད་ན་ཕ་གི་ལ་དངུལ་བསགས་མཁན་ཚོས་འདི་ལ་ཚུར་དངུལ་བཏང་། ཕ་མ་དེ་ཚོ་འདི་ལ་ལྟ་རྟོག་བྱེད་རྒྱུའི་སྒྲིག་འཛུགས་ཤིག་བཟོས་ན། དེའི་དངུལ་དེས་སྐོར་བ་ཞིག་རྒྱབ་དུས་སྨན་ཞབས་པ་མང་པོ་ཞིག་ལ་ལས་ཀ་རགས་ཐུབ་ཀྱི་ཡོད་རེད།

ད་ལྟའི་དཀའ་ངལ་དེ། ལོ་ཉི་ཤུ་ནས་བཞི་བཅུ་ཞེ་ལྔ་ཟེར་དུས་ཕྲུ་གུ་སྐྱེ་མཁན་གྱི་ལོ་ཚད་རེད། མང་ཆེ་བ་ཕྱི་ལ་འགྲོ་ཡི་ཡོད་རེད། ལས་ཀ་བྱེད་ཐུབ་མཁན་གྱི་ལོ་ཚད་ཚང་མ་ཕྱི་ལ་འགྲོ་ཡི་ཡོད་རེད། ཕྲུ་གུ་མེད་ན་སློབ་གྲྭ་ལ་སུ་འགྲོ་ཡི་རེད་དམ། སློབ་གྲྭ་གནས་ཐུབ་ས་རེད་དམ་མ་རེད་ཅེས་སྐད་ཆ་མང་པོ་ཞིག་ཡོད་པ་རེད། དཔེར་ན་བྷེལ་ཀོབ་དང་། མོན་གྷོ་ཌི་ལ་semi urban areaབཟོ་ཐུབ་ན་དེ་ལ་མི་ཁྲི་གསུམ་གསུམ་སླེབས་པ་ཡིན་ན་འབུམ་གཅིག་དང་ཁྲི་གཅིག་ནང་ནས་ཁྲི་དྲུག་དེ་ལ་འགྲོ་ཡོད་པ་རེད། བལ་ཡུལ་ནང་ཁྲི་གཉིས་ཡོད་ན་ཁྲི་བརྒྱད་དེ་ལ་འགྲོ་ཡི་ཡོད་རེད། ཡང་སྐྱར་ཁྲི་གསུམ་མ་གཏོགས་ལྷག་མེད་པ་རེད། དེ་དག་གང་འདྲ་བྱེད་དགོས་ཀྱི་ཡོད་མེད་དེ་རེད། དཔེར་ན་ཀོ་ལི་ཀ་གཞིས་ཆགས་ཡིན་ན་ས་ཞིང་ཡག་པོ་ཡོད་པ་མ་ཟད། ཆར་ཆུ་ཡག་པོ་ཡོད་དུས་དེ་རུ་སོ་ནམ་འདེབས་ལས་དང་འབྲེལ་བ་ཇི་ལྟར་བྱེད་དགོས་འདུག ཧོམ་སུར་ལ་ཐེན་པ་མང་པོ་ཡོད་དུས་བཟོ་གྲྭའི་ལས་ཐོག་ནས་གང་བྱེད་དགོས་ཀྱི་འདུག་ལྟ་ནས་གཞིས་ཆགས་ཆེ་ཁག་ཡོད་སར་རུག་རུག་བཟོས། ཁུངས་ཁྱོལ་ལ་མི་ཁྱོལ་དེ་ཚོ་ཨུ་ཚུགས་བྱས་ཏེ་བདག་པོ་རྒྱབ་ནས་མ་བསྡད་པར་རྗེས་ལ་ཆར་གཞི་འདི་འདྲ་བ་ཞིག་བང་སྒྲིག་ནས་འགྲོ་དགོས་པ་དེ་གལ་ཆེན་པོ་རེད་འདུག

༨ ད་ལྟ་རང་གཞུང་དུ་གཞོན་སྐྱེས་ལས་བྱེད་མང་རུ་འགྲོ་བཞིན་པ་དང་། ཁོང་ཚོའི་ཕྱག་ལས་གནང་ཕྱོགས་དེ་སྔོན་དང་མ་འདྲ་བའི་གྲུབ་འབྲས་ཆེན་པོ་གང་འདུག ལན། བཀའ་ཤག་སྔོན་མ་ནས་འགྲོ་ཡི་ཡོད་རེད། བཀའ་བློན་ཁྲི་པ་གསར་པ་རེ་རེ་སླེབས་དུས་སོ་སོ་སོ་ལ་སྔོན་མར་འཆར་གཞི་ཡོད་པ་ནང་བཞིན་ལས་གཞི་ལག་བསྟར་ཐོག་འགྲོ་ཡི་ཡོད་རེད། དེ་ཚོ་ཚད་དང་ལྡན་པ་ཞིག་ཡོང་གི་ཡོད་མེད་ལྟ་རྒྱུ་དེ་ང་ཚོའི་ལས་འགན་རེད། ཚང་མ་གྲོས་ཚོགས་ཀྱི་འདོད་པ་ཡོད་པ་ནང་བཞིན་འཛིན་སྐྱོང་གིས་བྱེད་ཐུབ་ཀྱི་རེད་དམ་ཞུས་དེ་ཡང་ཁག་པོ་རེད།

ཡང་འཛིན་སྐྱོང་རང་གི་རྣམ་དཔྱོད་ཀྱི་འདང་གི་ཡོད་རེད་དམ་ཞུས་ན། དེ་ཡང་ཁག་པོ་རེད། འགན་ཁུར་མཁན་དེ་མི་མང་གིས་འོས་འདེམས་བྱས་ནས་བླུགས་དགོས་རེད། སྤྱི་འཐུས་ཚོ་ཡང་མི་མང་གིས་འོས་འདེམས་བྱས་ནས་ཐོབ་པ་ཞིག་རེད་ཏེ་སྟངས་འཛིན་བྱེད་སྐབས་ང་ཚོའི་གནད་དོན་མང་ཆེ་བ་ཞིག་གཞན་དབང་སྟབས་བསྟུན་ཆགས་ཡོད་པ་རེད། ང་རང་ཚོ་རང་ལ་རང་དབང་ཡོད་མ་རེད་ག་དུས་ཡིན་ཡང་མི་གཞན། རྒྱལ་ཁབ་གཞན། མི་རིགས་གཞན་ལ་བསྟུན་དགོས་དུས་ཁྱེད་རང་ཚོས་འདི་བྱེད་འདི་མ་བྱེད་བཤད་རྒྱུ་དེ་ཡང་ཁག་པོ་རེད། གཙོ་བོ་དེ་འཛིན་སྐྱོང་ནང་འགན་ཁུར་མཁན་དེས་ཁོ་རང་ལ་རྣམ་དཔྱོད་གང་ཡོད་པ་དེ་རྩལ་དུ་སྟོན་དགོས་རེད།

༩ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་ཐད་ལ་སྤྱི་འཐུས་ལྷན་ཚོགས་ནང་གྲོས་ཆོད་བཞག་པ་ནང་བཞིན་གྲུབ་འབྲས་མ་ཐོན་པ་དེ་འདྲ་བྱུང་ཡོད་དམ། ལན། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་མང་ཆེ་བ་ཞིག་བཅའ་ཁྲིམས་ནང་གཏན་འབེབས་བཟོས་ཡོད་པ་རེད། དཔེར་ན་ད་ལྟ་སློབ་གྲྭ་འདྲ་བོ་ཡིན་ན། བོད་སློབ་འཛིན་ཚོགས་རྩིས་ལེན་རྒྱུ་སྐད་ཆ་བཤད་ཀྱི་ཡོད་རེད། དེ་ད་དུང་ཡང་ལེན་ཐུབ་ཡོད་མ་རེད། དེས་ལོ་བཞི་ལྔ་ཕྲུ་གུ་ཚོར་གྱོང་གུན་བྱུང་ཡོད་པ་རེད། ལོ་བཞི་ལྔ་དེ་ཕྱོགས་གཅིག་ནས་བལྟས་ན་དུས་ཚོད་ཐུང་ཐུང་རེད། ཕྱོགས་གཞན་ཞིག་ནས་ལྟ་ན་མི་རབས་གཅིག་ཤེས་ཡོན་ཡག་པོ་མེད་པའི་ཉེན་ཁ་ཡོད་སྲིད་པ་རེད། དེ་དག་འཐུས་ཤོར་རེད།

༡༠ གོང་གི་དྲི་བ་དང་མ་འབྲེལ་བའི་གལ་གནད་ཆེ་བའི་དགོངས་འཆར་གང་དང་གང་གསུང་རྒྱུ་ཡོད་དམ། ལན། གལ་ཆེ་ཤོས་དེ་འདས་པའི་ལོ་ལྔ་བཅུ་འམ་དྲུག་བཅུའི་ནང་ཆོལ་ཁ་དང་། ཆོས་བརྒྱུད། སྤྱི་ཚོགས་བཅས་ཀྱི་ནང་རྙོག་དྲ་བྱུང་ཡོད་པ་དེ་དག་ཚང་མར་༧གོང་ས་མཆོག་གིས་སྐུ་ལས་མང་པོ་སྐྱོན་ནས་ཆིག་སྒྲིལ་གྱི་ནུས་པ་སྟོན་རྒྱུའི་གནད་ཚད་ཅིག་སླེབས་ཡོད་རེད། དེ་མ་ཉམས་པ་བྱས་ནས་འགན་ཁུར་དགོས་པ་དེ་གལ་ཆེན་པོ་རེད། སྒང་ལ་སྡོད་མཁན་ཚོས་མཉམ་རུབ་ཐོག་ནུས་པ་ཡོད་ན་འོག་ལ་སྡོད་མཁན་ཚོས་རང་བཞིན་གྱིས་ནུས་པ་ཡོང་གི་ཡོད་རེད། དེ་ཚོར་བསམ་བློ་གཏོང་དགོས་པ་དེ་སྤྱི་ཡོངས་ནས་བཤད་ན་ཧ་ཅང་གིས་གལ་ཆེན་རེད་འདུག

ད་ལྟ་ང་ཚོའི་སྤྱི་ཚོགས་དེ་འགྱུར་བ་འགྲོ་ཡི་ཡོད་པའི་ཆ་ནས་ཕྱི་རྒྱལ་ལ་བཞུགས་མཁན་ཚོ་ལུས་པོ་བྲལ་ཀྱང་སེམས་ཐག་ཉེ་པོ་དགོས་པ་དེ་གལ་ཆེན་པོ་རེད། ང་ཚོ་ལ་དོན་གཅོད་བཅུ་གཉིས་མ་གཏོགས་མེད་པས་འཛམ་བུ་གླིང་རྒྱལ་ཁབ་ཚང་མ་དོན་གཅོད་བཅུ་གཉིས་ནང་ཁག་བགོས་བྱས་ཡོད་རེད། དེའི་ནང་ལས་བྱེད་མང་ཤོས་ལྔ་དང་ཉུང་བ་ལ་གཉིས་གསུམ་རེད་དེར་བརྟེན་སྙོབས་ཐབས་མེད་པ་རེད།

ཡུ་རོབ་ནང་ལ་ཆ་བཞག་ན་ག་པར་ཡིན་ཡང་བོད་རིགས་ཚོགས་པ་ཡོད་མཁན་དེ་ཚོས་འགན་ཁུར་ནས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བ་དང་ཆབ་སྲིད་མི་སྣ་ཐུག་འཕྲད་བྱེད་རྒྱུ་མང་ཙམ་འགན་ཁུར་དགོས། བོད་པ་དེ་ཁ་ཐོར་ཡིན་ཡང་དང་བླངས་དཔྱ་དངུལ་ཕུལ་རྒྱུ་དང་ཚང་འཛོམས་བྱེད་རྒྱུར་འགན་ཁུར་དགོས་པ་རེད། གསུམ་ཅུའི་དུས་དྲན་དང་། ལོ་གསར། དུས་ཆེན་ཆེ་ཁག་གཅིག་པུ་མ་ཡིན་པར་ནུས་པ་མཉམ་དུ་སྤུངས་དགོས་པ་དེ་གལ་ཆེན་པོ་རེད། དུས་ལ་རིན་པའི་གདོང་ལེན་བྱེད་དགོས་པ་ང་ཚོར་ཡོང་གི་རེད། བྱེད་ཐུབ་པའི་ནུས་པ་དེ་ང་ཚོར་ཡོད་རེད། དེ་ང་ཚོས་འགན་ཡག་པོ་ཁུར་དགོས་ཀྱི་འདུག་ཞུ་རྒྱུ་ཡིན།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།