བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

རྒྱ་གཞུང་གིས་བོད་མིར་མེ་མདའ་ཞུ་བའི་སྲིད་ཇུས་དེ་རྒྱུན་གཏན་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༧།༢༨ཉིན་སྤེལ། ང་ཚོ་བོད་མིར་མཚོན་ཆ་འཛུབ་མོ་ཙམ་མེད་ན་ཡང་བོད་མིར་མཚོན་ཆའི་དྲག་གནོན་བྱེད་ཀྱི་ཡོད་པ་དེ་རྒྱ་ནག་གཞུང་གི་རྒྱུན་སྲོལ་རེད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཡིས་ལྷད་མེད་ཀྱི་ལྷག་བསམ། ཞུམ་པ་མེད་པའི་སྙིང་སྟོབས། དཀའ་སྡུག་ལ་བཟོད་བསྲན་ཇི་ལྟར་གནང་བའི་སྐོར་རིན་པོ་ཆེའི་སྐུ་མཆེད་དགེ་བཤེས་འཇམ་དབྱང་ཉི་མ་ལགས་སུ་བཅར་འདྲི་བྱས་པ་ཞིག་གཤམ་དུ་བཀོད་ཡོད་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་རྒྱས་གཟིགས་ཡོད་པར་ཞུ།

༡༽སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཡིས་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལས་གང་དང་གང་སྐྱོན་ཡོད་པའི་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས།

ལན། རིན་པོ་ཆེ་ཡིས་བོད་མི་རིགས་ཆེད་སྐུ་ལས་སྐྱོན་པའི་ནང་ནས་གཙོ་བོ་དེ། བོད་མི་རིགས་ཀྱི་ཆོས་དང་། རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་བསླར་གསོ་ཡོང་བ་བྱེད་རྒྱུ་དེ་རིན་པོ་ཆེའི་དགོངས་པ་གཙོ་བོ་དེ་རེད། ལྷག་པར་དུ་འབྲོག་པའི་ས་ཁུལ་གྱི་མི་མང་ལ་ཤེས་ཡོན་སྤྲོད་པ་དང་། དྭ་ཕྲུག་སློབ་གྲྭ་གསར་རྒྱག་གནང་བ། ཆོས་ཕྱོགས་ཀྱི་ཐད་ནས་དགོན་པ་གསར་བཞེངས་དགུ་ལྷག་གནང་ཡོད་པ་དང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་། རྔོན་རྒྱག་བཀག་སྡོམ། བོད་མི་རིག་ཀྱི་ཡུལ་སྲོལ་གོམས་གཤིས། ལྷ་བཟོའི་སྒྱུ་རྩལ་བཅས་ཀྱི་ཐད་ལ་སྐུ་ལས་ཤུགས་ཆེན་སྐྱོན་གནང་ཡོད་པ་རེད།

༢༽རིན་པོ་ཆེ་མཆོག་མི་ལོ་བཅུ་གསུམ་བཙོན་ཁང་ནང་བཅུག་སྐབས། ནང་མི་ལ་རྒྱ་གཞུང་གི་ངོས་ནས་དཀའ་ངལ་སོགས་གང་འཕྲད་ཡོད་དམ།

ལན། ནང་མི་ཚོར་དཀའ་ངལ་མང་པོ་འཕྲད་ཡོད་རེད། ལོ་༡༣རིང་ནང་མི་ཕན་ཚུན་བཙོན་དུ་ཐུག་འཕྲད་བྱེད་དུ་བཅུག་པ་ནི་ཉིན་མོའི་སྐར་མ་ལྟར་རེད། མ་གཞི་བྱས་ན་ལོ་རེར་ཐེངས་རེ་ཐུག་འཕྲད་བྱེད་དུ་བཅུག་དགོས་ན་ཡང་བྱེད་དུ་བཅུག་མེད་པ་རེད། ནང་མི་ཚོས་ཐུག་འཕྲད་དུ་ཕྱིན་ན་ཡང་རྒྱ་གཞུང་གི་ཆོག་མཆན་མེད་པར་ཐུག་འཕྲད་བྱེད་བཅུག་གི་མེད་པ་དང་། ལྷག་པར་དུ་རིན་པོ་ཆེ་ཡི་སྐུ་མཆེད་སྒྲོལ་དཀར་ལྷ་མོ་བཟང་བཙོན་དང་གཅིག་མཚུངས་རྒྱ་གཞུང་གི་ཉེན་རྟོག་པའི་ལྟ་རྟོག་འོག་ལ་གནས་ཡོད་པ་རེད།

༣༽རིན་པོ་ཆེ་དགུང་ལོ་བགྲེས་པོ་ཡིན་པ་དང་། སྐུ་གཟུགས་ཡང་བདེ་བོ་མེད་པའི་ཁར་རྒྱ་གཞུང་གི་བཙོན་འཇུག་བྱས་པ་མ་ཟད་ཁོང་ལ་སྨན་བཅོས་ཀྱི་མཐུན་རྐྱེན་གང་ཡང་སྤྲད་མེད་པ་རེད། ཁྱེད་རང་གི་བསམ་པར་གལ་སྲིད་སྔོན་མ་ནས་སྨན་བཅོས་བྱེད་པའི་གོ་སྐབས་སྤྲད་ཡོད་ན་ད་ལྟ་རིན་པོ་ཆེ་གསོན་ཡོད་རྒྱུ་རེད་དམ།

ལན། ༢༠༡༣ལོར་ཐུག་འཕྲད་མཐའ་མ་དེའི་སྐབས་ལ་རིན་པོ་ཆེ་ལ་སྙིང་གི་ན་ཚ་ཡོད་པ་རེད་ཅེས་བཤད་ཡོད་པ་རེད། དེ་ཚོ་ད་ལྟ་རྟོགས་ཞིབ་བྱེད་སྐབས་རྒྱ་གཞུང་གིས་ངན་བྱུས་བཤམས་འདུག་དྲན་གྱི་ཡོད། རིན་པོ་ཆེའི་སྨན་བཅོས་མཐུན་རྐྱེན་ཆེད་དུ་རྒྱལ་སྤྱིའི་ནས་རེ་བ་མང་པོ་ཞུས་ཡོད་ན་ཡང་རྒྱ་ནག་གཞུང་གིས་མཐུན་རྐྱེན་སྤྲད་མེད་པ་རེད།  དེ་སྔོན་རྒྱ་གཞུང་གི་འགྲེལ་བརྗོད་བྱེད་སྐབས་རིན་པོ་ཆེའི་བཞུགས་ཤག་མགྲོན་ཁང་སྐར་མ་གཉིས་རྟགས་ཅན་ཡིན་ཞེས་བརྗོད་ཀྱི་ཡོད་པ་རེད། དོན་དངོས་ཐོག་རིན་པོ་ཆེ་བཞུགས་སའི་བཙོན་ཁང་ས་ཁུག་ལུང་ཁུག་ཡིན་པ་གང་ཞིག་ས་སྦུག་ནང་ཡིན་པདང་།  དེའི་ནང་ཐུན་རྐྱེན་ཧ་ཅང་སྐྱོ་བོ་ཡིན་པ་མིག་མཐོང་ལག་ཟིན་བྱུང་ཡོད་པ་རེད།

༤༽ རིན་པོ་ཆེ་གྲོངས་ནས་བདུན་ཕྲག་གཉིས་འགྲོ་ཡི་ཡོད་པ་རེད། རྒྱ་གཞུང་གིས་ཕུང་བོ་སྤྲད་མེད་པ་དང་ཁོང་ཚོས་རིན་པོ་ཆེ་གྲོངས་སོང་བ་ལས་ཅི་ལྟར་གྲོངས་མིན་གསལ་བོ་བཤད་རྒྱུ་མེད་པས་ན། ཁྱོད་ཀྱི་བསམ་པར་ཁོང་གི་གྲོངས་རྐྱེན་གཙོ་བོ་དེ་ག་རེ་རེད་བསམ་གྱི་འདུག

ལན། རིན་པོ་ཆེའི་ད་ལྟའི་གནས་སྟངས་ལ་ཆ་བཞག་ན་སྙིང་གི་ན་ཚ་ཡོད་པ་ལ་བརྟེན་ནས་གྲོངས་པ་མ་རེད་ཅེས་ང་ཚོས་བརྒྱ་ཆ་བརྒྱ་བཤད་ཐུབ་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། རིན་པོ་ཆའི་སྐུ་གདུང་མཇལ་བ་འགྲོ་སྐབས་ཕྱག་གི་སེན་མོ་དང་། ཞལ་གྱི་མཆུ་ཏོ་ཚང་མ་ནག་པོ་ཆགས་ཡོད་པ་མིག་གིས་མཐོང་ཡོད་པ་རེད། དེར་བརྟེན་དེའི་རྒྱུ་མཚན་ལ་བརྟེན་ནས་རིན་པོ་ཆེ་་སྐུ་གྲོངས་སོང་བ་མ་རེད། བཀྲོངས་སོང་བ་གསལ་པོ་རེད། ཉེ་དུས་རྒྱ་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད། དེའི་ནང་རིན་པོ་ཆེ་ལ་སྙིང་གི་ན་ཚ་ཡོད་པའི་རྐྱེན་གྱིས་དབུགས་གཏོང་ལེན་དཀའ་བ་ལ་བརྟེན་ནས་འདས་གྲོངས་ཕྱིན་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་ལྟར་འགྲེལ་བརྗོད་བྱས་ན་ཡང་བརྒྱ་ཆ་བརྒྱ་བདེན་དཔང་བྱེད་ཐུབ་ཀྱི་མེད་པ་རེད།  རྒྱུ་མཚན་གང་ཡིན་ཞེ་ན། ཟླ་བདུན་པའི་ཚེས་༡༢ཉིན་རིན་པོ་ཆེ་འདས་གྲོངས་ཕྱིན་སོང་ཞེས་བཤད་ཡོད་པ་རེད།

འོན་ཀྱང་དུས་ཚེས་དེའི་སྔོན་ནས་རིན་པོ་ཆེའི་སྤུན་མཆེད་གཉིས་ཐུག་འཕྲད་དུ་ཁྲིད་རྒྱུ་ཡིན་ཟེར་ནས་ཁྲན་ཏུ་རུ་ཉིན་བཅུ་བཀག་ནས་ཐུག་འཕྲད་བྱེད་དུ་བཅུག་མེད་པ་རེད། དེ་རྗེས་རིན་པོ་ཆེ་དགོངས་པ་རྫོགས་ཚར་རྗེས་སྐུ་ཕུང་སྤྲོད་རོགས་གནང་ཞེས་ཞུ་བ་བྱས་པ་རེད། རིན་པོ་ཆེ་དགོངས་པ་རྫོགས་ནས་ཉིན་བཞིའི་རྗེས་ལ་གཞི་ནས་གདུང་མཇལ་བཏང་བ་ལས་སྐུ་ཕུང་ནང་མིར་བརྩིས་སྤྲོད་བྱས་མེད་པ་རེད། གདུང་མཇལ་བཏང་ཚར་བའི་རྗེས་སྐུ་ཕུང་ཞུགས་འབུལ་བྱེད་མཁན་མི་བཞི་བཞག་ཡོད་པ་རེད། མི་བཞི་པོ་དེ་ལ་རྒྱ་གཞུང་གིས་བཙན་དབང་བྱས་ནས་བཀག་འགོག་བྱས་འདུག རྗེས་ལ་ཉེན་རྟོག་པའི་བལྟ་སྲུང་འོག་གདུང་ཐལ་ཁྱེར་ནས་ལེའུ་ཏེང་ལྕགས་ཟམ་བར་ཡོང་བ་རེད།(瀘定橋)དེ་རུ་སླེབས་རྗེས་གདུང་ཐལ་དེ་རྒྱ་གཞུང་མི་སྣས་བཙན་འཕྲོག་བྱས་ཡོད་པ་རེད།  དེ་ཕྱི་ཚེས་༡༦ཉིན་གྱི་དགོངས་མོ་ཡིན་པ་རེད། ཕྱི་ཚེས་༡༧ཉིན་གྱི་ཞོགས་པ་རིན་པོ་ཆེ་ཡི་སྤུན་མཆེད་བུ་མོ་གཉིས་བཙན་ཁྲིད་བྱས་ནས་ད་ལྟ་གར་སོང་འཆར་མེད་དུ་གྱུར་ཡོད་པ་རེད། ད་ལྟའི་འཆར་ས་གནས་དང་དགོན་པ་ཁག་ནང་རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་དམ་དྲག་ཤུགས་ཆེན་བྱེད་དང་བྱེད་མུད་སྒང་རེད།

༥༽ས་གནས་མི་མང་ཚོས་རིན་ཕོ་ཆེ་ཡི་སྐུ་ཕུང་བརྕིས་སྤྲོད་བྱེད་དགོས་ཞིས་ཞི་རྒོལ་བྱེད་སྐབས། མེ་མདའ་རྒྱབ་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད། ཁྱེད་རང་ལ་དེའི་ཐད་བསམ་ཚུལ་གང་ཡོད་དམ།

ལན། རྒྱ་ནག་ཉེན་རྟོག་པས་བོད་མིར་མེ་མདའ་རྒྱབ་པ་དང་འབར་གས་གཏོར་བའི་སྲིད་ཇུས་དེ་རྒྱུན་གཏན་རེད། ང་ཚོ་བོད་མིར་མཚོན་ཆ་འཛུབ་མོ་ཙམ་མེད་ན་ཡང་བོད་མིར་མཚོན་ཆའི་དྲག་གནོན་བྱེད་ཀྱི་ཡོད་པ་དེ་རྒྱུན་སྲོལ་རེད།

༦༽བོད་པའི་བཙོན་པ་བཙོན་ཁང་ནས་གྲོངས་བ་དེ་རྒྱུན་ལྡན་ལྟ་བུ་ཆག་ཡོད་པ་རེད། མ་འོངས་བར་དེ་ལྟ་བུ་མི་ཡོང་བར་ཐབས་ལམ་ཡག་ཤོས་དེ་ག་རེ་རེད་བསམ་གྱི་འདུག

ལན། རིན་པོ་ཆེ་རྒྱ་གཞུང་གི་བཙོན་འོག་ནས་འདས་གྲོངས་ཕྱིན་པའི་སྐོར་ང་ཚོས་རྒྱལ་སྤྱིའི་ཐོག་བརྒྱུད་བསྒྲགས་ཤུགས་ཆེན་པོ་བྱེད་ཀྱིན་ཡོད་པ་རེད། དེ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། མ་འོངས་པར་བོད་ནང་ཡོད་མཁན་གྱི་བཙོན་པ་དེ་ཚོར་ཕན་ཐོགས་ཕྲན་བུ་བྱུང་ན་བསམ་ནས་རྒྱལ་སྤྱིའི་ཐོག་བརྒྱུད་བསྒྲགས་བྱས་པ་ཡིན། 

༧༽ཁྱོད་ཀྱི་བསམ་པར་བོད་པའི་བདེན་མཐའ་གསལ་བའི་ཐབས་ལམ་ཡག་ཤོས་དེ་ག་རེ་རེད་བསམ་གྱི་འདུག

ལན། བོད་པའི་བདེན་མཐའ་གསལ་བྱེད་ཡག་ཤོས་དེ་རྡོག་རྩ་ཆིག་སྒྲིལ་རེད། བོད་ཕྱི་ནང་གཉིས་ནས་ལས་ཀ་གང་བྱས་ན་ཡང་རྡོག་རྩ་ཆིག་སྒྲིལ་བྱས་ན་གྲུབ་འབྲས་ཐོན་ཀྱི་རེད། ང་རང་གི་ཉམས་མྱོང་ལ་ཆ་བཞག་ན་ཡང་། ང་ཚོ་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་བྱས་ན་ལས་ཀ་ཚང་མ་ལེགས་གྲུབ་ཡོང་ཐུབ་ཀྱི་འདུག་ཅེས་ཞུ་རྒྱུ་ཡིན།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།