བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ཞི་དྲག་གཉིས་ཀྱི་འཐབ་རྩོད་དེ་གསར་པ་གང་ཡང་མ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༧།༢༤ཉིན་སྤེལ། གཞོན་ནུ་དང་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་རང་བཙན་གྱི་ཐབས་རྩོད་དེ་ཞི་བ་དང་།  དངོས་ཡོད་བོད་མི་རིགས་ཀྱི་ལོ་རྒྱུས་དེ་རྒྱུ་མཚན་དང་ལྡན་པའི་ཐོག་ནས་ལེན་ཐབས་བྱེད་དགོས་པ་དེ་རེད།

འདི་ག་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ལ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གནས་སྟངས་དང་། ལེགས་གྲུབ། དབུ་མ་དང་རང་བཙན་གཉིས་ཀྱི་བར་ལ་ལྟ་སྟངས་ཅི་འདྲ་ཡོད་མེད་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་གཟིགས་གནང་ཡོད་པར་ཞུ།

༡ ཐོག་མ་དེ་ལ་ཁྱེད་རང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས་གནང༌།
ལན། ང་སྐྱེ་ས་ལ་དྭགས་ནས་ཡིན། འཛིན་རིམ་བཅུ་པ་བར་ལ་དྭགས་བོད་ཁྱིམ་སློབ་གྲྭ་ལ་འགྲོ་བ་ཡིན། འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་གྷོ་པ་པུར་GOPAL PURབོད་ཁྱིམ་སློབ་གྲྭར་ཕྱིན་ཡིན། ལོ་ལྔའི་རིང་མཐོ་སློབ་ནང་དབྱིན་ཡིག་ཐོག་སྦྱང་བརྩོན་གནང་དེ་ནསཅཱ་དྷི་སྒར་CHANDIGARHདུ་ལོ་དགུའི་རིང་དགེ་རྒན་འོས་སྦྱོང་བྱས་པ་ཡིན།  དེ་རྗེས་ལ་དྷ་སྟེང་བོད་ཁྱིམ་སློབ་གྲྭར་དབྱིན་ཡིག་དགེ་རྒན་ཟླ་བ་དྲུག་བྱས་པ་ཡིན། ད་ལྟ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་ལས་ཀ་བྱས་ནས་ལོ་གསུམ་ལྷག་འགྲོ་ཡི་འདུག ༢༠༠༩ ལོར་ང་རང་གྷོལ་གྷོལ་ཚོགས་པའི་ནང་འཛུལ་བཞུགས་བྱས་རྗེས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དེ་ངོ་སྤྲོད་བྱུང་སོང་བ་དང་། ཚོགས་པ་དེ་ག་རང་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཞིག་ང་རང་གིས་འགོ་འཛུགས་བྱས་པ་ཡིན།

༢ བོད་རང་བཙན་སློབ་ཕྲུག་ཚོགས་པ་གསར་འཛུགས་བྱས་ནས་ད་ལྟ་བར་ལོ་ངོ་༢༡ལྷག་འགྲོ་ཡི་ཡོད་པ་རེད། ཚོགས་པ་དེའི་ལས་དོན་སྒྲུབ་ཕྱོགས་ཀྱི་ཐད་ལ་ཡན་ལག་ཚོགས་པ་ཁག་མི་འདྲ་བ་ག་ཚོད་ཡོད་དམ། ཚོགས་པ་དེ་དག་གི་ལས་དོན་གཙོ་བོ་གང་རེད་དམ།

ལན། ཐོག་མར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དེ་༡༩༩༤ལོར་འགོ་འཛུགས་བྱས་པ་ཞིག་རེད། ༡༩༨༩ལོར་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པ་དང་། སྐབས་དེར་ཕྱི་རྒྱལ་ཡུལ་གྲུ་ཁག་གང་ས་ནས་བོད་དོན་ཐོག་དོ་སྣང་ཧ་ཅང་ཤུགས་ཆེན་བྱེད་ཀྱི་ཡོད་པའི་སྐབས་ཡིན་པ་རེད། དེར་བརྟེན་བོད་པ་མ་ཡིན་པའི་ཕྱི་རྒྱལ་བ་མང་པོ་ཞིག་གིས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་་ཁོང་ཚོར་དེའི་སྡིངས་ཆ་དེ་མེད་པའི་སྐབས་དང་བསྟུན་ནས་༡༩༩༤ལོར་ཨ་མི་རེ་མཁའི་ནང་ཨ་རི་བའི་སློབ་ཕྲུག་དང་བོད་པ་མང་པོ་ཞིག་གིས་མཉམ་རུབ་ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པ་དེ་གསར་འཛུགས་བྱས་པ་ཞིག་རེད་འདུག དེ་ཡང་ཐོག་མར་ཚོགས་པ་འདི་གསར་འཛུགས་བྱེད་མཁན་གྱི་ཚོགས་མི་ཚོས་ཐབས་རྩོད་ཀྱི་བརྒྱུད་རིམ་མང་པོ་ཞིག་ལ་ཞིབ་འཇུག་བྱས་རྗེས་མི་མང་གིས་འོས་འདེམས་ལ་བརྟེན་ནས་སྲིད་བྱུས་ཤུགས་ཆེན་པོ་བྱུང་གི་ཡོད་པ་དེ་ཤེས་པའི་ཐོག་ནས་༡༩༩༤ནས་༢༠༡༥བར་རྒྱལ་ཁབ་༣༠ནང་ཡན་ལག་ཚོགས་པ་༦༥༠བཙུགས་ཐུབ་པའི་ནུས་དེ་བྱུང་བ་རེད། ང་ཚོ་ལ་ལས་ཁུངས་གཙོ་བཞི་ཡོད་པ་ནི། ཀ་ན་ཊ། དབྱིན་ཡུལ། རྒྱ་གར། གཞན་ཡང་ལས་ཁུངས་ལྟེ་བ་དེ་ཨ་རི་ནེའུ་གཡོག་ལ་ཡོད་པ་རེད། ལས་ཁུངས་བཞི་དེའི་ནང་ཆུ་ཚོད་༢༤རིང་ལས་ཀ་བྱེད་མཁན་གྱི་ལས་བྱེད་ཁྱོན་བསྡོམས་༢༠ཡོད་པ་རེད། དེ་བཞིན་ཚོགས་མི་༦༥༠ཡོད་པ་དེ་དག་དང་བླངས་བྱེད་མཁན་ཤ་སྟག་ཡིན་པ་རེད།

༣  ཁྱེད་རང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་ལས་ཀ་བྱས་ནས་དུས་ཡུན་གང་ཙམ་ཕྱིན་པའི་ནང༌། ཚོགས་པ་འདིའི་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཡོད་དམ།

ལན། ད་ལྟའི་ཆར་ངས་དམིགས་བསལ་གང་མཐོང་གི་ཡོད་དམ་ཞུས་ན། རྒྱ་གར་གཞོན་སྐྱེས་ཚོའི་ནང་ལ་བོད་དོན་ཆེད་རྒྱབ་སྐྱོར་ཤུགས་ཆེན་པོ་ཐོབ་ཀྱི་ཡོད་པ་དེ་རེད། དེ་ཡང་རྒྱུ་མཚན་གཙོ་བོ། རྒྱ་ནག་གཞུང་གིས་རྒྱ་གར་གྱི་མཚམས་ནང་ལ་ཧམ་འཛུལ་བྱེད་ཀྱི་ཡོད་པ་ཡིན་དུས་རྒྱ་གར་གཞོན་སྐྱེས་ཚོའི་སེམས་ལ་ཕོག་ཐུག་ཆེན་པོ་བྱུང་གི་ཡོད་པར་བརྟེན་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཇི་མང་རེད་འདུག་ཞུ་རྒྱུ་ཡིན།

༤ ད་ལྟའི་འཆར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་འཛམ་གླིང་རྒྱ་ཁྱབ་འབྲེལ་མཐུད་དྲ་བ་བཙུགས་ཐུབ་པ་བྱུང་ཡོད་པ་མ་ཟད། ཚོགས་པའི་ཡན་ལག་རྒྱལ་ཁབ་ཁག་མི་འདྲ་བ་༣༤ལྷག་གི་ནང་མཐོ་སློབ་དང་། གཙུག་ལག་སློབ་གཉེར་ཁང་སྤྱི་ཚོགས་མི་འདྲ་བ་བཅས་ཁྱོན་བསྡོམས་༦༥༠ལྷག་ཡོད་པ་རེད། འོན་ཀྱང་ད་ལྟའི་འཆར་བོད་ཕྱི་ནང་གང་ས་ནས་དབུ་མའི་ལམ་གྱི་སྲིད་ཇུས་ཐད་གླེང་སློང་དང་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་ཡོད་དུས། དེའི་ཐད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་གནས་སྟངས་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ།

ལན། རེད། དེ་ང་རང་སྒེར་གྱི་བསམ་ཚུལ་ཞིག་ཡིན།  བོད་རང་བཙན་ཤོར་ནས་ལོ་ངོ་༥༠ལྷག་འགྲོ་ཡི་ཡོད་པ་དང་དུ་དུང་བོད་ནང་གི་གནས་སྟངས་དེ་ཛ་དྲག་རུ་དྲག་རུ་འགྲོ་ཡི་ཡོད་པ་རེད། དེ་ཡང་རྒྱལ་ཁབ་གང་འདྲ་ཞིག་གི་ནང་ལ་ཡིན་ཡང་ཆབ་སྲིད་ཀྱི་བགྲོ་གླེང་ཐོག་ནས་སྲིད་བྱུས་གང་འདྲ་ཞིག་འདིང་དགོས་ཡོད་མེད་ཀྱི་ཐོག་ལ་ཞི་དྲག་གཉིས་ཀྱི་རྙོག་དྲྭ་དེ་ཡོང་གི་ཡོད་པ་རེད། ང་ཚོ་བོད་པའི་ཐབས་རྩོད་ནང་རྙོག་གླེང་དེ་གཉིས་ཡོང་བ་དཔེ་གསར་གང་ཡང་མ་རེད། དེ་ལས་ལྡོག་སྟེ་ངས་ལྟ་ཚུལ་དེ་གཉིས་ཀར་རྒྱལ་ཁའི་ལེགས་གྲུབ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱུ་མཚན་དེ་གཉིས་ཀ་བོད་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་སྐད་ཆ་བཤད་ཀྱི་ཡོད་པ་རེད། འོན་ཀྱང་རང་བཙན་གྱི་ཐབས་རྩོད་དེ་མི་མང་པོ་ཞིག་གིས་དྲག་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཡིན་ཡང་གཞོན་ནུ་དང་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་རང་བཙན་གྱི་ཐབས་རྩོད་དེ་ཞི་བ་དང་།  དངོས་ཡོད་བོད་མི་རིགས་ཀྱི་ལོ་རྒྱུས་དེ་རྒྱུ་མཚན་དང་ལྡན་པའི་ཐོག་ནས་ལེན་ཐབས་བྱེད་དགོས་པ་དེ་རེད།


༥  བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཚོགས་པ་གཞན་དང་མི་འདྲ་བ་རང་བཙན་གྱི་ལས་འགུལ་གང་དང་གང་སྤེལ་ཡོད་དམ།

ལན། དང་པོ། བོད་ནང་གི་གནས་སྟངས་ཛ་དྲག་བྱུང་བ་ཡིན་ན་དེ་དང་སྟབས་བསྟུན་བྱས་ནས་བཙན་བྱོལ་ནང་ལས་འགུལ་སྤེལ་རྒྱུའི་ཐད་ལ་ཤུགས་བརྒྱབ་ཀྱིན་ཡོད། གཉིས་པ། ང་ཚོས་སྲིད་བྱུས་ལྡན་པའི་ཞི་བའི་ཐབས་རྩོད་ཐོག་ལ་ཚོགས་མི་ཚོ་ལ་གཟབ་སྦྱོང་གང་མང་སྤྲད་ནས་ནུས་ཤུགས་གང་ཡོད་སྤེལ་གྱི་ཡོད་པ་རེད་ལ་དེ་དང་མཉམ་དུ་གཙོ་བོ་རྒྱ་གར་དང་མི་རིགས་ནག་པོའི་ལོ་རྒྱུས་ནང་ཐབས་རྩོད་གང་འདྲ་བྱུང་ཡོད་མེད་ལ་བརྟེན་ནས་རང་བཙན་བླངས་ཡོད་མེད་ཐད་སྦྱོང་བརྡར་སྤྲད་ཀྱི་ཡོད་པ་རེད། གསུམ་པ། བོད་རང་བཙན་གྱི་ཉིན་མོ་ཟེར་བ་དེ་ང་ཚོས་༢༠༡༣ལོར་འགོ་འཛུགས་བྱས་པ་རེད། དེ་ཡང་༡༩༡༣ལོར་རྒྱ་ནག་ནང་མན་ཇུའུ་དབང་བསྒྱུར་སྐབས་ཡིན་དུས་༧གོང་ས་སྐུ་འཕྲེང་བཅུ་གསུམ་པ་མཆོག་གིས་༡༩༡༣ལོར་བོད་དེ་རང་བཙན་གཙང་མ་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་རེད། དེར་བརྟེན་༡༩༡༣ནས་༢༠༡༣བར་བོད་རང་བཙན་བསྐྱར་གནས་བྱུང་ནས་ལོ་བརྒྱ་འཁོར་བའི་ཉིན་མོ་དང་སྟབས་བསྟུན་འགོ་འཛུགས་བྱས་པ་ཞིག་རེད།  ཉི་མོ་དེ་བོད་རང་བཙན་གྱི་མཚོན་རྟགས་དང་། བོད་མི་རིགས་ལ་ཞུམ་པ་མེད་པའི་སྙིང་སྟོབས་སྐྲུན་གྱི་ཡོད་པས་ཡིན།  བཞི་པ། ཕྱི་ལོ་༨༢༢ལོར་རྒྱ་བོད་གཉིས་ཀྱི་བར་(རྒྱ་རྒྱ་ཡུལ་དུ་སྐྱེས་བོད་བོད་ཡུལ་དུ་སྐྱེས་)ཟེར་ནས་ཆིངས་ཡིག་ཅིག་བཞག་ཡོད་པ་རེད། དེའི་ཐོག་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་རེད། དེས་བོད་མི་རིགས་དེ་སྟེོབས་འབྱོར་མངའ་ཐང་རྒྱས་པའི་རྒྱལ་ཁབ་ཞིག་ཡིན་པ་མཚོན་གྱི་ཡོད་པར་བརྟེན། མི་མང་ལ་སེམས་ཤུགས་སྐྱེ་བའི་ཆེད་དུ་ལས་འགུལ་ཞིག་སྤེལ་གྱི་ཡོད། ལྔ་པ། ༢༠༡༤ལོར་ང་ཚོས་བོད་ཀྱི་རྒྱལ་དར་ཐོག་ལས་འགུལ་ཞིག་སྤེལ་ཡོད་པ་རེད་ལ་དེ་གནད་འགག་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད།  གང་ཡིན་ཟེར་ན་བོད་ནང་ཞི་རྒོལ་བྱེད་སྐབས་གངས་སེང་རྟགས་ཅན་གྱི་རྒྱལ་དར་འཕྱར་གྱི་ཡོད་པ་དང་། གཞན་ཡང་ཕྱི་རྒྱལ་ཡུལ་གྲུ་གང་སར་བོད་དོན་ལས་འགུལ་སྤེལ་སྐབས་གངས་སེང་རྟགས་ཅན་གྱི་རྒྱལ་དར་འཕྱར་གྱི་ཡོད་པ་དེས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་གསལ་པོ་མཚོན་ཐུབ་ཀྱི་ཡོད།

༦ ཚོགས་པའི་ལས་འགུལ་དེ་རང་བཙན་གྱི་ངོ་བོ་དང་ལྡན་པ་ཞིག་ཡིན་དུས་བོད་གཞིས་བྱེས་གཉིས་ཀྱི་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་གང་སར་བཞུགས་ཡོད་པའི་གཞོན་སྐྱེས་ཚོའི་བསམ་བློའི་ལང་ཕྱོགས་གང་འདྲ་ཞིག་ལ་འགྱུར་བ་ཕྱིན་ཡོད་དམ། ལས་འགུལ་དེས་བོད་པའི་གནད་དོན་ཆེད་ཕན་གནོད་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ།

ལན། དྲི་ལན་དེ་གོང་དུ་ཞུས་ཟིན་པ་ཡིན། དེ་ངས་ཕན་ཐོགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན་སོ་སོའི་རྒྱལ་ཁབ་དེ་བཙན་འོག་ལ་ཤོར་དུས་བོད་མི་མང་པོ་ཞིག་གི་སེམས་ནང་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད། དཔེར་ན་ང་རང་ལ་ཆ་བཞག་ན་བཙན་བྱོལ་ནང་སྐྱེས་པ་ཞིག་ཡིན་ཡང་རང་གཉིད་ཀྱི་རྒྱལ་ཁབ་མི་ལ་ཤོར་སོང་པ་དེས། ང་རང་ལ་སེམས་ནང་ན་ཚ་དང་ཕོག་ཐུག་ཆེན་པོ་ཡོང་གི་འདུག དེར་བརྟེན་དེ་འདྲ་བའི་དཀའ་ངལ་ཡོད་མཁན་གྱི་མི་མང་ཚོར་སྣེ་ཁྲིད་བྱེད་དགོས་ཀྱི་ཡོད་པ་དེ་ང་ཚོའི་འོས་འགན་ཞིག་ལ་མཐོང་གི་འདུག གཞན་ཡང་ང་ཚོའི་ངོས་ནས་དབུ་མའི་ལམ་གྱི་ལས་འགུལ་དེར་གུས་བརྩི་ཞུ་ཡི་ཡོད། དེ་མི་འགྲིག་པ་རེད་ཅེས་ཞུ་ཡི་མེད། རྒྱ་གར་གྱི་རང་བཙན་ཐབས་རྩོད་ཀྱི་ལས་འགུལ་ལ་སོམ་དང་ཞི་དྲག་གཉིས་མཉམ་རུབ་བྱས་པ་ལ་བརྟེན་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཏུ་གྱུར་བ་གསལ་པོ་རེད། དེ་བཞིན་དབྱིན་ཇའི་ཐབས་རྩོད་ཡང་དེ་དང་གཅིག་མཚུངས་རེད། དེ་ཡང་བོད་རང་བཙན་གྱི་ལས་འགུལ་དེ་སྲིད་བྱུས་ལྡན་པའི་ཞི་བའི་ཐབས་རྩོད་ཀྱི་ཐོག་ནས་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་ལས་འགུལ་སྤེལ་གྱི་ཡོད་པ་དེས་ཕན་ཐོགས་ཡོང་ངེས་རེད་ཅེས་ཞུ་རྒྱུ་ཡིན།

༧  ཚོགས་པའི་ལས་འཆར་ནང་དུ་གྲུབ་འབྲས་ཆེ་བ་གང་དང་གང་བྱུང་ཡོད་དམ། གྲུབ་འབྲས་དེའི་སྐོར་གནད་འགག་ཆེ་བ་གཅིག་ནས་ལྔ་ཡང་ན་བཅུ་བར་གསུང་རོགས་གནང་།

ལན། དང་པོ། རྒྱ་ནག་ནས་ལྷ་ས་བར་མེ་འཁོར་ལྕགས་ལམ་བཟོ་སྐབས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དངུལ་ཁང་ནས་དངུལ་འབོར་ཆེན་པོ་གཡར་རྒྱུའི་གྲ་སྒྲིག་ཡོད་པ་རེད། སྐབས་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ངོ་རྒོལ་སྐད་འབོད་བྱས་པ་དང་། དངུལ་ཁང་གི་དབུ་ཁྲིད་ཚོ་དང་ཐུག་འཕྲད་བྱས་ནས་བོད་ནང་མེ་འཁོར་ལྕགས་ལམ་བཟོས་པ་ཡིན་ན་ཉེན་ཁ་ག་ཚོས་ཡོད་མེད་ཀྱི་སྐོར་ལ་གླེང་སློང་བྱེད་ཐུབ་པ་བྱུང་བ་མ་ཟད་དེའི་ཐད་ལས་འགུལ་རབ་དང་རིམ་པ་སྤེལ་ནས་མཐར་རྒྱལ་སྤྱིའི་དངུལ་ཁང་ནས་རྒྱ་ནག་གཞུང་ལ་དངུལ་གཡར་བྱེད་པ་བཀག་འགོག་བྱེད་ཐུབ་པ་བྱུང་ཡོད། གཉིས་པ། ང་ཚོའི་ཚོགས་པ་དེའི་ནང་ཕྱི་རྒྱལ་ཁག་གི་སློབ་ཕྲུག་མང་པོ་ཞིག་ཡོད་པ་རེད། ༢༠༠༨ཨོ་ལེམ་ཕིག་རྩེད་འགྲན་སྐབས་ཁོང་ཚོ་ཁག་གཅིག་རྒྱ་ནག་ནང་འགྲོ་ནས་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་བྱེད་ཐུབ་པ་བྱུང་ཡོད་པ་དེ་རྒྱལ་སྤྱིའི་ནང་དྲིལ་བསྒྲགས་ཤུགས་ཆེན་པོ་བྱེད་ཐུབ་པ་བྱུང་བ་རེད། ལས་འགུལ་དེ་ཆུང་ཆུང་ཡིན་ཡང་འཛན་གླིང་གི་ས་ཆ་གང་ས་ནས་བོད་དོན་ཐབས་རྩོད་ཀྱི་ལས་འགུལ་འདྲ་མིན་སྤེལ་ཡོང་དུས་དེ་དག་ཚང་མས་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེན་པོ་ཞིག་སྤྲད་ཀྱི་ཡོད་པ་བརྒྱ་ཆ་བརྒྱ་རེད། དཔེར་ན། མི་རིགས་ནག་པོའི་ཐབས་རྩོད་དང་འབྲེལ་ནས་སྐད་ཆ་ཞིག་བཤད་པ་ཡིན་ན། དེ་ཡང་མི་རིགས་ནག་པོ་ལ་གནོན་ཤུགས་སྤྲད་མཁན་གྱི་དབྱིན་ཇིའི་དཔོན་རིགས་ཤིག་ལ་མི་རིགས་ནག་པོའི་མི་ལྔས་གང་དུས་ཡིན་ཡང་རྗེས་འདེད་བཏང་ཀྱང་བྱས་ཡོད་པར་བརྟེན། མཐའ་མཇུག་དེར་དབྱིན་ཇིའི་དོན་རིགས་དེས་མི་རིགས་ནག་པོའི་ཐབས་རྩོད་ཀྱི་སྐོར་ལ་སྐད་ཆ་མ་བཤད་རང་བཤད་ཐུག་པ་རེད། དེར་བརྟེན་རྒྱ་ནག་གཞུང་གི་སྲིད་ཇུས་གང་རུང་ཞིག་ཡིན་ཡང་རེད། རྒྱ་ནག་གཞུང་ལ་ཕན་ཐོགས་ཡོད་པ་རྣམས་ང་ཚོས་བཀག་འགོག་ཅིག་བྱེད་དུས་དེས་གནོན་ཤུགས་སྤྲད་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན་བོད་པ་ཞེས་བརྗོད་སྐབས་རྣ་ཅོག་ཚ་དགོས་པ་ཞིག་བཟོ་རྒྱུ་དེ་གལ་ཆེན་པོ་རེད་དྲན་གྱི་འདུག དེ་འདྲ་བའི་ལས་འགུལ་མང་པོ་ཞིག་ང་ཚོ་རང་བཙན་སློབ་ཕྲུག་ཚོགས་ངོས་ནས་སྤེལ་དང་སྤེལ་མུས་རེད་ཅེས་ཞུ་རྒྱུ་ཡིན།

༨ ཚོགས་པའི་འཆར་གཞིའི་ནང་བཀོད་པ་གཞིར་བཟུང་གྲུབ་འབྲས་མ་ཐོན་པ་གང་བྱུང་ཡོད་དམ།

ལན། ང་རང་ཐབས་རྩོད་པ་ཞིག་ཡིན་པའི་ཆ་ནས་ལས་འགུལ་དེའི་ནང་གཙོ་བོ་གཅིག་གང་རེད་ཟེར་ན། ལས་ཀ་བྱེད་སྐབས་ཁྱེད་གི་དམིགས་ཡུལ་གཙོ་བོ་གང་ཡིན་མིན། དམིགས་ཡུལ་དེ་སྒྲུབ་པའི་ཆེད་དུ་གང་བྱེད་དགོས་ཡོད་མེད་དེ་ཡིན་དུས་ང་ཚོའི་ལས་འགུལ་མང་ཆེ་བ་སྤུས་དག་ལོད་ཀྱི་ཁྱད་པར་ཡོད་པ་མ་གཏོགས་སྒྲུབ་མ་ཐུབ་དེ་འདྲ་བྱུང་མ་མྱོང་། ག་དུས་ཡིན་ཡང་ང་ཚོས་གོང་ཞུས་དམིགས་ཡུལ་གཞིར་བཟུང་དང་འཆར་གཞི་དང་ལྡན་པའི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད་དུས་ལེགས་གྲུབ་མ་ཐུབ་པའི་ལས་འགུལ་བྱུང་མྱོང་མེད་ཅེས་ཞུ་རྒྱུ་ཡིན།

༩ ཁྱེད་རང་ལ་གོང་གི་དྲི་བ་དང་མ་འབྲེལ་བའི་གལ་གནད་ཆེ་བའི་དགོངས་འཆར་གསུང་རྒྱུ་ཡོད་དམ།

ལན། མི་མང་པོས་ཚོགས་པ་དེ་གཞན་དང་མི་འདྲ་བ་དང་ལོག་སུ་ཡོད་པའི་མངགས་བརྗོད་བྱེད་ཀྱི་ཡོད་པ་རེད། དེ་ཡང་གཙོ་བོ་དེ་གང་རེད་ཞུས་ན། ཐབས་རྩོད་པ་ཞིག་ཡིན་པའི་ཆ་ནས་སློབ་སྦྱོང་དང་སེམས་ཤུགས་གཉིས་ཀ་ང་ཚོས་གལ་ཆེན་པོར་བརྩི་ཡི་ཡོད། གང་ཡིན་ཟེར་ན་ཕྱོགས་གཉིས་ཀའི་གནས་སྟངས་ཧ་གོ་བའི་ཐོག་ནས་ལས་འགུལ་སྤེལ་སྐབས་ཚགས་ཚུད་པོ་དང་སྤུས་དག་པོ་ཡོང་ཐུབ་ཀྱི་འདུག་ལ་གཞན་དང་མི་འདྲ་བ་ཞིག་བྱེད་ཐུབ་ཀྱི་འདུག་ལ་དེ་དང་ཆབས་གཅིག་ཤེས་ཡོན་དེ་གལ་ཆེན་པོ་རེད་འདུག་ཅེས་ཞུ་རྒྱུ་ཡིན།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།