བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

རྒྱ་གར་ནང་གནས་སྡོད་སྐྱབས་བཅོལ་བ་ཇེ་ཉུང་འགྲོ་ཡི་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༥།༡༩ཉིན་སྤེལ། དྷ་ས་ནོར་གླིང་མཐོ་སློབ་ནང་སློབ་གཉེར་གནང་བཞིན་པའི་སློབ་མ་བསོད་ནམས་ལགས་དྷ་ཤོད་དུ་སྐྱབས་བཅོལ་ལག་དེབ་(RC)སླར་གསོ་བྱེད་དུ་སླེབས་སྐབས་མྱོང་འཚོར་དང་དཀའ་ངལ་གང་་ཡོད་མེད་བཅས་ཀྱི་སྐོར་ལ་འདི་ག་གསར་འགོད་པས་བཅར་འདྲི་བྱས་པ་གཤམ་གསལ།

༡ དྲི་བ། ཐོག་མར་ཁྱེད་རང་གི་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས། ལན། ཁམས་བཟང༌། འདི་གའི་བོད་ཀྱི་ཆ་འཕྲིན་གསར་འགོད་པས་བཅར་འདྲི་བྱེད་པའི་གོ་སྐབས་འདི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐོག་མར་ཀློག་པ་པོ་ཚང་མར་འཚམས་འདྲི་ཞུ། གུས་པའི་དངོས་མིང་ལ་བསོད་ནམས་ཟེར་ཅིང་མིང་གཞན་ལ་ཙཱ་རྐང་དྲུག་ཞེས་འབོད། འདས་པའི་ལོ་ཟླའི་ནང་བཙན་བྱོལ་དུ་འབྱོར་རྗེས་ཤེས་དགའ་སློབ་གླིང་དུ་ལོ་ལྔའི་རིང་སློབ་སྦྱོང་བྱས་པ་དང༌། དུས་ཡུན་དེའི་ནང་དུ་སྙན་ངག་དང་རྒྱལ་རབས་སོགས་གཙོ་བྱས་པའི་ཐོག་གློག་ཀླད་ཀྱི་སྐོར་ནས་ཀྱང་སྦྱོངས་བརྩོན་མི་ཉུང་བ་བྱས་ཞོར་སྒྱུ་རྩལ་གྱི་ལས་རིགས་མང་པོ་ཞིག་ཞོར་དུ་ཉམས་ཀྱིས་མྱོང་བ་ཡིན།དེ་ནས་རྒྱ་གར་གྱི་སློབ་འབྲིང་ཞིག་གི་དགེ་རྒན་ལོ་གཅིག་ལྷག་བྱས་རྗེས་སླར་ཡང་ནོར་གླིང་བོད་ཀྱི་མཐོ་རིམ་སློབ་གྲྭར་འགྲིམས་པའི་གོ་སྐབས་བྱུང་བ་དང་བྱས་མུས་ཡིན། དེང་སྐབས་མཐོ་སློབ་དེ་གའི་རྩོམ་སྒྲིག་པ་དང་གློག་ཀླད་ཇུས་འགོད་པ་ཡིན། མཚམས་མཚམས་སུ་ངས་གྲོགས་པོ་དག་ལ་ཀུ་རེ་ཡི་ཚུལ་དུ། སྤྱིར་མཐོ་རིམ་སློབ་གྲྭའི་ལག་འཁྱེར་ཅིག་མེད་ན་འཚོ་བའི་ལམ་ཁ་མང་པོ་ཞིག་ན་ལྕགས་ཟྭ་རྒྱབ་ཡོད་པས་སློབ་སྦྱོང་གི་རྒྱུད་རིམ་ངེས་ཅན་ཞིག་ངེས་པར་དུ་དགོས་པར་བཤད་ནི་ཡིན།
དེ་དག་གི་ཞོར་ནས་སྒྱུ་རྩལ་གྱི་ལས་རིམ་ལ་འཐམ་སྟེ་སྤྱི་ཚོགས་ཀྱི་བདེ་སྡུག་ཁུར་དུ་བླངས་མྱོང་ཞེས་བཤད་ན་སྒྱུ་རྩལ་གྱི་སྐད་ཆ་ཞིག་ཏུ་འགྱུར་ཉེན་ཆེ་བས་ངོ་སྤྲོད་དེ་ཙམ་གྱིས་ཆོག་པར་བྱ།

༢ དྲི་བ། རྒྱ་གར་ནང་གནས་སྡོད་བྱས་རྗེས་སྐྱབས་བཅོལ་ལག་དེབ་RCཡིས་ནུས་པ་གང་ཐོན་གྱི་ཡོད་མེད་དང༌། སྐྱབས་བཅོལ་ལག་དེབ་སླར་གསོ་བྱེད་སྐབས་ཆ་རྐྱེན་གང་དང་གང་ཚང་དགོས་པ་དེའི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས།
ལན། ཙཱ་རྐང་དྲུག སྤྱིར་སྐྱབས་བཅོལ་ལག་དེབ་ཀྱི་སྐོར་ནས་ཤེས་རྟོགས་ཤིན་ཏུ་ཞན་ནའང༌། མཚམས་ལན་རེར་སྒྱུ་རྩལ་གྱི་ལས་རིགས་དེའི་ཁྲོད་ནས་སྤྱི་ཚོགས་ཀྱི་བྱ་བ་ཆེ་འབྲིང་ཆུང་གསུམ་ཐད་ནུས་པ་གང་ཡོད་ཀྱིས་ཞིབ་འཇུག་བྱེད་ཁུལ་བྱེད་པའི་ཉམས་མྱོང་གི་ཐོག་ནས་སྐད་ཆ་མདོར་བསྡུས་ཤིག་བཤད་ན། སྐྱབས་བཅོལ་ལག་དེབ་ཀྱི་ནུས་པ་ནི། ང་ཚོ་རྒྱ་གར་དུ་གནས་སྡོད་བྱེད་པའི་སྐབས་སུ་སྐྱབས་བཅོལ་ལག་དེབ་དེ་རྒྱ་ནག་གི་«身份证»ལྟ་བུ་རེད། ས་གནས་གང་དུ་སླེབས་པ་དང་དོན་ཆེན་ཅི་ཞིག་སྒྲུབ་སྐབས་སུ་ང་ཚོ་ལ་ངེས་པར་དུ་སྐྱབས་བཅོལ་ལག་དེབ་མེད་དུ་མི་རུང་བ་ཡིན།དེ་སླར་གསོ་བྱེད་སྐབས་དེ་ལ་ས་གནས་དང་ས་གནས་མ་འདྲ་བའི་ཁྱད་པར་ཅུང་ཙམ་ཡོད་པར་སྣང༌། རྡ་ས་གཞི་བཞག་གི་སྟེང་ནས་བཤད་ན་སྔོན་ཆད་ངེས་པར་དུ་གཞུང་འབྲེལ་ཚོགས་པ་གང་རུང་ཞིག་གི་རྒྱབ་གཉེར་ཡི་གེ་རེ་དགོས་པ་དང༌། དེའང་དུས་ཚོད་ཀྱི་ཆ་ནས་ཉིན་བཅོ་ལྔའི་ནང་ཚུན་དུ་བཅར་དགོས་པ་དང༌། དེ་ལས་འགོར་འགྱངས་ཤོར་ཚེ་འགྲོ་སོང་མང་པོ་མང་པོ་ཞིག་རང་བཞིན་གྱིས་ཆགས་འགྲོ་བ་དང༌། གལ་ཏེ་དོ་བདག་གིས་རང་ཉིད་ཀྱི་སྐྱབས་བཅོལ་ལག་དེབ་བོར་བརླགས་བྱུང་ཚེ་རྒྱུད་རིམ་ངེས་ཅན་ཞིག་གི་སྟེང་ནས་སླར་གསོ་བྱེད་ཐུབ་པ། དེ་འདྲ་ཞིག་རེད།

༣ དྲི་བ། ལོ་རེར་སྐྱབས་བཅོལ་ལག་དེབ་RCསླར་གསོ་བྱེད་སྐབས་ཁྱེད་རང་ལ་འཚོར་སྣང་གང་སླེབས་ཀྱི་འདུག ལན། ཙཱ་རྐང་དྲུག ལོ་རེར་སྐྱབས་བཅོལ་ལག་དེབ་དེ་སླར་གསོ་བྱེད་སྐབས་སུ་དམིགས་བསལ་གྱི་འཚོར་སྣང་ཞིག་ཡོད་པ་ནི་རྒྱ་གར་ནང་གནས་སྡོད་སྐྱབས་བཅོལ་བ་ཇེ་ཉུང་དུ་འགྲོ་བཞིན་པ་ཤིན་ཏུ་གསལ་བས། སེམས་ནས་དངངས་སྐྲག་ཅིག་བར་མེད་དུ་བྱུང་གིན་འདུག དཔེར་ན་དེ་རིང་ལྟ་བུ་རེད། མི་བཅུ་གྲངས་ཤིག་ལས་མེད་པ་འདིས་བཙན་བྱོལ་བ་ཇེ་ཉུང་དུ་འགྲོ་བཞིན་པ་ར་སྤྲོད་བྱེད་བཞིན་ཡོད། བཙན་བྱོལ་བ་ཇེ་ཉུང་དུ་ཕྱིན་པ་ཡིན་ན་དེའི་ཚོར་སྣང་ངས་མ་བཤད་ནའང་ཀློག་པོ་དག་གིས་མཁྱེན་གསལ་རེད།
 
༤ དྲི་བ། སྐྱབས་བཅོལ་ལག་དེབ་RCསླར་གསོ་བྱེད་མཁན་གྱི་བོད་མིར་མཚོན་ན་ཁྱེད་རང་ལ་ལྟ་ཚུལ་གང་ཡོད་དམ།ལན། ཙཱ་རྐང་དྲུག འདིའི་སྟེང་ནས་ང་རང་ཉིད་ལ་མཚོན་ན་ལྟ་ཚུལ་ཤིན་དུ་མང༌། འདིར་རག་ཙམ་བཤད་ན། ཐོག་མར་བོད་མི་དག་གི་ཕྱིའི་ཀུན་སྤྱོད་རེད། གཅིག་བྱས་ན་ང་ཚོ་ལ་སློབ་སྦྱོང་གི་རྨང་གཞིའི་ཤེས་བྱས་མ་འདང་བ་ཡིན་ནའང་ཐེངས། དཔེ་འཇོག་ཅིག་གི་ཐོག་ནས་བཤད་ན། དེ་རིང་གི་བོད་མི་འདི་དག་རེད། ལས་ཁང་ཞིག་ལ་བཅར་བའི་རྣམ་པ་གཏན་ནས་མེད་པ་མ་ཟད་ད་དུང་རྒྱ་གར་བའི་ལས་ཀ་བྱེད་སྟངས་ལ་ལྟོས་དང་ཞེས་ཟུར་ཟའི་ཚིག་ངན་དང་རྣམ་འགྱུར་མི་ལེགས་པའི་ཀུན་སྤྱོད་མང་གི དེ་འདྲ་བྱས་ན་རྒྱ་གར་མ་ཟད་རྒྱལ་ཁབ་གང་ཞིག་ཡིན་ན་མཐོང་ཆུང་གི་རྣམ་པ་དེ་ཡོང་གི་རེད།

ཁྱེད་དེ་རིང་གི་མི་འདི་དག་ལ་ལྟོས་དང༌། མང་ཆེ་བས་གུས་ལུགས་མི་མཚོན་པའི་གོན་པ་གྱོན་ཡོད་པ་མ་ཟད། ལག་ཏུ་འཕྲུལ་རྟའི་ཞྭ་རེ་བཟུང་ནས། རྒྱབ་ཏུ་རྒྱབ་ཁུག་ཆེན་པོ་རེ། གྲལ་སྒྲིག་གི་རིམ་པ་མེད་ཁར། ལས་ཁང་ནས་ཀུ་ཅོར་རྒྱག་པ། ལག་ཏུ་ཁ་པར་སྤུས་ལེགས་རེ་བཟུང་སྟེ། ཕར་བལྟས་ཚོད་ཀྱིས་ཅི་འདྲའི་རླབས་ཆེན་གྱི་ལས་ཀ་བྱེད་པའི་མི་སྣ་དག་དག་ཡིན་པར་སྣང་ནའང༌། དོན་གྱིས་སྐྱབས་བཅོལ་ལག་དེབ་ཀྱི་འགེང་ཤོག་སྟེང་རང་གི་མིང་འབྲི་ས་གང་ཡིན་མི་ཤེས་པའི་མི་བུ་ཤིན་ཏུ་མང་གི སྤྱིར་བཏང་གིས་བཤད་ན། ལས་ཁང་ག་གེ་མོ་ཞིག་ཏུ་བཅར་སྐབས་ཚུལ་མཐུན་གྱི་གོས་གྱོན་ནས་ལག་ཏུ་སྨྱུ་གུ་གཅིག་ངེས་པར་དུ་དགོས། དེ་འདྲའི་རྨང་གཞིའི་ཤེས་བྱ་ཞིག་ཀྱང་མེད་ན་གཞན་གྱིས་ཁྱེད་ལ་མཐོང་ཆུང་བྱེད་པ་ཤེས་དགོས། འོ་ཡ་ད་འདི་འདྲ་ཞིག་བཤད་ནས་མཚམས་འཇོག་བྱ། མ་གཞི་རང་ཉིད་ཀྱི་སྐྱོན་ཆ་རང་ཉིད་ཀྱིས་བལྟ་དགོས་པ་ལས་གཞན་ཞིག་གིས་བཤད་བསྡད་ན་སྣང་བ་མི་འགྲོ་བའི་གཤིས་ཀ་འདི་བོད་པར་མང་ནི་རེད།
༥ དྲི་བ། བོད་མི་སྐྱབས་བཅོལ་བ་ཞིག་ལ་མཚོན་ན་རྒྱ་གར་ནང་གནས་སྡོད་བྱེད་དགོས་ན་སྐྱབས་བཅོལ་ལག་དེབ་RCདེ་མེད་དུ་མེད་རུ་བ་ཞིག་རེད། དེར་བརྟེན་སྐྱབས་བཅོལ་ལག་དེབ་སླར་གསོ་བྱེད་སྐབས་དཀའ་ངལ་ཆེ་ཤོས་དེ་གང་རེད་དམ།

ལན། ཙཱ་རྐང་དྲུག སྤྱིར་ང་ལ་མཚོན་ན་སྐྱབས་བཅོལ་ལག་དེབ་སླར་གསོ་བྱེད་སྐབས་དམིགས་བསལ་གྱི་དཀའ་ངལ་ཅིག་འཕྲད་མ་སོང་ལ་དཀའ་ངལ་ལ་འཕྲད་པའི་ཉམས་མྱོང་མེད་པའི་ཐོག་ནས་སྐད་ཆ་དགོས་མཁོ་ཅན་ཞིག་བཤད་རྒྱུ་མེད་ནའང༌། གཙོ་བོ་ང་ཚོ་བཙན་བྱོལ་དུ་དང་ཐོག་སླེབས་སྐབས་གཞུང་ངོས་ནས་ཤེས་ཡོན་པའི་སྡེ་ཁག་ཞིག་དང༌། མཇལ་སྐོར་བའི་སྡེ་ཁག་གཅིག དེ་ནས་སྐྱབས་བཅོལ་བའི་སྡེ་ཁག་གཅིག འདི་འདྲའི་མ་འདྲ་བ་མང་པོ་ཞིག་གསར་འབྱོར་བ་ཞིག་ལ་མཚོན་ན་འདིའི་སྐོར་ནས་དཀའ་ངལ་ཡོད་པའི་གོ་རྟོགས་མེད་སྟབས། དེའི་སྐོར་ནས་ད་ཆ་བོད་མི་བཙན་བྱོལ་བ་དུ་མ་ཞིག་ལ་དཀའ་ངལ་འཕྲད་དང་འཕྲད་བཞིན་པ་གསལ་བོ་རེད།

དེའི་སྟབས་ཀྱིས་ངའི་རེ་བ་ཡིན་ན་བོད་གཞུང་གི་ངོས་ནས་གནད་དོན་དེའི་རིགས་ལ་ཐག་གཅོད་ཡག་པོ་ཞིག་བྱ་ཐུབ་ཚེ་ཤིན་ཏུ་ལེགས། དེ་ངས་རེ་བ་ཞིག་ཞུ་འདོད་བྱུང༌། མ་གཞི་ནས་དཀའ་ངལ་ཡོད་ཚད་དོ་བདག་རང་གིས་བཟོས་བཞག་པ་ཞིག་ཡིན་པར་སྣང༌། ལས་དོན་ཅི་ཞིག་ཡིན་ན་གཞན་བསྟུན་བྱེད་ཤེས་སོང་ན་དཀའ་ངལ་གྱི་ཐ་སྙད་འདི་བེད་སྤྱོད་ཉུང་ཉུང་ཡིན་རྒྱུ་རེད། སོང་ཙང་ཚང་མས་དུས་ནམ་ཞིག་ལ་གནས་གང་ཞིག་ནས་དོན་ཅི་ཞིག་སྒྲུབ་སྐབས་འགྲོ་སྟངས་ཡག་པོ་ཞིག་བྱེད་རྒྱུ་ཤིན་ཏུ་གལ།

༦དྲི་བ། མཐར་གོང་གི་དྲི་བ་དང་མ་འབྲེལ་བར་ཁྱེད་རང་ལ་དགོངས་འཆར་གང་ཡོད་དམ།
ལན། ཙཱ་རྐང་དྲུག ལགས་སོ། སྒྲོམ་གཞི་མེད་པའི་བསམ་ཚུལ་ཅིག་བཤད་པའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ། རྟག་ཏུ་མི་སུ་ཞིག་ལ་འཕྲད་ན། སེམས་ཚོར་ཅིག་བཤད་འདོད་པ་ནི་སྐད་འཕྲིན་གྱི་སྐོར་རེད། འདིའི་སྐོར་ནས་ངས་འཁྲབ་གཞུང་ཞིག་ཀྱང་འབྲི་དང་འབྲི་བཞིན་པ་ཡིན་པས་མིག་སྔར་མང་ཚོགས་ཀྱི་མིག་ལམ་དུ་སྟོན་ཐུབ་མེད། མི་ལོ་གཉིས་ལྷག་གི་སྔོན་ནས་ང་ཚོའི་བོད་ཀྱི་སྤྱི་ཚོགས་ཁྲོད་སྐད་འཕྲིན་འདི་དར་བ་རེད་ལ། དེང་སང་དར་ནས་ཀྱང་རྒྱས་པར་ཆགས་འདུག་ནའང༌། བོད་མི་དག་གིས་སྐད་འཕྲིན་ནམ་དྲ་རྒྱ་སོགས་བེད་སྤྱོད་བྱེད་སྟངས་ཀྱི་ཕྱོགས་ནས་མིའི་བསམ་བློའི་ནང་དུ་ཤོང་མི་ཐུབ་པའི་གནད་དོན་ཞིག་ཆགས་འདུག

ལྷག་དོན་དུ་དེང་སང་གི་དུས་འདི་ལ་བལ་ཡུལ་གྱི་གནས་ཚུལ་དེའི་ཐོག་ནས་མི་བུ་རེ་ཟུང་གིས་བལ་བོད་གཉིས་ཀྱི་བར་ལ་འགལ་ཟླ་ཤོར་བྱད་ཀྱི་པར་རིས་དང་ལྷག་དོན་དུ་བལ་ཡུལ་གྱི་ཆོས་ལུགས་ཆེན་པོ་ཞིག་བྱེད་སྟངས་ལ་བརྟེན་ནས་གོ་ཆགས་དེ་འདྲ་ཞིག་ཤོར་བ་སོགས་འགོད་འོང་དུས། བོད་མི་རེ་ཟུང་ལ་དངོས་ནས་ཡིད་ཆད་ཀྱི་ཚོར་སྣང་ཞིག་སྐྱེས་ཀི་འདུག ཆབ་སྲིད་ཀྱི་གོ་རྟོགས་མེད་ཚེ་ཆབ་སྲིད་ཀྱི་སྐད་ཆ་མ་བཤད་ན་བཟང་བ་དང༌། ལྷག་དོན་དུ་མི་བུ་ག་གེ་མོ་ཞིག་གིས་གནད་དོན་ཞིག་བཤད་ཀི་ཡོད་ཚེ། རང་ཉིད་ལ་བླངས་དོར་གྱི་ནུས་པ་མེད་ན་རི་བོང་ཅལ་འདྲོགས་ཀྱི་ལས་སུ་མི་ཞུགས་རྒྱུ་ཤིན་དུ་གལ། ཁྱོད་ཀྱི་ལྷག་བསམ་དང་སེམས་པ་རྣམ་དག་ཡིན་ནའང༌། དོན་རེ་ཟུང་ཞིག་གི་སྟེང་ནས་ཁྱོད་ནི་ནག་ཉེ་ཅན་ཞིག་ཏུ་འགྱུར་མི་སྲིད་པའང་མིན་པས། གཟབ་པར་བྱ་བ་ནི་རེ་བ་ཡིན། ནུབ་ཕྱོགས་པའི་མཁས་པ་ཞིག་གིས། “ཁྱོད་ཀྱིས་ཉམས་ཆུང་ཞིག་ལ་བརྙས་བཅོས་སམ་ཐུབ་ཚོད་བྱེད་མཁན་ཞིག་མཐོང་ཚེ་མ་དགའ་ན་ཆོག 
འོན་ཀྱང༌། གྲི་ཕྱར་ནས་བརྒྱུགས་ཏེ་མི་ངན་དེ་གསོད་དགོས་དོན་མེད། རྒྱུ་མཚན། དེ་ནི་གཉེན་རྟོག་པའི་ལས་ཀ་ཞིག་ཡིན་པས་སོ།། འོ་ཡ་་༌། ད་འདི་ཙམ་གྱིས་ཆོག་པར་བྱ། མི་ཆུང་ཆུང་ཞིག་གིས་སྐད་ཆ་མང་བ་ཞིག་བཤད་པ་ལས་དོན་ཆེན་པོ་ཞིག་ལ་རང་ཉིད་ཀྱིས་བསམ་ན་འོས། བཀའ་དྲིན་ཆེ།

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།