བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ཡིད་ཆེས་བརྟན་པོ་མེད་ན་འགོ་ཁྲིད་བྱས་ནས་ཆོ་མེད་པ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༨།༢༤ཉིན་སྤེལ། འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཙན་བྱོལ་བོད་མིའི་གནས་སྟངས་དང། ཁོང་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་ད་བར་གྲུབ་འབྲས་ཇི་ཙམ་བྱུང་མིན། ལྷག་པར་དུ་སྲིད་སྐྱོང་གི་རྩ་བའི་དགོངས་པ་གསུམ་གྱི་ཐད་ལ་གྲུབ་འབྲས་ཇི་ལྟར་བྱུང་མིན་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་ཞིག་གཤམ་དུ་བཀོད་ཡོད་པས་གཟིགས་ཞིབ་ཡོད་པ་ཞུ།

༡། སྐུ་ཉིད་སྲིད་སྐྱོང་གནང་ནས་དུས་ཡུན་གང་ཙམ་ཕྱིན་པའི་ནང་ལ་བཙན་བྱོལ་བོད་མིའི་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཡོད་དམ།

ལན། འོས་བསྡུའི་གསལ་བསྒྲགས་ནང་ངས་སྙིང་བསྡུས་ཤིག་བཤད་ཡོད། ད་ལྟའི་ཆར་གཙོ་ཆེ་ཤོས་དེ་གང་ཞུ་ཡི་ཡོད་དམ་ཟེར་ན། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་གནང་སྐབས་སེམས་ཚབ་ཆེན་པོ་བྱུང་། འོན་ཀྱང་བཙན་བྱོལ་གཞུང་ཞེས་པའི་སྤྱི་ཚོགས་ཤིག་ཡོད་པ་དེ་སྤྱི་ཡོངས་ཀྱི་ཆ་ནས་ལྷིང་འཇགས་ཡིན་པ་དེ་མི་མང་གི་གྲུབ་འབྲས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ད་ལྟའི་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གནས་སྟངས་ཡག་ཐག་ཆོད་ཡོད་པ་རེད། དཔལ་འབྱོར་དང་འཕྲོད་བསྟེན། གཞིས་ཆགས་སྲ་བརྟན་ཡོང་ཆེད། ཕྲལ་ཕུགས་རྒྱང་གསུམ་དུ་རྒྱ་གར་ལ་ཡང་བོད་པའི་གནས་སྟངས་ཀྱིས་ཕན་ཐོགས་བྱུང་གི་རེད་དྲན་གྱི་འདུག དེ་བཞིན་ཆོས་དང་རིག་གཞུང་སྐད་ཡིག་གསུམ་གྱི་ཐད་ལ་ཡང་མི་ཉམས་གོང་འཕེལ་འགྲོ་དང་འགྲོ་བཞིན་པ་རེད་ཞུ་རྒྱུ་ཡིན། དེ་བཞིན་ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་འོག་སྤྱི་མོས་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་གཉིས་བཞག་ཡོད་པ་རེད། གཙོ་ཆེ་བ་དེ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་གྱ་སྟོན་དང་འབྲེལ་བའི་གྲོས་ཆོད་བཞག་པ་དེ་བཀའ་དྲིན་ཆེན་པོ་ཞེ་དྲགས་རེད།

དེའི་ནང་དོན་ལ་བོད་ནང་ལ་ད་དུང་ཛ་དྲག་གི་གནས་སྟངས་ཡིན་པ་དང༌། ཁོར་ཡུག་གཏོར་བཤིག་གཏོང་གི་ཡོད་པ། རིག་གཞུང་རྩ་མེད་གཏོང་གི་ཡོད་པ། འགྲོ་བ་མིའི་ཐོབ་ཐང་མེད་པ་ཆ་ཚང་བཀོད་པའི་ཐོག བོད་རྒྱ་གྲོས་མོལ་ཐོག་ནས་བོད་དོན་གསལ་དགོས་ཀྱི་ཡོད་པ། བོད་མིའི་སྒྲིག་འཛུགས་ཞེས་ཆེད་མངགས་མིང་བཏོན་ཡོད་པ་རེད། གྲོས་ཚོགས་གོང་འོག་སྤྱི་མོས་གཏན་ལ་ཕབ་པའི་ནང་ལ་བོད་མིའི་སྒྲིག་འཛུགས་ཞེས་ནས་བཀོད་པ་དེ་ཕལ་ཆེར་དང་པོ་རེད་སེམས་ཀྱི་འདུག ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ལམ་ལུགས་ཡོད་པ་དེར་གཞུང་འབྲེལ་གྱི་ཐོག་ནས་ངོས་འཛིན་མེད་ཀྱང་གྲོས་ཆོད་ནང་བཀོད་པ་དེ་༧་གོང་ས་མཆོག་གིས་གསོལ་རེས་གནང་བཞག་པ་དེར་ཆེ་མཐོང་གནང་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད

གཞན་ཡང་ཡུ་རོབ་མཐུན་ཚོགས་ཀྱིས་བོད་དོན་གླེང་བའི་སྐོར་གསུངས་དོན།རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་LiKe qiangཡུ་རོབ་ཏུ་ཕེབས་པའི་སྐབས་ལ་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཊོལ་ནོའུ་Donald Tuskརང་གིས་གསར་འགོད་ལྷན་ཚོགས་སྐབས། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་རང་ལ་བོད་དང་ཤིན་ཅང་ནང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དཀའ་ངལ་ཡོད་པ་དང༌། དེའི་ནང་ནས་བོད་དོན་དེ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་གི་སྐུ་ཚབ་བར་གྲོས་མོལ་གནང་སྟེ་སེལ་ཐབས་བྱ་དགོས་པ་རེད་ཅེས་དངོས་སུ་བཤད་འདུག དེ་ཡིན་དུས་བོད་ནང་ལ་རང་ལུས་མེར་བསྲེགས་གནང་མཁན་གཙོས་འའི་འཐབ་རྩོད་བྱེད་མཁན་དང་ངོ་རྒོལ་བྱེད་མཁན། ལས་འགུལ་སྤེལ་མཁན་མང་པོ་ཞིག་ཡོད་པ་དེ་ཚོར་རྒྱལ་སྤྱིའི་ཐོག་ཨ་རི་དང་ཡུ་རོབ་གཙོས་པའི་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོང་གི་འདུག་ཅེས་ཞུ་རྒྱུ་ཡིན།

༢། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གཙོ་བོ་དེ་གང་རེད་དམ། ལས་དོན་གཙོ་བོ་དེ་སྒྲུབ་ཕྱོགས་ཀྱི་ཐད་ལ་སྡེ་མཚན་ཁག་མི་འདྲ་བ་ག་ཚོད་ཡོད་དམ། དེ་དག་གི་ལས་དོན་གཙོ་བོ་གང་དང་གང་རེད་དམ། ལན། ལས་དོན་གཙོ་བོ་དེ་ཆབ་སྲིད་ཀྱི་ཐོག་ནས་བོད་མིའི་རང་དབང་བསྐྱར་བཟོ་བྱེད་རྒྱུ་དེ་རེད། འཛིན་སྐྱོང་གི་ཐོག་ནས་བཤད་ན། ཕྱི་དྲིལ་ལས་ཁུངས་ཀྱིས་དྲིལ་བསྒྲགས་བྱེད་རྒྱུ་དང་། ནང་སྲིད་ལས་ཁུངས་ཀྱིས་གཞིས་ཆགས་སྲ་བརྟན་ཡོང་བ་བྱེད་རྒྱུ། མི་མང་གི་བདེ་སྡུག་ལ་ལྟ་རྒྱུ། འཕྲོད་བསྟེན་ལས་ཁུངས་ཀྱིས་མི་མང་གི་འཕྲོད་བརྟེན་གྱི་ཐོག་ནས་རྟག་དཔྱད་བྱེད་རྒྱུ་དང་། སྨན་བཅོས་ལྟ་སྐྱོང་ལས་གཞི་བརྒྱུད་ནས་མི་མང་ཚོ་དེའི་ནང་འཛུལ་བཞུགས་བྱེད་ཐུབ་ཏུ་བཅུག་གི་ཡོད་རེད། གལ་སྲིད་དེ་རུ་འཛུལ་བཞུགས་བྱས་ནས་མི་ཞིག་ན་ནས་ཛ་དྲག་བྱུང་བ་ཡིན་ན་དེ་ཚོ་ལ་གུན་གསབ་སྤྲད་རྒྱུ་བྱུང་གི་ཡོད་རེད། དེ་བཞིན་ཐ་མག་ཉལ་ཐ་འཐེན་མཁན། གཉེན་ནད་རེག་དུག་ན་མཁན། མ་དང་བྱིས་པ་བཅས་ལ་ནད་རིགས་འདྲ་མིན་སྣ་ཚོགས་ཡོང་གི་ཡོད་པ་དེ་དག་ལ་ལྟ་རྟོག་བྱེད་རྒྱུ་དེ་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་རེད།

དཔལ་འབྱོར་ལས་ཁུངས་ཀྱི་འགན་དེ་དཔྱ་ཁྲལ་ལག་དེབ་བསྡུ་རུབ་བྱེད་རྒྱུ་དང་། ཕྱི་ལ་ཕྱིན་ནས་སྒོར་མོ་ཐབས་ཤེས་བྱས་ཏེ། དེ་དག་བགོ་འགྲེམས་བྱས་ནས་ལག་བསྟར་བྱེད་རྒྱུ་དེ་རེད། ཆོས་རིག་ལས་ཁུངས་ནས་དགོན་སྡེ་ཁག་ཡོངས་རྫོགས་ལ་མཐུན་འགྱུར་སྦྱར་བ་དང་མཆོད་འབུལ་སྨོན་ལམ་བྱེད་པ། བརྟན་བཞུགས་ཕུལ་བའི་སྐབས་སུ་ཆོས་དང་འབྲེལ་བ་ཡོད་པ་གང་ཡོད་ན་ཡང་གོ་སྒྲིག་བྱེད་ཡག དཔེར་ན་ད་ལོ་དུས་འཁོར་དབང་ཆེན་གོ་སྒྲིག་བྱེད་པ་ལྟ་བའི་ལས་འགན་དེ་ཚོ་རེད། བདེ་སྲུང་ལས་ཁུངས་ཀྱིོས་གཙོ་ཆེ་ཤོས་༧གོང་ས་མཆོག་གི་སྐུ་བཅར་དང་འབྲེལ་བའི་ཐོག་ནས་ཕྱག་ལས་གནང་གི་ཡོད་པ་རེད། ལྷག་པར་དུ་རྒྱ་གར་གཞུང་ངོས་ནས་གང་ཅིའི་ཐད་ནས་མཐུན་འགྱུར་རོགས་རམ་གང་མིན་ཚད་གནང་གི་ཡོད་པ་རེད། ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭ་ཁག་ཚང་མའི་ནང་ལ་མཐུན་རྐྱེན་སྦྱར་རྒྱུ་དེ་རེད།  དཔེར་ན། དགེ་རྒན་ཚོ་ལ་ཟབ་སྦྱོང་སྤྲད་རྒྱུ་ལ་སོགས་པས་མཚོན་པའི་འགན་ཁུར་བྱ་རྒྱུ་བཅས་ལྷན་ཁང་ཁག་བདུན་གྱི་ངོ་སྤྲོད་དེ་ཙམ་ཡིན།

༣། སྐུ་ངོས་ལགས་ཁྱེད་རང་བཙན་བྱོལ་བོད་མིའི་སྲིད་སྐྱོང་གནང་ནས་དུས་ཡུན་གང་ཙམ་ཕྱིན་པའི་ནང་ནས་དམིགས་བསལ་གྲུབ་འབྲས་ཆེ་བ་གང་དང་གང་བྱུང་ཡོད་དམ།

ལན། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་ཐུགས་འགན་བཞེས་པ་ནས་བཟུང། འདས་པའི་མི་ལོ་བཞི་རིང་ཆིག་སྒྲིལ་དང། གསར་གཏོད། རང་ཁ་རང་གསོའི་སྲིད་བྱུས་རྩ་དོན་དུ་ཟིན་ཏེ། བོད་ཀྱི་ཆབ་སྲིད་དང། དཔལ་འབྱོར། ཤེས་ཡོན།སྤྱི་ཚོགས་གང་གི་ཆ་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་ཕྱག་ལས་གནང་ཡོད་པ་མ་ཟད། རྒྱལ་སྤྱིའི་སྲིད་སྟེགས་གང་དུའང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་གཟུགས་བརྙན་མཇལ་རྒྱུ་ཡོད་པའི་ཆབ་སྲིད་ཀྱི་རྣམ་པ་གསར་པའི་ལེའུ་ཞིག་གཏོད་ཡོད།

༤། གྲུབ་འབྲས་དེའི་སྐོར་ལ་གནད་འགག་ཆེ་བ་གཅིག་ནས་ལྔ་ཡང་ན་བཅུ་བར་གསུང་རོགས་གནང་།

ལན། དང་པོ། ༧གོང་ས་མཆོག་དང་གཞིས་བྱེས་མི་མང་གི་གཟེངས་བསྟོད་ཐོབ་པ། ཕྱི་ལོ་༢༠༡༡ ཟླ་༨ཚེས་༨ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དམ་འབུལ་མཛད་སྒོར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་“སྲིད་སྐྱོང་གི་འགན་དབང་བཞེས་མཁན་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངས་རྩིས་ལེན་ཞུས་པ་འདི། སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོས་ཀྱིས་རྩིས་སྤྲོད་བྱ་རྒྱུ་ཡིན། ངོས་ཀྱི་མི་ཚེའི་ནང་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་ཞེས་བརྗོད་པའི་འདོད་དོན་གཅིག་དེ་རིང་དངོས་སུ་འགྲུབ་ཐུབ་པ་བྱུང་ཞེས་དང༌། ༢༠༡༤ཟླ་༣པར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དབུ་འབྱེད་བཀའ་དྲིན་གནང་སྐབས།“ངོས་ཀྱི་ཆབ་སྲིད་ཀྱི་ལས་འགན་ཆ་ཚང་སྲིད་སྐྱོང་ལ་རྩིས་འབུལ་ཞུས་ཡོད། ང་མི་གཅིག་གི་མི་ཚེ་ལ་བསྟུན་མི་དགོས་པ་ཆགས་ཡོད་” ཅེས་དང༌། ༢༠༡༤ ཟླ་ ༨ཚེས་༢༧ཉིན་འཇར་མིན་དུ།“ངོས་ཀྱི་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་འོས་འདེམས་བྱས་པའི་ཕུལ་དུ་བྱུང་བའི་ན་གཞོན་འགོ་ཁྲིད་བློ་བཟང་སེང་གེ་ལ་གནང་ཡོད་ཅེས་དང༌།

༢༠༡༥ཟླ་༣ཚེས་༢༣ཉིན་ལྡི་ལིར་རྒྱལ་སྤྱིའི་མང་གཙོའི་འགོ་འཁྲིད་ལྷན་འཛོམས་སར། བོད་པའི་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་སྐྱོང་གིས། འགན་དབང་ཡོངས་རྫོགས་ཚད་དང་ལྡན་པའི་ཐོག་ནས་འཁུར་བཞིན་ཡོད་པའི་སྐོར་བཀའ་བཟང་ཕེབས་ཡོད། ཆབ་སྲིད་ཀྱི་འགན་དབང་ཆ་ཚང་མར་གནང་བ་དང་རྩིས་ལེན་ཞུས་པའི་དུས་ཚོད་འགྱུར་ལྡོག་ཆེན་པོ་དེའི་ཁྲོད་ནས། སྲིད་སྐྱོང་མཆོག་གིས་བོད་མི་མང་གི་སྲི་ཞུ་ནུས་པ་དང་ལྡན་པའི་ཐོག་ནས་སྒྲུབ་བཞིན་པ་དེའང༌། གཙོ་བོ་༧གོང་ས་མཆོག་གི་ལམ་སྟོན་བཀའ་སློབ་དང༌། ཁོང་གི་ཐུགས་བརྩེ་བ་ཆེན་པོས་རྒྱལ་སྤྱིའི་སྡིང་ཆ་གང་སར་སྲིད་སྐྱོང་ངོ་སྤྲོད་གནང་པ་སོགས་ཀྱི་ཐུགས་རྗེ་བྱིན་རླབས་དང་ཐུགས་རེ། ལས་དང་བསོད་ནམས་ཀྱི་འབྲས་བཟང་སྨིན་པ་བཅས་ལ་བརྟེན་ནས་བྱུང་བ་ཡིན་པ་ནི་སྨོས་ག་ལ་དགོས།

གཉིས་པ། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་དང་རྒྱབ་སྐྱོར་ཐོབ་པ། བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་སྔར་བྱུང་མ་མྱོང་བའི་རང་ལུས་མེར་སྲེག་གི་ལས་འགུལ་རིམ་བྱུང་དང༌། བོད་མི་སྤྱི་ཡོངས་ཀྱི་ཛ་དྲག་གི་གནས་སྟངས་ཐད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་དཔོན་རིགས་བློན་ཆེན་དང་གྲོས་ཚོགས་འཐུས་མི་ཁག་རྒྱལ་སྤྱིའི་བརྒྱུད་ལམ་སོགས་གླེང་སྟེགས་ཆེ་ཁག་ཏུ་བོད་ནང་གི་དངོས་ཡོད་གནས་ཚུལ་འགྲེལ་བརྗོད་དང་དྲིལ་བསྒྲགས་ཧ་ཅང་ཆེན་པོ་གནང་ཡོད་པ་དང༌། འདས་པའི་མི་ལོ་བཞི་ཙམ་གྱི་རིང་ལ་དཔལ་ལྡན་སྲིད་སྐྱོང་མཆོག་བྱང་ཨ་རི་དང་ཡུ་རོབ། ཨེ་ཤེ་ཡ་བཅས་རྒྱལ་ཁབ་༢༠ལྷག་ཙམ་ནང་ཆིབས་སྒྱུར་གནང་སྟེ།

སྟོབས་ལྡན་གྱི་རྒྱལ་ཁབ་ཁག་གི་བློན་ཆེན་རིམ་པ་དང་དྲུང་ཆེ་རིམ་པ། གྲོས་ཚོགས་ཀྱི་ཚོགས་གཙོ་དང་འཐུས་མི། ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་དང་མཇལ་འཕྲད་དང་བོད་དོན་གླེང་སློང༌། འཛམ་གླིང་གི་མཁས་དབང་ཁག་དང་བསྟི་གནས་ཁག་སྙན་གྲགས་ཆེ་བའི་བརྒྱུད་ལམ་ཁག་ནང་གསུང་བཤད་རབ་དང་རིམ་པ་གནང་བ་མ་ཟད། བརྒྱུད་ལམ་དེ་དག་གིས་སྲིད་སྐྱོང་མཆོག་གི་ལོ་རྒྱུས་དངོས་སུ་བཀོད་ནས་ཁྱབ་སྤེལ་བཏང་བ་དང༌། སྲིད་སྐྱོང་རང་ཉིད་ཀྱིས་ལྗགས་རྩོམ་གནང་བའི་བོད་དོན་དཔྱད་གླེང་གི་རྩོམ་ཡིག་ཁག་འཛམ་གླིང་གྲགས་ཅན་གྱི་དུས་དེབ་དང་ཚགས་པར་ཁག་ནང་རྒྱ་ཁྱབ་སོང་ཡོད། དེ་དག་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་དང་གླེང་སློང་གི་རྣམ་པ་ཤུགས་ཆེ་རུ་ཐོན་ཡོད།

ཕྱི་ལོ་༢༠༡༢ལོར་བོད་ནང་གི་ཛ་དྲག་གནས་སྟངས་ལ་དམིགས་ནས་བོད་གཞུང་མང་དམིགས་བསལ་ཚོགས་ཆེན་འཚོགས་པ་དང༌། དེ་འབྲེལ་གྱིས་ལྡི་ལིར་བཀའ་སྤྱི་གཉིས་ཀྱི་ལས་འགུལ་ཆེན་པོ་དང༌། ༢༠༡༥ལོར་ཧྥེ་རི་སི་ལ་མི་འབོར་སྟོང་ཕྲག་༧ལྷག་འདུ་འཛོམས་ཀྱིས་ལས་འགུལ། ཨོ་སི་ཁྲིར་ཡ་ཝི་ན་དུའང་དེ་ལྟར་ལས་འགུལ་སྤེལ་བ་སོགས། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་དང་རྒྱབ་སྐྱོར་ཚད་མཐོན་པོ་ཐོབ་སྟེ། བོད་ནང་གི་བོད་མི་ཚོས་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་གི་སྐོར་ལ་གོ་རྟོགས་དང་རྒྱབ་སྐྱོར། ཡིད་ཆེས་སོགས་ཚད་མཐོ་པོ་སླེབས་ཡོད་ཅེས་ཞུ་ཐུབ། དེ་ལྟར་ཞུ་ཐུབ་པའི་རྒྱུ་མཚན་ཡང་བོད་བཞུགས་གཞས་པ་གཞས་མ་ཚོས་བསྟོད་པའི་གླུ་དབྱངས་ལེན་པ་དང༌། རྩོམ་པ་པོ་ཚོས་རྩོམ་ཡིག་བྲིས་པ། དགོན་སྡེ་ཁག་དང་མི་མང་གིས་སྨོན་འདུན་ཞུས་པ་སོགས་ལས་ཤེས་ཐུབ།

གསུམ་པ། དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་ཁྱབ་དུ་སྤེལ་ཏེ་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་ཐོབ་པ། བོད་དོན་བདེན་མཐའ་གསལ་བའི་རྩ་བའི་སྲིད་བྱུས་ནི་ྋགོང་ས་མཆོག་གི་དགོངས་པ་གཞིར་བཟུང་མང་གཙོའི་ལམ་ནས་གཏན་འབེབས་གནང་བའི་དབུ་མའི་ལམ་ཡིན་ཞིང། དཔལ་ལྡན་སྲིད་སྐྱོང་མཆོག་ཐོག་མ་དམ་འབུལ་མཛད་སྐབས་ནས་དབུ་མའི་ལམ་གྱི་སྲིད་བྱུས་བཀའ་ཤག་གོང་མ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱག་བསྟར་གནང་པ་རྣམས། མུ་མཐུད་མཇུག་སྐྱོང་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་ལྟར། བཀའ་ཤག་གི་ཐུགས་འགན་མཛད་མ་ཐག་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དེ་བཞིན་རྒྱ་བསྐྱེད་དུ་བཏང་སྟེ་ཐད་ཀར་བཀའ་ཤག་འོག་སྟངས་འཛིན་ཡོད་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངོ་བོར་བསྒྱུར་གནང་མཛད་དེ།

རྒྱ་གར་གཙོས་རྒྱལ་སྤྱིའི་ཚད་ལྡན་ཉམས་ཞིབ་ཁང་དང་མཉམ་དུ་དབུ་མའི་ལམ་གྱི་སྲིད་བྱུས་གཙོས་བོད་དོན་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་དང་གཏམ་བཤད་སྣ་མང་སྤེལ་ཡོད་པ་དང། བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་གཞིས་སྒར་ཁག་དང། དགོན་སྡེ་གྲྭ་ཚང། སློབ་གྲྭ་ཁག་སོགས་སུ་ཆེད་ལས་ཉམས་ཞིབ་པ་བཏང་སྟེ་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་སྤེལ་བ་མ་ཟད། ཕྱི་ལོ་༢༠༡༤ལོར་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཕྱག་སྦྲེལ་བཀའ་བློན་རྣམ་པ། དྲུང་ཆེ་རྣམ་པ་བཅས་ཀྱང་ཆེད་དུ་གཞིས་ཆགས་དང་སློབ་གྲྭ། དགོན་སྡེ་གཅིག་ཀྱང་མ་ལུས་པར་རིམ་ཕེབས་གནང་སྟེ་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་ཁྱབ་བརྩམས་ཡོད། དེ་མཚུངས་ཕྱི་ལོ་༢༠༡༤ཟླ་༦ནང་རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་སྐྱེད་གཏོང་རྒྱུའི་ལས་གཞི་དང་འབྲེལ་བའི་ཡིག་ཆ་ཁག་༧གོང་ས་མཆོག་གིས་དབུ་འབྱེད་གནང་བ་དང༌། དབུ་མའི་ལམ་གྱི་དྲ་རྒྱ་དང་སྐར་མ་བརྒྱད་ཅན་གྱི་བརྙན་ཐུང༌། ཡིག་ཆ་ཁག་བཅས་བོད་ཡིག་དང་ཨིན་ཡིག་རྒྱ་ཡིག་སོགས་སྐད་རིགས་འདྲ་མིན་ཐོག་འགྲེམས་སྤེལ་གྱིས། རྒྱལ་སྤྱིའི་གྲགས་ཆེ་བའི་བརྒྱུད་ལམ་ཁག་༣༠ལྷག་ཙམ་ནང་ཤུགས་ཆེ་ཐོན་ཡོད་པ་དང། ཨ་རིའི་ཕོ་བྲང་དཀར་པོ་གཙོས་རང་དབང་སྟོབས་ཆེན་རྒྱལ་ཁབ་ཁག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྔགས་བརྗོད་དང་རྒྱབ་སྐྱོར་སྔར་ལས་ཆེ་བ་ཐོབ་ཡོད།

བཞི་པ། བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ལ་མངོན་ལྐོག་བརྒྱུད་གསུམ་ནས་ཤུགས་རྒྱག་བཞིན་པ། བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་བཟང་ཤོས་ནི་བོད་རྒྱའི་དབར་འབྲེལ་མོལ་གནང་རྒྱུ་དེ་ཆགས་ཀྱི་ཡོད་པར་བརྟེན། བོད་རྒྱ་འབྲེལ་མོལ་ཚོགས་ཆུང་རྒྱ་སྐྱེད་ཐོག་ཚོགས་འདུ་ཐེངས་ལྔ་འཚོགས་ཏེ་དམིགས་བསལ་སློབ་སྟོན་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་གདན་ཞུ་བྱས་པ་དང༌། སྔོན་དུས་དམིགས་བསལ་སྐུ་ཚབ་ཡོད་པའི་ཐོག་ནས་འབད་བརྩོན་དང༌། དེང་སྐབས་མེད་པའི་ཐོག་ནས་འབད་བརྩོན་བྱེད་བཞིན་པར། རྒྱ་ནག་དབུས་གཞུང་གི་ཏང་སློབ་སྤྱི་ཚོགས་ཚན་རིག་སློབ་དཔོན་ Jin Wei ཇིན་ཝུས་ཀྱིས། བོད་རྒྱའི་དབར་གྲོས་མོལ་བསྐྱར་འཛུགས་དགོས་སྐོར་གཞུང་འབྲེལ་དུས་དེབ་དང་ས་གནས་གང་སར་གསུང་བཞིན་པ་དང༌། དེ་འབྲེལ་གྱི་རྩོམ་ཡིག་རྒྱ་ནག་གི་དྲ་རྒྱ་ཁག་ལ་བཀྲམ་པ།

༢༠༡༥ཟླ་༡ཚེས་༢༩ཉིན་BBCདྲ་རྒྱའི་ཐོག་རྒྱ་ནག་གཞུང་གི་ཆེས་མཐོའི་དཔོན་རིགས་ཟུར་པ་ཞའོ་ཝོ་ལན་XiaoWunanཞུས་པ། རྡ་སར་ཕེབས་ནས་༧གོང་ས་མཆོག་དང་གནད་ཡོད་མི་སྣ་ཚོ་མཇལ་སྐོར་དང༌། བོད་རྒྱའི་གནས་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད་སྐོར་བཀོད་པ། ༢༠༡༤ཟླ་༨ཚེས་༢༥ཉིན་TheHinduདྲ་རྒྱའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་གཞོན་པ་ཝུག་དབྱིང་ཇེ་WuYingjieཟེར་བས། བོད་རྒྱ་གཞུང་དབར་སྐད་ཆ་ཤོད་དགོས་ཡོད་ཅེས་རྒྱ་གར་གྱི་གསར་འགོད་སྡེ་ཚན་ལ་བརྗོད་པ།

དེ་བཞིན་ཡུ་རོབ་གནའ་འབྲེལ་ཚོགས་པའི་ཚོགས་གཙོ་ European council President DonaldTuskམཆོག་གིས། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་Likeiqijangརྒྱལ་དོན་འཚམ་གཟིགས་ལ་ཕེབས་སྐབས། བོད་རྒྱ་འབྲེལ་མོལ་སྐོར་ཡོངས་གྲགས་གླེང་སློང་གནང་བ་དང༌། ད་དུང་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཡུ་རོབ་སོགས་སྟོབས་ལྡན་རྒྱལ་ཁབ་ཁག་ནས་བོད་རྒྱ་འབྲེལ་མོལ་དང་འབྲེལ་བོད་དོན་སྐོར་ཡོངས་གྲགས་གླེང་སློང་དང། གྲོས་ཆོད། བསྒྲགས་གཏམ་ཁག་༡༥ཙམ་བཞག་ཡོད་པ། རྣམ་ཀུན་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བ་དང༌། བོད་ཕྱོགས་ནས་དུས་ཚོད་དང་ས་གནས་གང་དུའང་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཉིས་དབར་འབྲེལ་མོལ་མུ་མཐུད་ནས་བྱ་རྒྱུའི་གྲ་སྒྲིག་ཨང་སར་ཡོད་པའི་རྣམ་པ་ཐོན་བཞིན་པ་བཅས་ལས། ད་དུང་དེ་འབྲེལ་གྱི་གནད་དོན་མང་པོ་ཡོད་ངེས་དང༌། ལས་དོན་འགྲུབ་པའི་རེ་བ་ཆེན་པོ་ཡོད་པ་ཟུར་བལྟས་ལེབ་མཐོང་བྱེད་ཐུབ་ཀྱི་ཡོད།

ལྔ་པ། རྒྱ་གར་གཞུང་གི་འབྲེལ་ཡོད་དབར་མཛའ་བརྩེའི་འབྲེལ་ལམ་བཙུགས་པ། བོད་ཀྱི་གནད་དོན་ལ་གལ་འགངས་ཆེ་ཤོས་རྒྱ་གར་གཞུང་ཆགས་ཀྱི་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་དབར་འབྲེལ་ལམ་སྲ་བརྟན་ཆགས་དགོས་པ་དེ་བས་ཀྱང་གནད་འགག་ཆགས་ཡོད་སྟབས། དཔལ་ལྡན་སྲིད་སྐྱོང་མཆོག་དང༌། འབྲེལ་ཡོད་རྒྱ་གར་གཞུང་གི་ལྷན་ཁང་ཁག་གི་བློན་ཆེན་དབར་སྒེར་གྱི་མཛའ་བརྩེའི་འབྲེལ་བ་གསར་པ་ཞིག་བཙུགས་ཏེ་གསར་གཏོད་རང་བཞིན་གྱི་ལས་གཞི་མང་དག་ཅིག་སྤེལ་དང་སྤེལ་མུས་དང༌། དེ་ཡང་༧གོང་ས་མཆོག་དགུང་གྲངས་༨༠ཕེབས་པའི་འཁྲུངས་སྐར་སྐབས། རྒྱ་གར་དབུས་ཀྱི་བློན་ཆེན་གཉིས་རྡ་སར་ཆེད་བཅར་གནང་ཡོད་པ་དེ། འདས་པའི་མི་ལོ་༥༥ནང་བློན་ཆེན་རྡ་སའི་གཞུང་འབྲེལ་མཛད་སྒོར་ཆེད་ཕེབས་གནང་བ་ཐེངས་དང་པོ་ཆགས་ཡོད་འདུག

ད་དུང་རྒྱ་གར་གྱི་སྲིད་བློན་མཆོག་གི་དམ་འབུལ་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་མཆོག་གདན་འདྲེན་ཞུས་པ་སོགས་ནི། ཆབ་སྲིད་ཀྱི་ཐོག་ནས་ཀྱང་གནད་འགག་ཆགས་ཀྱི་ཡོད། དེ་བཞིན་བོད་མི་འདུས་སྡོད་ཀྱི་ས་གནས་ལྷོ་ཕྱོགས་ཀར་ན་ཀྲ་ཀ་དང་ཨོ་རི་ས། ཨུ་ཏར་ཁང༌། ཨ་རུན་ན་ཅལ། ཧི་མ་ཅལ་སོགས་ཀྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་མཇལ་འཕྲད་ཐེངས་མང་དང༌། བོད་མི་འདུས་སྡོད་སོ་སོའི་དཀའ་ངལ་རིམ་ཞུས་ཀྱིས་གྲུབ་འབྲས་ཀྱང་འབུར་ཐོན་བྱུང་ཡོད།

རྒྱ་གར་གཞུང་གིས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ “Tibetan Rehabilitation Policy 2014 གཏན་འབེབས། བོད་མི་རྣམས་རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་ཁྱེར་ R.Cལོ་ལྔའི་དུས་ཚོད་ཕར་འགྱངས། ད་དུང་སྲིད་སྐྱོང་མཆོག་རྒྱ་གར་གྱི་མཐོ་སློབ་སོགས་སུ་མི་ཁྲི་ཚོ་འཛོམས་སར་གསུང་བཤད་གནང་བར་གདན་འདྲེན་མང་པོ་ཞུས་པ་བཅས་ནི། སྲིད་སྐྱོང་གིས་དབུ་འཁྲིད་པའི་བོད་མིའི་སྒྲིག་འཛུགས་ལ་རྒྱ་གར་གཞུང་གིས་རྒྱབ་སྐྱོར་ཚད་མཐོན་པོ་གནང་བ་ཞིག་མཚོན་ཐུབ་ཀྱི་ཡོད་ལ། ཐ་ན་རྡ་ཤོད་ནས་གངས་སྐྱིད་ཁུལ་བརྒྱུད་རྡ་སྟེང་བར་ྋགོང་ས་མཆོག་ཕེབས་བཞུད་གྱི་འགྲུལ་ལམ་གཙོ་བོ་དེ་བཞིན་འབྲེལ་ཡོད་གཞུང་ལ་སྔ་གཞུག་ཐེངས་མང་ཞུས་ཏེ་ད་ཆ་ཨར་འདམ་སྤུས་ལེགས་བཏིངས་དང་འདིང་བཞིན་པ་དང། གཞུང་ལམ་དེའི་མིང་ཚུན་ཆད་“པོ་ཏཱ་ལ་གཞུང་ལམ་PotalaRoadཞེས་མིང་བསྒྱུར་ཐོབ་སྟེ་ྋགོང་ས་མཆོག་ཕེབས་ལམ་དེ་བརྒྱུད་བོད་གངས་ཅན་ཁ་བའི་ལྗོངས་སུ་ཆིབས་ཞལ་བསྒྱུར་རྒྱུའི་རྟགས་དང་རྟེན་འབྲེལ་སྒྲིག་པ་སོགས་གསར་གཏོད་དང་རྒྱ་སྐྱེད་སྣ་མང་གནང་ཡོད།

དྲུག་པ། ཤེས་ཡོན་ཡར་རྒྱས་ཀྱི་ལས་གཞི་ལ་གྲུབ་འབྲས་འབུར་ཐོན་བྱུང་བ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཤེས་ཡོན་གྱི་ལས་གཞི་གལ་ཆེའི་ནང་གི་དོན་ཆེན་དུ་བརྩིས་ཀྱི་ཡོད་ཅེས་ཡོངས་གྲགས་གསུངས་པ་ལྟར། དང་ཐོག་རྒྱ་གར་གཞུང་འོག་ཡོད་པའི་བོད་སློབ་ཁག་རྩིས་ལེན་གྱི་ལས་གཞི་དང༌། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསར་གཏོད་གནང་བའི་ཤེས་ཡོན་སྲིད་ཇུས་ལག་བསྟར་ཚུལ་བཞིན་ཡོང་ཆེད་དུ་འགྲོ་སོང་སྔར་ལྷག་གཏོང་བཞིན་པ་མ་ཟད། ཆེད་དུ་དགེ་རྒན་འོས་སྦྱོང་ཁང་གསར་འཛུགས་གནང་སྟེ་དགེ་རྒན་ཚོར་དམིགས་བསལ་ཟབ་སྦྱོང་མཐིལ་ཕྱིན་ཕུལ་བ། ཤེས་ཡོན་ལྷན་ཚོགས་ཚགས་ཚུད་དུ་བཏང་བ། སྐུ་ངལ་འཛེམས་མེད་ཀྱིས་བོད་པའི་སློབ་གྲྭ་ཁག་ཡོངས་རྫོགས་ལ་སྐོར་སྐྱོད་ཀྱིས་རྟོགས་ཞིབ་གནང་བ་དང༌། བརྩེ་བ་ཆེན་པོས་དགེ་རྒན་དང་ལས་བྱེད། ཕ་མ་སོགས་དང་མཉམ་འཛོམས་ཀྱིས་ཤེས་ཡོན་སྐོར་བསམ་ཚུལ་བསྡུ་ལེན་དང་ལམ་སྟོན་བཀའ་སློབ་གནང་བ། ཤེས་ཡོན་གྱི་ཆེད་དུ་འགྲོ་སོང་ཕོན་ཆེན་གཏོང་བཞིན་པ་བཅས་ལ་གྲུབ་འབྲས་འབུར་ཐོན་བྱུང་ཡོད།

དེ་ཡང་དཔེར་མཚོན་ཙམ་དུ་ཞུས་ན། ཕྱི་ལོ་༢༠༡༠ལོར་ཤེས་རིག་ལས་ཁུངས་ཀྱིས་སློབ་ཕྲུག་གྲངས་(༡༣༠ཙམ་ལ་སློབ་ཡོན་ཧིན་སྒོར་འབུམ་(༩༠ཙམ་སྤྲོད་ཀྱི་ཡོད་པ་དང༌། དེང་སྐབས་སློབ་ཕྲུག་གྲངས་(༦༠༠ལ་སློབ་ཡོན་ཧིན་སྒོར་འབུམ་(༤༠༠ཙམ་གཏོང་གི་ཡོད་པའི་ཁྲོད་མི་ཉུང་བ་ཞིག་ཁྱད་ལས་པ་ཡིན་སྟབས། སློབ་མའི་གྲངས་དང་སློབ་ཡོན་སོགས་ཧ་ཅང་ཕོན་ཆེ་འཕར་ཡོད། དེ་ལ་བརྟེན་ནས་འཛིན་གྲྭ་བཅུ་གཉིས་བརྒྱ་ཆ་(༧༥) ལྷག་ཐོན་མཁན་ལ་མཚོན་ན། ཕྱི་ལོ་ ༢༠༡༠ ལོར་སློབ་ཕྲུག་གྲངས་ (༡༢༧)དང༌། ཕྱི་ལོ་ ༢༠༡༤ ལོར་སློབ་ཕྲུག་གྲངས་ (༣༢༡) ཆགས་ཡོད་པ་དང༌། ཕྱི་ལོ་༢༠༡༥ལོར་སློབ་ཕྲུག་གྲངས་(༤༤༣ཆགས་ཡོད། ད་དུང་ཕྱི་ལོ་༢༠༡༣དང་༢༠༡༥ལོར་བརྒྱ་ཆ་༩༥སོན་ནས་སྲིད་སྐྱོང་སློབ་ཡོན་རག་མཁན་ཡང་བྱུང་ཡོད། ལས་གཞི་དེ་དག་ལ་བརྟེན་ནས།

ཕྱི་ལོ་༢༠༡༥ཟླ་༦པར་རྡ་སྟེང་བོད་ཁྱིམ་དུ་༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་བཀའ་དྲིན་སྩལ་སྐབས། འདས་པའི་ལོ་མང་པོའི་རིང་ཤེས་ཡོན་འཐུས་ཤོར་སོང་ཡོད་ཀྱང༌། དེང་སྐབས་ཡར་རྒྱས་འགྲོ་གི་འདུག་པས། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཚོས་ཧུར་ཐག་བྱོས་” ཞེས་བཀའ་བཟང་ཕེབས་ཡོད་པ་ནི་ཚང་མས་མཁྱེན་གསལ་ལྟར་དང༌། ད་དུང་ཡང་ཡར་རྒྱས་ལ་ཚད་མེད་པས་ཤེས་ཡོན་མཐོར་འདེགས་ཀྱི་གོ་སྐབས་འདི་མ་ཤོར་བ་བྱེད་དགོས།

བདུན་པ། དཔལ་འབྱོར་འདུ་འགོད་ཐད་ལྡབ་འགྱུར་གྱི་གྲུབ་འབྲས་ལེགས་ཐོན་བྱུང་བ། བོད་པའི་རྩ་དོན་གྱི་ཆེད་དུ་ལས་གཞི་གང་སྤེལ་ཡང་དཔལ་འབྱོར་གྱི་གནས་བབ་ཡག པོ་དགོས་པ་དང༌། སྔོན་དུས་ཕྱི་ལོ་ ༡༩༩༩ ནས་ལོ་ ༡༥ ཙམ་གྱི་རིང་ལ། བོད་མིའི་སྒྲིག་འཛུགས་ཀྱི་ལོ་གཅིག་གི་འགྲོ་སོང་ཧིན་སྒོར་ས་ཡ་ (༡༠༠༠) ཡས་མས་ཡིན་པ་དང༌། ཕྱི་ལོ་༢༠༡༥ལོར་ས་ཡ་༢༠༠༠བརྒལ་ཡོད་པ་དེ་དཔལ་འབྱོར་འདུ་འགོད་ལྡབ་འགྱུར་གྱི་འཕར་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་བརྒྱུད་ནས་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་ཆེད་དུ་སྔོན་དུ་ཨ་སྒོར་ས་ཡ་( ༢ ) ཙམ་ལས་མེད་ཀྱང༌།ད་ཆ་ལོ་རེར་ས་ཡ་( ༧ ) ཙམ་འཕར་ཡོད་འདུག ཁེ་ན་ཌ་ནས་ཁེ་སྒོར་ས་ཡ་ ༢  དང་ཡུ་རོབ་ནས་ཡུ་སྒོར་ས་ཡ་ ༡ དེ་དང་འབྲེལ་བའི་གཞན་རྒྱལ་ཁབ་ཁག་ནས་རོགས་དངུལ་འདྲ་མིན་འཚོལ་ཐབས་གནང་ཐུབ་པ་དེ། ཆབ་སྲིད་ཐོག་ནས་ཀྱང་གནད་འགག་ཆགས་ཀྱི་ཡོད། དེ་དག་གཏོང་ས་གཙོ་བོ་ནི། ཤེས་ཡོན་སློབ་གསོ་དང༌། གཞིས་ཆགས་སྲ་བརྟན། ཆབ་སྲིད་ཀྱི་གོ་རྟོགས་ལས་གཞི། ཆོས་རིག་གཞུང་དང་སྐད་ཡིག་ཡར་རྒྱས། ཚོང་རིགས་ལས་གཞི། སུད་ཚོང་པ། དགེ་རྒན་དང་ལས་བྱེད་ཀྱི་ཕོག རྒས་ཕོག་སྤར་བ། གངས་སྐྱིད་ཚོགས་ཁང་དང་ལས་ཁུངས་རྒྱ་སྐྱེད་དང་ལེགས་བཅོས། འཕྲུལ་ལས་ཡར་རྒྱས། རྩེད་རིགས་རྒྱ་སྐྱེད་སོགས་གནང་ཡོད།

ད་དུང་ཨ་རིའི་དོན་གཅོད་རྒྱལ་ས་ཝ་ཤིན་ཊོན་དུ་གནས་སྤོས་ཀྱིས་ཨ་སྒོར་ས་ཡ་(༢ ) ལྷག་གིས་དོན་གཅོད་ཁང་གསར་ཉོ། ཉི་ཧོང་དོན་གཅོད་ཁང་ཀྱང་ཨ་སྒོ་ས་ཡ་( ༡ ) ལྷག་ཙམ་གྱིས་གསར་ཉོ་གནང་ཡོད་པ་ཡོངས་གྲགས་དང༌། ད་དུང་ཡང་དཔལ་འབྱོར་གྱི་གནས་སྟངས་ཇི་ཙམ་བཟང་པོ་ཡོད་ན་དེའི་ཚོད་ཀྱིས་ལས་གཞི་མང་པོ་ལག་བསྟར་ཐུབ་ངེས་དང༌། དེང་སྐབས་ལས་གཞི་མང་པོ་གསར་གཏོད་དང་ལག་བསྟར་བྱེད་བཞིན་པའང་འདི་ལ་བརྟེན་ནས་ཡོང་གི་ཡོད། དཔལ་འབྱོར་འདུ་འགོད་དེ་ཡང་མི་དང་མིའི་དབར་གྱི་འབྲེལ་བ་ལ་ཤིན་ཏུ་རག་ལས་པས། མ་འོངས་པར་དཔལ་འབྱོར་གྱི་གནས་སྟངས་སྡུག་ཏུ་མི་འགྲོ་བ་དང༌། ད་དུང་མུ་མཐུད་ནས་ཡར་རྒྱས་འགྲོ་བར་བསམ་བློ་ངེས་པར་དུ་གཏོང་དགོས།

བརྒྱད་པ། གཞིས་ཆགས་སྲ་བརྟན་གྱི་ལས་གཞི་སྣ་མང་སྤེལ་བ། དཔལ་ལྡན་སྲིད་སྐྱོང་མཆོག་གིས། གཞིས་ཆགས་དང་གཞིས་མི་སྲ་བརྟན་ཆགས་པ་ལ་དང་པོ་གཞིས་ས་སྲ་བརྟན་དགོས་ཞེས་སྲིད་བྱུས་ཟིན་པ་ལྟར། རྒྱ་གར་གཞུང་གིས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ “Tibetan Rehabilitation Policy 2014″ ཞེས་པ་གཏན་འབེབས་གནང་བ་དེ་མངའ་སྡེ་ཁག་གིས་རིམ་གྱིས་ལག་བསྟར་གནང་འཆར་དང༌། གཞིས་ཆགས་དང་ཁ་འཐོར་བོད་མི་ཚོའི་ས་ཆ་ཁྲིམས་མཐུན་མིན་པ་ཁག་ཁྲིམས་མཐུན་གྱི་ཡིག་ཆ་བཟོས་པ། ས་ཆ་རྣམས་བོད་མིར་བདག་དབང་ཆ་ཚང་ཡོང་ཐབས་གནང་བཞིན་པ། སྲོལ་རྒྱུན་དང་རྫས་ལུད་གཉིས་ཀ་འདེབས་མཁན་ལ་བུན་གཡར་གྱི་ལས་གཞི། གཞོན་སྐྱེས་ཚོང་ལས་གསར་པར་བུན་གཡར་གྱི་ལས་གཞི། དེ་སྔ་ལྡི་ལི་བོད་སྒར་བསམ་ཡས་གླིང་གནས་སྤོ་དགོས་པའི་དཀའ་ངལ་དེ། ད་ལྟའི་ཆར་ཨ་རུ་ནཱ་གྷར་ཞེས་མིང་བསྒྱུར་གནང་སྟེ་ལྷིང་འཇགས་ཆགས་དང་ཀའ་ངལ་གང་འཚམས་སེལ་ཐུབ་ཡོད།

དྷ་རམ་ས་ལའི་ཁུལ་ཁྱིམ་ཚང་༢༡༠དང༌། སིམ་ལ་དང་མཚོ་པདྨ་ཁུལ་ཁྱིམ་ཚང་ཁག་ཅིག་གི་དཀའ་ངལ་ཞུ་གཏུགས་མང་པོ་བྱས་མཐར། ཧིལ་མ་ཅལ་མངའ་སྡེ་གཞུང་ནས་ ༢༠༡༤ལོའི་རྒྱ་གར་གཞུང་གི་གཏན་འབེབས་བྱས་པ་གཞིར་བཟུང་མངའ་སྡེ་རང་ནས་བོད་པའི་ཆེད་དུ་སྲིད་ཇུས་ཤིག་གཏན་འབེབས་བཟོས་ཟིན་པ་དང།ཤིང་ནགས་ཀྱི་ས་ཆའི་རྩོད་རྙོག་ནང་ལྷུང་བཞིན་པ་རྣམས་ཀྱི་དཀའ་ངལ་གཙང་སེལ་ཞུ་ཐབས།འདས་པའི་མི་ལོ་བཞི་ཙམ་རིང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ཡོངས་རྫོགས་བསྐོར་བསྐྱོད་ཟིན་པ་མ་ཟད།ལ་དྭགས་སོགས་གཞིས་ཆགས་ཐག་རིང་དང༌།དཀའ་ངལ་ཅན་གྱི་ས་ཁུལ་ཁག་ལ་ཆིབས་སྒྱུར་ཐེངས་མང་གནང་སྟེ་མང་ཚོགས་ཀྱི་དཀའ་སྡུག་རྒྱུས་ལོན་དང་དཀའ་སེལ་སྣ་མང་གནང་ཡོད།

དེ་ག་ནང་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་ནས་རྒྱ་བལ་འབྲུག་གསུམ་ཕུད་ཕྱི་རྒྱལ་ཡུལ་གྲུ་གཞན་ཁག་ཏུ་གནས་སྡོད་བོད་མི་རྣམས་བོད་མིའི་སྒྲིག་འཛུགས་དང།གཞིས་ཆགས་ཁག་དབར་རྒྱུན་གནས་སྲ་བརྟན་གྱི་འབྲེལ་ལམ་འཛུགས་ཆེད།རྒྱལ་ཁབ་གཞན་ཁག་ཏུ་གནས་སྡོད་བོད་མི་དང་གཞིས་ཆགས་དབར་གཅེན་གཅུང་སྤུན་སྲིང་གི་འབྲེལ་བ་གསར་གཏོད་གནང་བ་དང། དང་ཞབས་ཀྱི་ངོ་བོ་ཐོག་ནས་བོད་མི་ཁྱད་ལས་པ་དང་མཁས་དབང་གང་ཡང་རུང་བ་བོད་མིའི་སྒྲིག་འཛུགས་གཞུང་གི་ལྷན་ཁང་ཁག་ཏུ་ཞབས་ཞུ་དང་ཉམས་མྱོང་སྤེལ་རེས་ཀྱི་སྲིད་བྱུས་ཟིན་པ།ཁོང་རྣམ་པའི་དང་བླངས་དཔྱ་དངུལ་ལག་དེབ་གསར་བཟོ་དང་ནོར་བཅོས་གཏོང་ཐབས་སྐོར་སྟབས་བདེ་རུ་བཏང་བ། བོད་ཀྱི་བརྙན་འཕྲིན་དྲ་བ་ Tibet Onling TVདང།བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་Tibet.netབརྒྱུད་དེ་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་རྣམས་ཀྱིས་ཐད་ཀར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་གནས་སྟངས་ཁག་ཤེས་རྟོགས་ཐུབ་པ་བཟོས་པ་སོགས། མདོར་ན་སོ་སོར་ཤེས་འཇོན་ཡོད་ན་ས་གནས་གང་དུ་གནས་རུང་ཁ་ཕྱོགས་བོད་མིའི་སྒྲིག་འཛུགས་གཞུང་དང་གཞིས་ཆགས་ཁག་ལ་བསྐོར་ཆོག་པའི་ལམ་ཁ་གསར་པ་ཞིག་གཏོད་ཡོད་སྟབས་སྤྱི་སྒེར་ཚང་མར་ཕན་ཐོགས་ཆེན་པོ་བྱུང་བ་མ་ཟད། ཆབ་སྲིད་ཐད་ནས་བཤད་ཀྱང་གནད་འགག་ཆེན་པོ་ཞིག་ཆགས་ཡོད།

དེ་མཚུངས་སྤྱི་ཚོགས་ཡར་རྒྱས་ཡོང་བའི་འགག་རྩ་གཙོ་བོ་ཞིག་ནི་མི་མང་གི་འཕྲོད་བསྟེན་ལ་རག་ལས་པས། མི་དམངས་ཀྱི་འཕྲོད་བསྟེན་ཉེན་སྲུང་ཡོང་ཐབས་སུ་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ལ་འགྲོ་གྲོན་ཕོན་ཆེན་བཏང་པ་དང༌། དེ་དག་གཙོ་བོ་འཚོ་ཐབས་སྐྱོ་པོ་དང་ཉམ་ཐག་རིགས་ལ་དམིགས་ཏེ།ལོ་སྔོན་མ་འདིའི་ནང་འཛུལ་ཞུགས་བྱེད་མཁན་མི་གྲངས་ (༡༠༠༠༠ ) ཙམ་ལས་མེད་ཀྱང། ད་ལྟ ད་ལྟ་མི་གྲངས་ ( ༢༠༠༠༠ ) ལས་བརྒལ་ཟིན་པ་དང། ལོ་ལྔའི་ནང་མི་གྲངས་  ༥༠༠༠༠  ཆགས་ཐུབ་རྒྱུའི་དམིགས་ཚད་ཟིན་ཏེ་བཙན་བྱོལ་བོད་མིའི་ཁྲོད་འཚོ་ཐབས་སྐྱོ་པོ་དང་ཉམ་ཐག དཔལ་འབྱོར་འབྲིང་བའི་མི་དམངས་མང་ཆེ་བའི་དཀའ་ངལ་སེལ་ཐུབ་རྒྱུའི་སྲིད་བྱུས་ཟིན་འདུག་པ་མ་ཟད། ད་དུང་བོད་པའི་སྤྱི་ཚོགས་སུ་ཕྲུ་གུ་གསུམ་ལས་མང་བ་སྐྱེས་ན་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་བསལ་ལྟ་སྐྱོང་གི་ལས་གཞི་དང༌། མ་དང་བྱིས་པའི་འཕྲོད་བསྟེན་གོ་རྟོགས་གཙོས་འགོས་ནད་འདྲ་མིན་དང། མྱོས་རྫས་ངན་གོམས་སོགས་སྔོན་འགོག་གི་ལས་གཞི་རྒྱ་ཁྱབ་ཏུ་བརྩམས་ཡོད་པ་མ་ཟད། སྔོན་ཆད་ ༢༠༡༢ ལོར་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་འཕྲོད་བསྟེན་སྨན་ཁང་ཁག་ཏུ་སྨན་པ་ ༧ ལས་མེད་ཀྱང། ད་ལྟ་སྨན་པ་ ༡༦ ཙམ་ཡོད་པ། དེ་བཞིན་སྨན་ཞབས་པ་ ༡༠༠ ལྷག་ཡོད་པ་དེ་དག་གིས་བོད་པའི་སྨན་ཁང་འདྲ་མིན་ནང་ཕྱག་ལས་གནང་བཞིན་ཡོད་འདུགདམིགས་བསལ་ ༢༠༡༤ ལོར་འཕྲོད་བསྟེན་ལ་སྨན་པའི་ཕྱིའི་རོགས་དངུལ་ཨ་སྒོར་ས་ཡ་ ༣ ལྷག་ཐབས་འཚོལ་བྱུང་སྟེ་འཕྲོད་བསྟེན་གྱི་ལས་འཆར་འདྲ་མིན་ཐོག་བཏང་དང་གཏོང་འཆར་ཡོད་འདུག

དགུ་པ། བོད་ནས་གསར་དུ་ཕེབས་མཁན་ཚོར་མཐུན་རྐྱེན་ལེགས་སྐྲུན་གྱི་སྲིད་བྱུས་ཟིན་པ། བོད་ནས་གསར་དུ་ཕེབས་མཁན་མང་པོ་ཞིག་དེང་སྐབས་བོད་མི་འདུས་སྡོད་ཆེ་སའི་གཞིས་ཆགས་ཁག་སོགས་སུ་བཞུགས་ཀྱི་ཡོད་པ་དང༌། དེ་དག་གི་དཀའ་ངལ་སེལ་ཐབས་དང་མཐུན་རྐྱེན་ལེགས་སྐྲུན་གྱི་ལས གཞི། དཔེར་ན། སྦིར་ཅོན་ཏ་ར་གནས་སྡོད་བོད་ནས་གསར་ཕེབས་ནང་མི་ ༧༣ ལ་གཞིས་ས་གསར་ཉོ་དང་སྡོད་ཁང་གསར་རྒྱག་གི་ལས་གཞི། སྦེལ་ཀོབ་དང་མོན་གྷོ་གཉིས་སུ་གནས་སྡོད་བོད་ནས་གསར་ཕེབས་ཚོར་གཞིས་ས་མཁོ་སྤྲོད་ཀྱི་ལས་གཞི་ལག་བསྟར། ཆབ་སྲིད་བཙོན་ཟུར་ཚོར་སྡོད་ཤག་གསར་རྒྱག བཙོན་ཟུར་དང་འབྲེལ་ཡོད་འབྲེལ་ཆགས་རྣམས་ཀྱི་འཚོ་སྣོན་ལྡབ་འགྱུར་སྤར་བ། དུས་གཅིག་ལ་ཆབ་སྲིད་བཙོན་ཟུར་ཕོན་ཆེན་ཨོ་སི་ཁྲིར་ཡ་ལ་བཏང་པ་སོགས་ལས་གཞི་ལག་བསྟར་བྱེད་བཞིན་པ། ཤེས་རབ་དགའ་ཚལ་སློབ་གྲྭའི་ཡུན་ཚད་ལོ་ ༥ ནས་ ༨ བར་སྤར་བ་དང། དེའི་ནང་འཚེམ་ལས་སོགས་ལག་ཤེས་ཀྱི་རིགས་དང་གློག་ཀླད་སྦྱང་ས་རྒྱ་བསྐྱེད་བཏང་བ། སློབ་སྦྱོང་མུ་མཐུད་ནས་བྱེད་མཁན་ཁྲོད་ནས་འཛིན་གྲྭ་ ༡༢ ལ་འགྲོ་མཁན་སློབ་ཕྲུག་གྲངས་ ༡༢ དང། འཛིན་གྲྭ་ ༡༢ ཐོན་མཁན་སློབ་ཕྲུག་གྲངས་ ༤ བྱུང་ཡོད་པ་མཐོ་སློབ་ཏུ་འགྲིམ་བཞིན་པ། རྗེས་ལོར་འཛིན་གྲྭ་བཅུ་གཉིས་ཐོན་མཁན་གྲངས་ ༡༠ ཡོད་པ་བཅས། དེ་དག་ལ་མཐོ་སློབ་དང་མ་འོངས་པར་མཐོ་སློབ་འགྲིམས་མཁན་ཚོར་སློབ་ཡོན་ཆ་ཚང་འབུལ་འཆར་ཡོད་འདུག་པ་མ་ཟད། དགོན་སྡེ་གྲྭ་ཚང་དང་སྦིར་སུ་ཇ་སོགས་ནས་ས་ཆུ་མ་འཕྲོད་པའམ་འཕྲོད་བསྟེན་རྐྱེན་གྱིས་ཕྱིར་དོན་དགོས་པ་དཀའ་ངལ་ཅན་རྣམས་ལ་མཐུན་རྐྱེན་གོ་སྐབས་གཉིས་པ་འབུལ་རྒྱུའི་སྲིད་བྱུས་ལག་བསྟར་དོན་འཁེལ་བྱེད་པ་སོགས། མདོར་ན་བོད་ནས་གསར་ཕེབས་རྣམས་ལ་བདག་སྐྱོར་རོགས་རམ་སྔ་ལས་ལྷག་པ་གནང་ཡོད།

བཅུ་པ། གལ་གནད་ཆེ་བའི་སྐུ་ཕྱཱའི་ལས་དོན་དང༌། ཆོས་དང་རིག་གཞུང་དང་འབྲེལ་བའི་ལས་གཞི་རྒྱ་ཆེ་སྤེལ་བ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱའི་ལས་དོན་ནི་སྐབས་བཅུ་བཞི་པའི་བཀའ་ཤག་གི་ལས་དོན་ཡོངས་རྫོགས་ཀྱི་གནད་འགག་མཐོ་ཤོས་ལ་ངོས་འཛིན་གནང་སྟེ། རྒྱ་གར་གཞུང་དང་འབྲེལ་ལམ་དམ་ཟབ་ཐོག་མི་དང་འཕྲུལ་ལས་གཉིས་ཆ་ཡར་རྒྱས་བཏང་ཡོད་པ་དང། རྒྱལ་ཁབ་གང་དུ་ཆིབས་སྒྱུར་གནང་ཡང་ཡུལ་དེ་དང་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་དབར་འབྲེལ་བ་དམ་ཟབ་ཚགས་ཚུད་ཡོང་བཞིན་པ། སྐུའི་ཞབས་རིམ་གསོག་སྒྲུབ་ཀྱི་ལས་གཞི་རྒྱ་ཆེ་ཞུས་པ་སོགས་མདོར་ན་སྐུ་ཕྱྭའི་ལས་དོན་དེ་བཞིན་ལས་དོན་གལ་འགངས་ཆེ་ཤོས་སུ་རྩིས་ཏེ་ཕྱི་ནང་གི་རྐྱེན་དང་བར་ཆད་ཕྲ་མོ་ཙམ་ཡང་མི་ཡོང་བའི་ལས་དོན་བསྒྲུབས་དང་སྒྲུབ་མུས་ཡིན་པ་ཚང་མས་མཁྱེན་གསལ་ལྟར་ལས། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་དོན་མང་དག་ཅིག་གསང་རྒྱ་ཅན་ཡིན་པས་ད་དུང་དེ་བས་ཚད་མཐོ་བའི་ལས་དོན་བཀོད་སྒྲིག་ཞུ་བཞིན་ཡོད་པ་ནི་ཚང་མས་སྤོབས་ཐུབ་པ་ཞིག་རེད། དམིགས་བསལ་དོལ་རྒྱལ་བསྟེན་སྲོལ་བྱེད་མཁན་ཉུང་ཤས་ཤིག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག རྒྱལ་ཁབ་གང་དུ་ཆིབས་སྒྱུར་གནང་ཡང་གཞི་མེད་ཀྱི་སྐྱོན་འཛུགས་དང་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པར། སྲིད་སྐྱོང་གིས་དབུ་འཁྲིད་པའི་བཀའ་ཤག་གིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་དང་བྱེད་བཞིན་པའང་མཐོང་གསལ་ཡིན།

བཀའ་ཤག་སྐབས་༡༤པས་༢༠༡༤ལོ་དེ་བཞིན་༧གོང་ས་སྐུ་ཕྲེང་༡༤པའི་བཀའ་དྲིན་རྗེས་དྲན་གྱི་ལོར་གཏན་འབེབས་གནང་སྟེ་ལོ་འཁོར་མོ་གཅིག་རིང་དམིགས་བསལ་དགེ་སྒྲུབ་སྡིག་སྤོང་སོགས་ཀྱི་ལས་གཞི་སྤེལ་བ་དང༌། རིས་མེད་ཆོས་རྒྱུད་ཁག་གི་བགྲོ་གླེང་ཚོགས་འདུ། དགེ་བཤེས་མའི་རྒྱུགས་སྤྲོད། གཞུང་ཆེན་རིག་གཅིག་རྐང་འཛིན་གྱི་ལས་གཞི། ཟློས་གར་དང་བོད་ཀྱི་འཁྲབ་གཞུང་སྒྱུ་རྩལ། ས་གནས་ལྷ་མོའི་རུ་ཁག་ལ་མཐུན་རྐྱེན་སྦྱར་བ། ལྷག་དོན་ཕྱི་ལོ་༢༠༡༥ལོར་བོད་གཞུང་མང་གཉིས་ནས་༧སྐུའི་གྱ་སྟོན་སྲུང་བརྩིའི་བརྟན་བཞུགས་བསྟར་འབུལ་ཞུས་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་གྲངས་༡༡༣བཞུགས་རྒྱུའི་ཞལ་བཞེས་སླར་ཡང་གནང་སྟེ་དགུང་ལོ་༩༠ཕེབས་པའི་གོ་སྟོན་གྲ་སྒྲིག་བྱེད་ཤོག་ཅེས་བཀའ་བཟང་ཕེབས་པ་དེས། བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་མི་ཚོར་དགའ་བ་བརྗོད་ཀྱིས་མི་ལང་བ་བྱུང་ཡོད་པ་བཅས་ཡིན།

༥།  སྐུ་ངོས་ལགས་སྲིད་སྐྱོང་གནང་བའི་དུས་ཡུན་ནང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་བོད་གཉིས་ཀྱི་དཀའ་རྙོག་སེལ་བའི་ཆེད་དུ་ལས་འཆར་གནད་འགག་ཆེ་བ་གང་དང་གང་སྤེལ་ཡོད་དམ།

ལན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་བོད་གཉིས་ཀྱི་དཀའ་རྙོག་སེལ་ཆེད་དེ་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཆགས་ཡོད་པ་རེད། ༢༠༡༡དང་༢༠༡༤ལོར་ཕོ་བྲང་དཀར་པོ་ནས་བསྔགས་བརྗོད་ཡོད་པ་དང་། རྒྱབ་སྐྱོར་ཡོད་གསུངས་པ་དེས་ཕལ་ཆེར་དབུ་མའི་ལམ་གྱི་ཆབ་སྲིད་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེ་ཤོས་དེ་ཡིན། དེའི་ཐད་ཕོ་བྲང་དཀར་པོ་ནས་གསར་འགོད་གསལ་བསྒྲགས་གཉིས་བྱས་ཡོད་པ་རེད། དེ་བཞིན་ཉིན་གྲངས་འགའི་སྔོན་ནས་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོས་རྒྱ་ནག་སྲིད་བློན་ལིའི་ཁེ་ཆིང་རང་ལ་ཐད་ཀར་བོད་རྒྱ་འབྲེལ་མོལ་གནང་དགོས་རེད་ཅེས་གསུངས་གནང་འདུག དེ་བཞིན་ཡོ་རོབ་ཀྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་ཕེབས་སྐབས་བོད་རྒྱ་འབྲེལ་མོལ་གནང་དགོས་རེད་ཅེས་གསུངས་ཡོད་པ་རེད། དེར་བརྟེན་ཆབས་སྲིད་ཀྱི་ཐོག་ནས་ཡོ་རོབ་དང་ཨ་རི་གཉིས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེ་གསལ་པོ་ཞེ་དྲག་བསྟན་ཡོད་པ་རེད། བོད་རྒྱ་འབྲེལ་མོལ་སྤྱི་ཡོངས་ཀྱི་ཐད་ནས་གང་འདྲ་རེད་དམ་ཞུས་ན་སྔོན་མ་ཡིན་ན་སྐུ་ཚབ་ཡོད་པའི་ཐོག་ནས་འབད་བརྩོན་བྱེད་ཀྱི་ཡོད་རེད། ད་ལྟའི་ཆར་སྐུ་ཚབ་མེད་པའི་ཐོག་ནས་འབད་བརྩོན་བྱེད་ཀྱི་ཡོད་རེད། བོད་རྒྱ་འབྲེལ་མོལ་དབར་འཐུས་ཤོར་རྩ་བ་ནས་འགྲོ་ཡོད་མ་རེད། ༧གོང་ས་མཆོག་ཡུན་གནས་བར་འབྲེལ་མོལ་ཐད་འཐུས་ཤོར་རྩ་ནས་འགྲོ་མེད།  དེ་ལ་ང་ཚོས་གྲུབ་འབྲས་སྨིན་རྒྱུའི་འབད་རྩོན་བྱེད་དང་བྱེད་མུས་བཞིན་ཞུ་རྒྱུ་ཡིན།

༦ གསར་གཏོད་དང་། ཆིག་སྒྲིལ། རང་ཁ་རང་གསོ་དེ་སྲིད་སྐྱོང་མཆོག་གི་རྩ་བའི་དགོངས་པ་དེ་ཡིན་དུས། དགོངས་པ་གསུམ་པོ་དེའི་ཐད་ལག་བསྟར་དང་གྲུབ་འབྲས་གང་བྱུང་ཐུབ་ཡོད་དམ།

ལན། ཆིག་སྒྲིལ། སྤྱི་ཡོངས་ནས་བཤད་ན་ལོ་བཞིའི་ནང་ཆབ་སྲིད་སྐུ་དབང་གནང་ཚར་བའིི་རྗེས་ང་ཚོའི་སྤྱི་ཚོགས་ནང་ལྷིང་འཇགས་བྱུང་ཡོད་པ་རེད། ཆོལ་ཁ་དང་། ཆོས་ལུགས། ཕོ་མོ་དབྱེ་བ་མེད་པར་ལྷིང་འཇགས་པོ་འགྲོ་ཡི་ཡོད་པ་རེད། གསར་གཏོད་ལ་ཆ་བཞག་ན། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་བཙུགས་ཡོད་རེད། བོད་ཀྱི་དང་ཞབས་པ་ཞིག་བཙུགས་ཡོད་པ་རེད། དེ་བཞིན་ལས་བྱེད་འདེམས་སྟངས་ཐད་ལ་ཆ་བཞག་ན་ཡང་ཟླ་བ་གསུམ་ནས་བཞི་བར་སྦྱོང་བརྡར་སྤྲད་ནས་ཡིག་ཚད་གཏོང་གི་ཡོད་པ་རེད། ཕྱི་ནས་ལས་བྱེད་འཛུལ་བཞུགས་བྱེད་མཁན་ཡོད་ན་དང་པོ་སྦྱོང་བརྡར་བྱེད་པ་དང་དེ་ནས་ལས་བྱེད་འཛུལ་བཞུགས་བྱེད་ཆོག་གི་ཡོད་པ་རེད། ཕྱི་ལ་འབྲེལ་བ་བྱེད་ཕྱོགས་ཀྱི་ཐད་ལ་ཡིན་ཡང་སྔོན་མ་ལས་གནས་སྟངས་མ་འདྲ་བ་ཞིག་གནང་གི་ཡོད། བོད་ཀྱི་དྲྭ་རྒྱ་སྔོན་མ་དང་སྡུར་ན་ད་ཆ་གྲ་རྒྱས་སུ་བཏང་ཡོད་པ་དང་ཚགས་ཚུད་བྱུང་ཐུབ་ཡོད་རེད།

སྐྱབས་བཅོལ་ལག་དེབ་rcལ་ཆ་བཞག་ན་སྔོན་མ་དང་མི་འདྲ་བར་ལོ་ལྔ་ལ་ཐེངས་རེ་བཟོ་ཡི་ཡོད་རེད། གཞན་ཡང་ལོ་ཉི་ཤུ་སུམ་ཅུ་གླེང་སློང་བྱུང་བའི་དགེ་བཤེས་མ་ལོ་རྗེས་མར་ལག་ཁྱེར་གནང་ཡོང་གི་ཡོད་རེད། གཞན་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་ལོ་བཞིའི་རིང་ངོ་སྤྲོད་གནང་ནས་མི་ཉིས་ཁྲི་ཆིག་སྟོང་འཛུལ་བཞུགས་གནང་ཐུབ་པ་བྱུང་ཡོད། གལ་སྲིད་ནད་པ་དེ་ཛ་དྲག་ཆགས་ནས་སྨན་ཁང་ནང་ཆུ་ཚོད་༢༤ལྷག་པ་ཡིན་ན་འབུམ་གཅིག་བར་ང་ཚོས་གུན་གསབ་སྤྲད་རྒྱུ་ཆགས་ཡོད་རེད། དཔྱ་ཁྲལ་ལག་དེབ་སྤྲད་རྒྱུ་དེ་ལ་ང་ཚོས་གུ་ཡངས་བཏང་ཡོད་རེད། དེ་བཞིན་ཕྱི་རྒྱལ་ལ་ཡོད་པའི་བོད་པའི་སྤྱི་མཐུན་ཚོགས་པ་དང་རྒྱ་གར་ལ་ཡོད་པའི་བོད་པའི་གཞིས་ཆགས་དབར་སྤུན་སྲིང་ཚོགས་པ་ཟེར་ནས་སྤུན་མཆེད་བསྒྲིག་གི་ཡོད་རེད། སྲིད་སྐྱོང་སློབ་ཡོན་དང་སྲིད་སྐྱོང་གི་ཚོང་པ་ཟེར་ནས་གསོལ་རས་བཅས་གསར་གཏོད་གང་ལ་གང་ཙམ་ཞིག་ཡོད་པ་རེད། རང་ཁ་རང་གསོ། གཞིས་ཆགས་ཁག་ལ་ཆ་བཞག་ན་ས་ཞིང་བཏབ་མཁན་ཡིན་ན་བུན་གཡར་གྱི་ལས་གཞི་ཞིག་སྤེལ་གྱི་ཡོད་པ་རེད། དེ་བཞིན་ཚོང་རྒྱག་མཁན་གྱི་གཞོན་སྐྱེས་ཚོ་ལ་སྦྱོང་བརྡར་དང་ཟབ་སྦྱོང་སྤྲད་པ། བུ་ལོན་གཡར་ནས་རང་ངོས་ནས་ལས་ཀ་འཚོལ་ཐུབ་པ་བྱེད་ཀྱི་ཡོད་པ་རེད། དེ་བཞིན་གཞིས་ཆགས་ཁག་གི་ཁྲིམས་མཐུན་ཡིག་ཆ་བཟོ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་རེད།

༧། རང་ཁ་རང་གསོའི་ཐད་ཁ་ཤས་ཀྱིས་གཞུང་དང་འབྲེལ་བ་མེད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།  དེའི་ཐད་ཁ་གསལ་ཞིག་གསུང་རོགས་གནང་།

ལན། རིམ་བཞིན་མཐའ་མ་དེར་སོ་སོ་སོའི་རྐང་པའི་ཐོག་ལངས་དགོས་ཀྱི་ཡོད་རེད། མཐུན་རྐྱེན་དེ་གཞུང་གིས་བསྐྲུན་གྱི་རེད། དཔེར་ན་ལག་ཤེས། སྐྲ་བཟོ། མཛེས་བཟོ། སྒྱུ་རྩལ་བཅས་ལག་ཤེས་དེ་ང་ཚོ་གཞུང་ངོས་ནས་མཐུན་རྐྱེན་བསྐྲུན་གྱི་རེད། དེ་རྗེས་རང་ངོས་ནས་ལས་ཀ་རགས། འཚོ་ཐུབ་པ་ཡིན་ན་ཁོང་རང་གི་རྐང་པའི་ཐོག་ལངས་ཐུབ་པ་རེད། དེ་བཞིན་ཚོང་པ་ཞིག་ལ་ཆ་བཞག་ན། ཁོ་རང་ལ་ལག་ཤེས་དགོས་ཀྱི་ཡོད་རུང་། སློབ་སྦྱོང་དགོས་ཀྱི་ཡོད་རུང་བུ་ལོན་ཞིག་གཡར་དགོས་ན་ཡང་ང་ཚོས་གཡར་ནས་ཁོ་རང་གིས་ཚོང་རྒྱབ་ནས་སོ་སོའི་རྐང་པའི་ཐོག་ལངས་ཐུབ་ན་རང་ཁ་རང་གསོ་བྱེད་ཐུབ་པ་རེད། རྗེས་ལ་གཞུང་ལ་ཚུར་ཕན་གྱི་ཡོད་པ་རེད།

༨། སྐུ་ཉིད་སྲིད་སྐྱོང་གནང་བའི་རྗེས་སེམས་ནང་བྱེད་དགོས་བསམ་པའི་ལས་དོན་སྒྲུབ་མི་ཐུབ་པ་དེ་འདྲ་བྱུང་ཡོད་དམ།

ལན། མ་བསྒྲུབས་པ་མང་པོ་ཡོད། བོད་པའི་དངུལ་ཁང་ཞིག་སྒོ་ཕྱེ་ཡིན་ཟེར་ནས་ང་ཚོས་འབད་བརྩོན་མང་པོ་བྱས་ཡོད་རེད། གཞན་ཕྱི་རྒྱལ་ལ་ཡོད་པའི་བོད་པའི་དོན་དུ་སྤུས་ཚད་ལྡན་པའི་བོད་ཡིག་སློབ་ཆེད་གྱི་དཔེ་དེབ་སྒྲིག་གི་ཡོད་རེད། དེ་བཟོས་ཚར་གྲབས་ཡོད་རེད། གཙོ་བོ་མ་བསྒྲུབས་པ་དེ་ང་ལ་གློག་འཕྲིན་བརྒྱུད་ནས་ཡིག་ལན་མང་པོ་སྦྱོར་གྱི་འདུག་དེ་ཚོ་ལ་ཐད་ཀར་ལན་སྤྲད་མ་ཐུབ་པ་དེ་རེད། དེ་བཞིན་མི་མང་སྐྱོ་བོ་ཉམས་ཐག་རང་དངོས་སུ་འདི་ལ་ཡོང་ནས་ཐུག་རྒྱུ་ཡོད་པའི་ལམ་ལུགས་ཤིག་བཟོས་ནས་ཐུག་རྒྱུ་ཡོད་ན། དཀའ་ངལ་གང་ཡོད་པ་ཐད་ཀར་སེལ་ཐུབ་པའི་འབད་རྩོན་བྱེད་རྒྱུ་ཡིན།

༩། བཙན་བྱོལ་བོད་མི་སྲ་བརྟན་དང་ཚགས་ཚུད་གནས་མ་གནས་ཀྱི་གནད་འགག་དེ་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ལ་ཐུག་ཡོད་པ་རེད། སྐུ་ངོ་ལགས་སྲིད་སྐྱོང་གནང་བའི་རིང་ཤེས་ཡོན་སྲིད་ཇུས་ཀྱི་གནས་སྟངས་དེ་གང་འདྲ་ཞིག་ལ་སླེབས་ཡོད་དམ།

ལན། ཤེས་ཡོན་སྲིད་བྱུས་ཀྱི་ཐད་ལ་ང་ཚོས་ལག་བསྟར་བྱེད་ཀྱི་ཡོད་རེད། འཛིན་རིམ་དང་པོ་ནས་ལྔ་པ་བར་བོད་ཡིག་ཐོག་ནས་སློབ་ཚན་ཁྲིད་རྒྱུ་དེ་གང་ལ་གང་ཙམ་ང་ཚོས་ཐུབ་ཀྱི་ཡོད་པ་རེད། གང་ཡིན་བརྗོད་ན་འཛིན་རིམ་༡༢བར་བོད་ཡིག་སློབ་སྦྱོང་བྱས་ཚར་བ་ཞིག་གིས་འཛིན་གྲྭ་ལྔ་པ་བར་བོད་ཡིག་སློབ་ཁྲིད་བྱེད་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན། དེ་རྗེས་འཛིན་རིམ་མཐོ་རུ་འགྲོ་སྐབས་ཚན་རིག་སྐོར་གྱི་ཤེས་བྱ་དེ་དག་ཇེ་ཁག་འགྲོ་ཡི་ཡོད་དུས་དགེ་རྒན་རང་གི་ཤེས་ཚད་འཛིན་རིམ་བཅུ་གཉིས་ལས་མེད་ན་སློབ་ཁག་པོ་རེད་འདུག བྷོམ་ཐར་ལ་ཝ་ཎ་མཐོ་སློབ་དང་མཉམ་འབྲེལ་ཐོག་ནས་ལོ་བཞིའི་ནང་དགེ་རྒན་འོས་སྦྱོང་བྱེད་ས་ཞིག་ཡོད་པ་དེ་རྒྱ་གར་གཞུང་ནས་ངོས་འཛིན་བྱས་པའི་ལག་ཁྱེར་གནང་དེའི་ཐོག་ང་ཚོས་ལོ་བཞིའི་རིང་བོད་ཡིག་སློབ་དུས་ལོ་བཅུ་དྲུག་གི་བོད་ཡིག་གནས་ཚད་ཡོད་པ་དང་གང་ཞིག་ཤེས་ཡོན་སྲིད་བྱུས་གང་ཡོད་པ་ཚང་མ་ཐོན་ཡོད་ན་འཛིན་རིམ་དྲུག་པ་བདུན་པའི་སློབ་ཚན་ཁྲིད་རྒྱུར་ཤེས་ཡོན་སྲིད་བྱུས་ཀྱི་ངོས་ནས་ནུས་པ་ལྡན་པ་ཞིག་བྱེད་ཐུབ་ཀྱི་རེད་བསམ་གྱི་ཡོད། ལས་གཞི་དེར་འགྲོ་སོང་ཆེན་པོ་རེད་ལོ་རེར་འབུམ་བརྒྱ་ལྷག་བཏང་གི་ཡོད་པ་དེ་ང་ཚོས་ལག་བསྟར་བྱེད་ཀྱིི་ཡོད།

༡༠། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་ཐད་སྤྱི་ཚོགས་ནང་གླེང་སློང་ཡོད་པར་འགྲེལ་བཤད་ཅིག་གནང་རོགས།

ལན། རང་ལུས་མེར་བསྲེགས་གཏོང་མཁན་༡༤༡གི་འབོད་སྒྲ་དང་མངོན་འདོད་དེ་༧གོང་ས་མཆོག་བོད་ལ་གདན་ཞུ་བྱེད་དགོས་ཟེར་བ་དང་། གཞན་ཡང་རུང་རྒྱལ་ཨ་གྲགས་གིས་༢༠༠༧ནས་༧གོང་ས་མཆོག་བོད་ལ་གདན་ཞུ་བྱེད་དགོས་གསུངས་ཡོད་པ་རེད། དེར་བརྟེན་བོད་ནང་གི་བོད་མི་ཡོངས་ཀྱི་མངོན་འདོད་ཡང་དེ་རེད། ང་སྲིད་སྐྱོང་ཡིན་པའི་ཆ་ནས་ངའི་འཆར་སྣང་དང་དམིགས་ཡུལ་གཙོ་ཆེ་ཤོས་༧གོང་ས་མཆོག་བོད་ལ་གདན་ཞུ་བྱེད་རྒྱུ་དང་བོད་མི་ལ་རང་དབང་བསྐྱར་གསོ་བྱེད་རྒྱུ་དེ་རེད། བོད་གཞིས་བྱེས་གཉིས་ཀྱི་མི་མང་ཚང་མའི་རེ་བ་དང་མངོན་འདོད་དེ་ཡིན་ཟེར་གྱི་ཡོད་རེད། དེ་འདྲ་ཟེར་མ་ཐུབ་མཁན་ཞིག་ཡིན་ན་སྲིད་སྐྱོང་བྱས་ནས་ཆོ་མེད་པ་རེད།  དེ་ལ་ཡིད་ཆེས་བརྟན་པོ་མེད་ན་སྤྱི་ཚོགས་ནང་འགོ་ཁྲིད་བྱས་ནས་ཆོ་མེད་པ་རེད།

༡༡། དབུས་བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་དབར་འབྲེལ་བ་གང་འདྲ་ཞིག་སླེབས་ཡོད་དམ།

ལན། ཉེ་ཆར་༧སྐུ་ཡི་གྱ་སྟོན་སྐབས་རྒྱ་གར་དབུས་གཞུང་ནས་བློན་ཆེན་གཉིས་ཕེབས་ཡོད་པ་རེད། ལོ་ལྔ་བཅུ་ང་ལྔའི་ནང་ཕེབས་པ་ཐེངས་དང་པོ་རེད་འདུག དྷི་ལིར་༧སྐུ་ཡི་འཁྲུངས་སྐར་གཏོང་སྐབས་བློན་ཆེན་གཉིས་ཕེབས་ཡོད་དེ་ཡང་ཐེངས་དང་པོ་རེད་འདུག བཞུགས་སྒར་དྷ་སར་རྒྱ་གར་དབུས་གཞུང་གི་བློན་ཆེན་གཉིས་ཕེབས་པ་ཐེངས་དང་པོ་ཡིན་དུས་རྒྱ་གར་གཞུང་གིས་རྒྱབ་སྐྱོར་དང་འབྲེལ་བ་ཡག་པོ་ཡོད་པ་དེ་གསལ་པོ་ཞེ་དྲག་རེད།

༡༢། ཆབ་སྲིད་ཀྱི་སྐུ་དབང་འཕོ་འགྱུར་བྱུང་བའི་རྗེས་ཕྱི་ཡི་རྒྱལ་ཁབ་ཁག་ལ་འབྲེལ་བ་གནང་ཕྱོགས་ཐད་གནས་སྟངས་གང་འདྲ་ཞིག་ཡོད་དམ།

ལན། ཡག་ཐག་ཆོད་ཡོད། ཨ་རི་དང་ཡོ་རོབ་གང་དུ་ཕྱིན་ཀྱང་གཞུང་གི་གནད་ཡོད་མི་སྣ་ཐུག་ཐུབ་ཀྱི་ཡོད་པ་རེད། གཞུང་གི་གནད་ཡོད་མི་སྣ་སུ་དང་སུར་ཐུག་གི་ཡོད་མེད་ཕྱི་ལ་ཁྱབ་བསྒྲགས་བྱེད་ཀྱི་མེད་གང་ཡིན་ཟེར་ན་གཙོ་བོ་རྒྱབ་སྐྱོར་ཡོད་རྒྱུ་དེ་གལ་ཆེན་པོ་ཡིན་པས་ཡིན། དེ་ངས་འབྲེལ་བ་ཡག་ཐག་ཆོད་བྱུང་ཡོད་ཅེས་ཞུ་རྒྱུ་ཡིན།

༡༣། དེ་སྔོན་རྒྱ་གར་གཞུང་གི་འོག་ལ་ཡོད་པའི་བོད་ཁྱིམ་སློབ་གྲྭ་ཁག་བརྩིས་སྤྲོད་རྗེས་ད་ལྟའི་གནས་སྟངས་གང་འདྲར་སླེབས་ཡོད་དམ།

ལན། ང་ཚོས་བློན་ཆེན་རབ་དང་རིམ་པ་ཐུག་པའི་ནང་སློབ་གྲྭ་བརྩིས་སྤྲད་དགོས་རེད་མ་གཏོགས་སྤྲད་རྒྱུ་མེད་པ་རེད་ཞུ་མཁན་སུ་གཅིག་མེད་པ་རེད། འོན་ཀྱང་བློན་ཆེན་མང་པོ་བརྗེ་པོ་རྒྱབ་པ་དང་ལས་བྱེད་མང་པོ་བརྗེ་སྤོར་བྱས་དུས་ད་ལྟའི་ཆར་འགུལ་བསྐྱོད་དེ་དལ་བུར་སླེབས་ཡོད་པ་རེད། ད་དུང་ཡང་ང་ཚོས་འབད་བརྩོན་བྱེད་དགོས་བསམ་ཡོད།

༡༤། གོང་གི་དྲི་བ་དང་མ་འབྲེལ་བར་སྲིད་སྐྱོང་མཆོག་ལ་གལ་གནས་ཆེ་བའི་དགོངས་འཆར་གང་གསུངས་རྒྱུ་ཡོད་དམ།

ལན། ཚང་མས་རྡོག་རྩ་ཆིག་སྒྲིལ་གནང་རོགས་གནང་། ༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཕྱག་ལས་གནང་རོགས་གནང་ཞུ་རྒྱུ་ཡིན།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།