བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

འགན་འཁུར་བ་མ་གཏོཊ་དབང་ཆ་ཡོད་དྲན་མ་མྱོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༥།༡༡ཉིན་སྤེལ། འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་སྐུ་ངོ་རྒྱ་རི་སྒྲོལ་མ་མཆོག་ལ་ནང་སྲིད་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་དང༌། ལོ་ངོ་ལྔ་བཅུའི་ཡུལ་གྱར་བའི་སྲིད་བྱུས་ཀྱི་འགྱུར་བགྲོས་དང་གནས་སྟངས་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་གཤམ་གསལ།

དྲི་བ་དྲིས་ལན། ༡ ཐོག་མར་སྐུ་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས་གནང༌།

ལན། ཕ་མ་གཉིས་བོད་ནས་ཕེབས་པ་རེད། སོ་སོའི་ལུང་པ་རྒྱ་ནག་གཞུང་གི་དྲག་པོའི་བཙན་གནོན་འོག་ཤོར་བ་རེད། རྒྱ་བོད་གཉིས་ཀ་ཕར་ཤི་ཚུར་ཤི་དང་ཕར་རྨས་ཚུར་རྨས་བྱས་ཡོད་པ་རེད། དེ་འདྲ་བའི་དུས་ཡུན་ཞིག་གི་ནང་ལ་༧གོང་ས་མཆོག་རྒྱ་གར་ལ་༧ཞབས་སོར་འཁོད་གནང་ཡོད་པ་རེད། དེར་བརྟེན་བོད་པ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཡོད་པ་རེད།  ངའི་ཕ་དེ་ཁམས་ཉག་རོང་ནས་རེད། ཨ་མ་གཉིས་དང་ཕ་གཅིག་རེད། ཨ་མ་གཅིག་གི་བུ་མོ་སྤུན་རེད། ༡༩༥༩ལོར་རྒྱ་གར་ལ་འབྱོར་བ་རེད། སྐབས་དེ་དུས་མོན་རྟ་དབང་༼ཨ་རུ་ན་ཅལ་༽བརྒྱུད་ནས་ཡོང་བ་རེད། གནམ་གཤིས་ཚ་བ་ཆེན་པོ་ཡོད་པར་བརྟེན་དཀའ་ངལ་ཆེན་པོ་འཕྲད་ན་ཡང་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་རྒྱ་གར་གཞུང་གི་དམག་མིས་ས་འཚམས་ལས་གྲོལ་བཅུག་གནང་སོང་། 

སྐབས་དེ་དུས་ང་ཚོ་རྡོར་རྗེ་གླིང་ལ་བསྡད་པ་རེད། ངའི་ཕ་དེའི་མིང་ལ་རྒྱ་རི་ཉི་མ་ཟེར་གྱི་ཡོད་རེད། ཁོང་མི་ཚེ་གཅིག་ལ་རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་སྒྲུབ་མཁན་གྱི་བོད་མི་དཀྱུས་མ་ཞིག་རེད། ང་རང་༡༩༦༤ ལོར་རྒྱ་གར་ཀ་བློན་སྦུག་ ༼རྡོར་རྗེ་གླིང་༽ གི་ས་ཆ་དེ་ལ་ང་སྐྱེས་པ་རེད། དེ་རྗེས་རྡོར་རྗེ་གླིང་བོད་གཞུང་སློབ་གྲྭ་ལ་འཛིན་གྲྭ་བཅུ་པ་བར་སོང་བ་ཡིན། སློབ་གྲྭའི་ནང་ཡོད་པའི་སྐབས་སུ་བོད་པ་ཡིན་པ་དེ་ག་དུས་ཡིན་ཡང་བརྗེད་ཀྱི་མེད། ང་རང་ཚོའི་གནས་སྟངས་དེ་ག་དུས་ཡིན་ཡང་སེམས་ལ་བཅངས་མཁན་ཞིག་རང་བཞིན་གྱིས་འཁོར་གྱི་ཡོད། སློབ་གྲྭར་ཡོད་པའི་སྐབས་སུ་ཡིན་ཡང་ཉམས་ཐག་ཕ་མ་མེད་མཁན་གྱི་དྭ་ཕྲུག་དེ་ཚོ་ལ་རོགས་པ་བྱེད་མཁན་གྱི་ཚོགས་པ་བཙུགས་ནས་དེའི་ཚོགས་གཙོ་བྱས་ནས་བསྡད་ཡིན། གཞོན་ལྷན་ཚོགས་པའི་ནང་ལ་ལོ་བཅུ་བཞི་ནས་འཛུལ་བཞུགས་བྱས་པ་ཡིན་ལ་སློབ་གྲྭའི་འཐུས་མིའི་འགན་འཁུར་ནས་ལས་ཀ་བྱས་པ་ཡིན། འཛིམ་རིམ་བཅུ་པ་ཚར་བའི་རྗེས་ལ་ཅན་དྷི་སྒར་ལ་སླེབས་པ་རེད།

 སློབ་གྲྭ་ཆེན་མོ་འགྲོ་བའི་སྐབས་སུ་ཡིན་ཡང་རྩ་དོན་ལ་ཞབས་ཕྱི་ཞུ་བསམ་པའི་བློ་དེ་ཡོད། ༡༩༨༡ལོར་བོད་པ་སུ་ཡིན་ཡང༌། ན་གཞོན་ཡིན་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ནང་ལས་ཀ་བྱེད་ཀྱི་ཡོད་རེད། སྐབས་དེ་དུས་ང་རང་ལ་ཆ་བཞག་ན་ཡང་དང་བླང་བྱས་ནས་འོས་ཤོག་ནང་ལང་པ་ཡིན། སྐབས་དེ་དུས་ཟུར་འབྲེལ་དྲུང་ཆེའི་འགན་ཐོག་མར་འཁུར་བ་ཡིན། ༡༩༨༤ལོར་ང་ཚོ་བཙན་བྱོལ་ལ་འབྱོར་ནས་ལོ་ ༢༥_འཁོར་བ་རེད། དེ་དུས་དྷི་ལི་ལ་ལས་འགུལ་ཆེ་བ་ཞིག་སྤེལ་སོང༌། ལོ་༢༥ འཁོར་བའི་བུད་མེད་ཀྱི་སྒེར་ལངས་ཐེངས་དང་པོ་དེ་༡༩༨༤ ལོར་སྲུང་བརྩི་བྱས་པ་རེད། ཕྱི་ཟླ་_༣_པའི་ཚེས་_༡༢_ཉིན་དེ་ལ་བོད་པའི་བུད་མེད་ཀྱི་སྐུ་ཚབ་བྱས་ནས་ཨ་མ་ཁྲ་རིང་ལགས་ཡོད་རེད།

སྐབས་དེ་དུས་བུད་མེད་ལྷན་ཚོགས་ཟེར་བ་དེ་ད་ལྟའི་ངོ་བོའི་ཐོག་ལ་ཡོད་མ་རེད། གཞོན་ནུ་ལྷན་ཚོགས་ནང་ལ་བུད་མེད་ཀྱི་སྡེ་མཚན་ཟེར་ནས་གནས་སྐབས་བཙུགས་པ་རེད། དེའི་ཚོགས་གཙོ་བྱས་ནས་ང་ཚོས་དྷི་ལི་ལ་ལས་འགུལ་དེ་སྤེལ་བ་རེད། དེ་ནས་ཅན་དྷི་སྒར་མཐོ་སློབ་ཐོན་པའི་རྗེས་ལ་དྷི་ལི་ལ་ཕྱིན་པ་རེད། རྒྱ་གར་གྱི་ཁྲིམས་ཀྱི་འགྲོ་སྟངས་དེ་ངེས་པར་དུ་ཤེས་དགོས་ཀྱི་འདུག་བསམ་པ་ཞིག་དང༌། ང་ཚོ་འགག་བསྡད་ས་ཡང་དེ་ནས་རེད་བསམ་བསམ་ཞིག་སྐབས་དེ་དུས་ནས་ཡོད། དྷི་ལི་མཐོ་སློབ་ནང་ལོ་རིམ་གསུམ་པ་དང་གཉིས་པ་འགྲོ་སྐབས་ཟ་ཁང་ནང་ལས་ཀ་བྱེད་ཀྱིན་བྱེད་ཀྱིན་མཐོ་སློབ་ཕྱིན་པ་ཡིན།

ལོ་བཅུ་བདུན་བཅོ་བརྒྱད་སྐབས་ནས་བཟུང་ག་དུས་ཡིན་ཡང་ཕ་མ་གཉིས་ལ་ཕན་ཐོགས་བྱུང་ན་བསམ་པ་ཞིག་དང་རྩ་དོན་ཆེད་ལས་ཀ་བྱེད་ཐུབ་པ་ཞིག་བྱུང་ན་བསམ་པ་ཞིག་དྲན་གྱི་ཡོད། མཐོ་སློབ་ལ་ཡོད་པའི་སྐབས་སུ་ཡིན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཐེངས་མ་གཉིས་བྱས་པ་ཡིན། དེ་རྗེས་སྐབས་_༡༡_པའི་སྤྱི་འཐུས་ནང་ལ་སླེབས་པ་རེད། ལས་འགུལ་སྤེལ་བའི་སྤེལ་རབ་བཤད་པ་ཡིན་ན་ཚང་མས་མཉམ་དུ་འགན་འཁུར་ནས་བྱས་པ་རེད། ང་རང་ལ་ཆ་བཞག་ན་ཡང་ལས་འགུལ་སྤེལ་བ་ཡིན། རྒྱ་གར་བཙོན་ཁང་ནང་ལ་ཡང་འཛིན་བཟུང་བཀག་ཉར་བྱེད་མྱོང་ཡོད། སྐབས་དང་དུས་ལ་སླེབས་དུས་བྱེད་དགོས་པ་ཚང་མ་བྱས་ཡོད། བོད་ནང་ནས་ཞི་རྒོལ་བྱས་ཡོང་བའི་སྐབས་སུ་ང་ཚོ་འདི་ལ་བསྡད་བསྡད་པ་ཡིན་ན་འགྲིག་གི་མི་འདུག་བསམ་པ་ཞིག་དྲན་གྱི་ཡོད། དེ་རྗེས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་ཚོགས་ཆུང་ནང་ལ་བསྡད་པ་ཡིན། སྤྱི་འཐུས་ནང་ལ་འགན་འཁུར་དགོས་པ་ཚང་མ་བྱས་པ་ཡིན། ད་ལྟ་བར་དུ་དུས་ལ་འབབ་པའི་སྐབས་སུ་ལས་འགན་རྒྱབ་ཏུ་འཁུར་ཡོད་ཀྱང་དེ་ལ་གཡོལ་མེད།
 
གཉིས་པ། ང་ཚོ་གཞན་ཡུལ་ལ་སྐྱབས་བཅོལ་ཡོད་པ་ཡིན་དུས་མི་མང་གི་བདེ་སྡུག་དང་གནས་སྟངས་ལ་ལྟ་རྒྱུ་དེ་ལས་འགན་གཉིས་པ་དེ་རེད། དེའི་ཐོག་ལ་ང་ཚོས་ད་ལྟ་བར་དུ་བྱས་ཡོད་རེད་ལ་བྱེད་རྒྱུ་མང་བ་ལྷག་ཡོད་རེད། བཅའ་ཁྲིམས་སྐྱར་བཅོས་དེ་ལ་༧སྐྱབས་མགོན་རིན་པོ་ཆེ་ལ་ཐུགས་དགོངས་ཆེན་པོ་ཡོད་རེད། བཙན་བྱོལ་ནང་ལ་ཡིན་ཡང་ཕོ་མོ་འདྲ་མཉམ་ཀྱི་ཐོག་ནས་ཐོབ་ཐང་ཡོད་པ་དེ་ཡང་གོ་སྐབས་སུས་ལེན་ཡང་ཆོག་པ་དེ་གསལ་པོ་ཆགས་ཡོད་པར་བྲཏེན་དེའི་ཐོག་ནས་ང་རང་ལ་ཆ་བཞག་ན་ཡང་བུ་མེད་ཅིག་ཡིན་པའི་ཆ་ནས་གཉའ་མ་ཆགས་པར་བཀའ་བློན་ཁྲི་པ་ལ་ཡིན་ཡང་ལངས་ཀྱི་ཡིན་ཟེར་ནས་བཤད་པ་ཡིན། ངས་བསམ་ན་དེ་འཛམ་བུ་གླིང་ལ་བརྡ་ལན་གསལ་པོ་ཞིག་རེད་དྲན་གྱི་ཡོད། ཐོབ་ཀྱི་མ་རེད་ཟེར་ནས་བཞག་པ་དེ་འདྲ་གལ་མིན། དང་པོ་ནས་ཚོད་དཔག་ཅིག་ཐུབ་ཀྱི་འདུག དེར་བརྟེན་ང་ཚོ་བུ་མེད་སུ་ཡིན་ཡང་ཐོབ་ཐང་འདྲ་མཉམ་ཡོད་པ་དེ་གསལ་པོ་རེད་བསམ་གྱི་ཡོད། དེ་ཚོ་ཚང་མ་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་རེད་དྲན་གྱི་ཡོད། ད་ལྟའི་བུད་མེད་ཀྱི་གནས་བབས་ལ་ཆ་བཞག་ན་ཡང་ཡར་རྒྱས་འགྲོ་སའི་ཕྱོགས་ལ་ཚད་མེད་པ་རེད། ང་རང་ལ་ཆ་བཞག་ན་ཡང་ད་ལྟ་བར་དུ་ལས་འགན་ཞིག་ཡོད་བསམ་ནས་ལས་ཀ་བྱས་པ་མ་གཏོགས་དབང་ཆ་ཡོད་བསམ་པ་ཞིག་གཏན་ནས་དྲན་མ་མྱོང༌།

༢ ནང་སྲིད་ལས་ཁུངས་དང་ནང་སྲིད་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་ཐད་ལ་ངོ་སྤྲོད་ཞིག་གནང་རོགས་གནང༌།

ལན། ནང་སྲིད་ལས་ཁུངས་ཀྱི་ལས་ཀ་ཁྱབ་ཆེན་པོ་རེད། སྡེ་མཚན་ནང་ལ་ཆ་བཞག་པ་ཡིན་ན། གལ་ཆེ་ཤོས་དེ་ང་རང་ཚོ་བཙན་བྱོལ་ནང་ཡོད་པའི་གཞུང་ཟེར་ཡང་རེད། སྒྲིག་འཛུགས་ཟེར་ནས་མིང་བཏགས་ན་ཡང་རེད། མདོར་ན་ཐུག་ས་དེ་གཞུང་མང་གཉིས་ཀྱིོ་འབྲེལ་བ་ལ་ཐུག་ཡོད་རེད། དེའི་བརྒྱུད་ལམ་ཆེ་ཤོས་དེ་ས་གནས་སོ་སོའི་འགོ་འཛིན་གྱིས་གཞུང་གི་སྐུ་ཚབ་བྱས་ནས་ས་གནས་ཁག་ལ་ལས་ཀ་བྱེད་ཀྱི་ཡོད་རེད། བོད་མིའི་སྒྲིག་འཛུགས་ཀྱིས་ནང་སྲིད་ལས་ཁུངས་ལ་སྤྲད་བཞག་པའི་འགན་ཆེ་ཤོས་ཤིག་རེད། དེ་ཡང་ཐོག་མར་ང་ཚོ་སྐྱབས་བཅོལ་ལ་ཡོང་ནས་གཞིས་ཆགས་གསར་འཛུགས་བྱེད་པའི་སྐབས་སུ། རྒྱ་གར་གཞུང་ངོས་ནས་རེད། ཆབ་སྲིད་ཚོགས་པའི་ངོས་ནས་རེད། མི་མང་གི་ངོས་ནས་རེད།

བོད་པ་སྐྱབས་བཅོལ་བ་དེ་དག་ལ་ཛ་དྲག་གི་བལྟ་སྐྱོང་བྱེད་པའི་ཆེད་དུ་ཚོགས་པ་ཞིག་གསར་འཛུགས་བྱེད་དགོས་བཤད་ནས་སྐབས་དེ་དུས་རྒྱ་གར་གཞུང་མང་ཚང་མས་མཉམ་རུབ་བྱས་ནས་ལྟ་རྟོགས་བྱེད་མཁན་གྱི་ཚོགས་པ་ Central Tibetan Relief Committee ༼དབུས་བོད་མིའི་ངལ་སེལ་ཚོགས་པ།༽ཞིག་བཙུགས་འདུག ཚོགས་ཆུང་དེའི་ཚོགས་གཙོ་བྱེད་མཁན་དེ་སྐུ་ཞབས་ལྗེ་སྦི་ཀིར་པ་ལ་མཆོག་གིས་གནང་འདུག དེ་ཡང་ཕྱི་ལོ་༡༩༥༩  ཟླ་༥ ཚེས་༡༥ ཉིན་མོ་དེར་ཚོགས་པ་དེ་བཙུགས་གནང་འདུག ཚོགས་པ་བཙུགས་པའི་གསལ་བསྒྲགས་དེ་རྒྱ་གར་གྱི་ Congress Party གཞུང་འཛིན་ཚོགས་པའི་དྲུང་ཆེས་ཕྱི་ཟླ་༥ པའི་ཚེས་༡༧ ཉིན་གསར་འགྱུར་ བརྒྱུད་ལམ་གྱི་ཐོག་ནས་བོད་པའི་ཆེད་དུ་ཚོགས་པ་དེ་འདྲ་ཞིག་བཙུགས་ཡོད་ཟེར་ནས་གསལ་བསྒྲགས་གནང་འདུག དེ་ག་ནང་བཞིན་རྒྱ་གར་སྲིད་བློན་དམ་པ Indra Ganhi མཆོག་གིས་སྐུ་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་སྤ་སྤོལ་ལྗཱ་ཡ་ཀཱ་བྲིས་གནང་བ་རེད།

དེའི་ནང་ལ་ཡང་བོད་པ་ལ་ལྟ་སྐྱོང་བྱེད་པའི་ཆེད་དུ་ཚོགས་པ་དེ་འདྲ་ཞིག་བཙུགས་པ་དེ་ཁོང་གི་ཐུགས་ཀྱི་དམིགས་ཡུལ་རེད་ཅེས་བཤད་ཡོད་རེད། བཙུགས་ཚར་ནས་གཞིས་ཆགས་ཁག་ནང་ལ་ད་ལྟ་ང་ཚོས་ས་གནས་འགོ་འཛིན་ཟེར་བ་དེ་ཐོག་མར་འཛིན་སྐྱོང་བྱེད་རྒྱུ་དང་ཚང་མ་རྒྱ་གར་གཞུང་རང་གིས་བཙུགས་གནང་འདུག དེ་རྗེས་རྒྱ་གར་གཞུང་ནས་རིམ་བཞིན་༧གོང་ས་མཆོག་ལ་རྩིས་སྤྲོད་བྱས་པ་རེད། དེ་ང་ཚོས་རིན་ཐང་ཆེན་པོ་ཞིག་ལ་བརྩི་ཡི་ཡོད། སྐབས་དེར་དེ་ལ་འགྲེལ་བཤད་རྒྱབ་མཁན་མང་པོ་བྱུང་འདུག Professor ཟླ་བ་ནོར་བུ་ལགས་བཅས་ཀྱིས་རྩོམ་དེབ་ནང་ལ་དེ་༧གོང་ས་མཆོག་བོད་པའི་དབུ་ཁྲིད་ཡིན་པ་ཞིག་ལ་ངོས་འཛིན་ཡོད་པའི་མཚོན་རྟགས་རེད་ཟེར་ཡོད་རེད། དེ་རྗེས་སུ་ཚོགས་པ་དེ། Central Tibetan Relief Committee ཟེར་བ་དེ་ HH the Dailai lamala`s Central Tibetan Relief Committee ངོ་བོར་གྱུར་ནས་དེ་སྔོན་ཁོང་རྣམ་པས་འགན་འཁུར་བ་དེ་དབུས་བོད་མིའི་སྒྲིགས་འཛུགས་ནང་ལ་ཡོད་པའི་ནང་སྲིད་ལས་ཁུངས་ཀྱིས་དེབ་སྐྱེལ་བྱས་པའི་ཚོགས་པ་HH the Dailai lama`s Central Tibetan Relief Committee ཟེར་བ་དེ་ལ་འགན་གནང་འདུག དེའི་ཐོག་ནས་བོད་པ་སྐྱབས་བཅོལ་ལ་ཡོད་པ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་བདེ་སྡུག་ལ་བལྟ་མཁན་ཆེད་དུ་དེབ་བསྐྱེལ་བྱུང་བ་རེད།

 ནང་སྲིད་ལས་ཁུངས་ཀྱི་དེབ་བསྐྱེལ་ཚོགས་པའི་མིང་དེ་ལ་HH the Dailai lama`s Central Tibetan Relief Committee ཟེར་གྱི་ཡོད་རེད། དེའི་ངོ་བོའི་ཐོག་ནས་གལ་ཆེ་ཤོས་དེ་ད་ལྟའི་བཀའ་ཤག་སྐབས་ལ་འབྲེལ་བ་ཤུགས་ཆེ་བ་བྱེད་ཐུབ་པ་དེ་རྒྱ་གར་གཞུང་གིས་གཞིས་ཆགས་ལས་ཁུངས་ཏེ་རྒྱ་གར་གཞུང་ལ་ནང་སྲིད་ལས་ཁུངས་ཡོད་པ་བྱས། ནང་སྲིད་ལས་ཁུངས་ལ་སྡེ་མཚན་ཞིག་ཡོད་རེད། དེ་གཞིས་ཆགས་སྡེ་མཚན་Rehabilitationགྱི་སྡེ་མཚན་གཉིས་དུས་རྒྱུན་དུ་ནས་ཕན་ཚུལ་འབྲེལ་བ་གཏིང་གཟབ་རུ་ཕྱིན་ནས་བོད་པའི་དཀའ་ངལ་དེ་དག་ཐད་ཀར་རྒྱ་གར་གཞུང་ལ་ཞུ་ས་ཡོད་པ་དེ་ལྡི་ལི་དོན་གཅོད་བརྒྱུད་ནས་ལམ་ཁ་དེ་བྱུང་ཐུབ་པ་རེད།
 
སོ་ནམ་གཞིས་ཆགས་ཁག་ནང་ལ་མཉམ་འབྲེལ་ཁག་ཡོད་རེད། ཟམ་གདོང་རིན་པོ་ཆེའི་སྐབས་ལ་མཉམ་འབྲེལ་དང་འཛིན་སྐྱོང་ཡོད་པ་དེ་ཁ་ཁ་བཟོས་པ་རེད། ཡིན་ཡང་ང་ཚོས་མུ་མཐུད་ནས་འབྲེལ་བ་བྱེད་ཀྱི་ཡོད་རེད། རྒྱ་གར་གཞུང་གིས་བོད་པའི་སྤྱི་ཚོགས་ཐོན་ལས་བཟོ་གྲྭ་ཟེར་ནས་དང་པོ་ཡོད་མཁན་མང་ཆེ་བ་སོ་ནམ་གཞིས་ཆགས་ཁག་ཡོད་མཁན་དེ་དག་ལ་བཏང་འདུག དེ་མིན་ད་དུང་བོད་པ་ལ་ལག་ཤེས་ཡོད་རེད། མང་ཆེ་བ་ད་ལྟ་རང་ཁ་རང་གསོ་བྱས་ནས་ཡག་ཐག་ཆོད་གནང་གི་ཡོད་རེད། ང་ཚོས་འདི་ནས་མང་པོ་མཐུན་འགྱུར་སྦྱར་ཡག་མི་འདུག་ཀྱང་དགོས་ངེས་བྱུང་ན་མཉམ་འབྲེལ་ཁག་ལ་དཔལ་འབྱོར་གྱི་མ་དངུལ་ཐོག་ནས་བུ་ལོན་གཡར་དགོས་ཀྱི་ཡོད་ན་ཡང་རེད།

ཞིང་ཁ་འདེབས་པའི་སྐབས་ལ་ས་བོན་ཉོ་བྱེད་བཅས་ཞིང་པ་ལ་ཕན་པ་དེ་འདྲ་ཡོད་ན་ང་ཚོས་མཉམ་འབྲེལ་ལ་ཕུལ་ནས་རོགས་རམ་བྱེད་ཀྱི་ཡོད། སོ་ནམ་སྡེ་མཚན་ཞིག་ཡོད་རེད། དེ་ཡང་དྲུང་འཕར་གྱི་གནས་རིམ་ཡོད་པའི་ལས་བྱེད་ཅིག་གིས་ཐད་ཀར་གཟིགས་མཐོང་གནང་གི་ཡོད་རེད། གལ་ཆེ་བ་ཞིག་ག་དུས་ཡིན་ཡང་༧གོང་ས་མཆོག་གིས་བཀའ་གནང་ཡོད་པ་དེ་རེད། གཞུང་གིས་ག་དུས་ཡིན་ཡང་མི་མང་སྐྱོ་བོ་དང་ཉམས་ཐག་ལ་ལྟ་མ་ཐུབ་ན་གཞུང་ཡོད་ཀྱང་གོ་མ་ཆོད་པ་རེད་གསུངས་ཡོད་པ་དེ་ང་ཚོས་ག་དུས་ཡིན་ཡང་གལ་ཆེན་པོ་ཞིག་བརྩི་ཡི་ཡོད། ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་སྐུ་ངོ་དྲུང་འཕར་གནས་རིམ་ཡོད་མཁན་གྱི་ཐུག་འགན་ཐད་དཀར་བཞེས་པའི་ཐོག་ནས་ཉམས་ཐག་དང༌། རྒས་གསོ་ཁང༌། ཉམས་ཐག་ཡོད་མཁན་གྱི་ཕྲུ་གུ་བཅས་ལ་སློབ་ཡོན་སྤྲོད་མཁན་གྱི་སྡེ་མཚན་ཟུར་དུ་ཡོད་རེད།

སྤྱི་ཚོགས་འདིའི་ནང་སློབ་སྦྱོང་ཡོད་མཁན་ཚོ་རང་བཞིན་གྱིས་ལམ་ཁ་ཞིག་སླེབས་ཡོང་གི་རེད། འོན་ཀྱང་ཕོ་མོ་དབྱེ་བ་མེད་པ་ན་གཞོན་ལས་མེད་རིགས་དེ་དག་ལ་ནུས་སྟོབས་སྤེལ་རྒྱུ་དེ་སྔོན་མ་ནས་༧གོང་ས་མཆོག་གིས་དགོངས་པ་ཤུགས་ཆེ་ཤོས་ཤིག་རེད། ན་གཞོན་ནུས་སྟོབས་གོང་འཕེལ་ཚན་པ་ཞིག་ཡོད་རེད། དེའི་སྡེ་ཚན་འོག་ནས་འཛིན་རིམ་བདུན་པ་དང་བརྒྱད་པ་ལས་མཐར་ཕྱིན་མ་ཐུབ་མཁན་དང༌། ཁ་ཤས་སྐབས་དེ་དུས་སློབ་སྦྱོང་བྱེད་མ་ཐུབ་མཁན། ཁ་ཤས་གོ་སྐབས་མ་རགས་མཁན་དེ་དག་ལ་རང་ཁ་རང་གསོ་དང་ནུས་སྟོབས་སྤེལ་བའི་ཆེད་དུ་བྷེང་ལོར་ལ་Vocational training ཡོད་རེད། ཕྱིས་སུ་བོད་ནས་ཚུར་ཡོང་ནས་འཛིམ་རིམ་ལྔ་པ་དང་བདུན་པ། བརྒྱད་པའི་ལག་ཁྱེར་ལས་མེད་མཁན་ཡོང་གི་འདུག དེར་བརྟེན་ང་ཚོས་དམིགས་བསལ་གྱིས་ལས་གཞི་འགོ་འཛུགས་བྱས་ནས་ཟ་སྐད་འཐུང་སྐད་ཤེས་ཀྱི་ཡོད་ན། དེ་དག་ལ་ལྟ་རྟོགས་བྱེད་མཁན་གྱི་སྡེ་ཚན་ནང་སྲིད་ལས་ཁུངས་ཡོད་རེད།

དེ་བརྒྱུད་ནས་ཞིང་འབྲོག་ན་གཞོན་ཚོ་ལ་བུ་ལོན་ཆུང་ཚགས་གཡར་གྱི་ཡོད་རེད། སྐྱེད་ཆུང་བུན་གཡར་གྱི་ལས་གཞི་ཡང་ཡོད་རེད། དངུལ་འབོར་གྱི་ཐོག་ནས་རྒྱལ་ཁབ་གཞན་དག་ལ་བལྟས་ན་ཞེ་དྲག་མིན་ཡང༌། ང་རང་ཚོ་ལ་དཔག་ཚོད་ཀྱིས་ལོ་རེ་བཞིན་དངུལ་གྲངས་ནས་ཡར་སྤར་སྟེ། སོ་ནམ་ནང་ལ་ཆ་བཞག་ན་མ་དངུལ་འབུམ་༥༤༠ཙམ་སྔོན་རྩིས་ནང་ལ་ཞུས་ཡོད། དེ་བཞིན་ན་གཞོན་གྱི་ཆེད་དུ་སྒོར་མོ་འབུམ་ ༣༠ ལྷག་ཡོད། ད་ལྟ་ང་ཚོས་སྒོར་མོ་འབུམ ༤༩ ལ་དྭགས་བྱང་ཐང་ཁུལ་དུ་བཏང་བཞག་ཡོད། སོ་ནམ་དེ་སྲིད་བྱུས་ཀྱི་ཐོག་ནས་གལ་ཆེ་ཤོས་དེ་ཆགས་ཀྱི་ཡོད་དུས་རང་ཁ་རང་གསོ་ཡོང་བའི་ཆེད་སྐྱེ་ལྡན་སོ་ནམ་གྱི་གཅིག་ཕན་གཅིག་གྲོགས་Self  Help Groupཚོ་ཁག་གསར་འཛུགས་དང་མ་དངུལ་གཏན་འཛུགས་བྱས་ཡོད། ལས་གཞི་གལ་ཆེ་བ་གཞན་ཞིག་གི་ནང་ལ་བུད་མེད་ཀྱི་ནུས་སྟོབས་སྤེལ་ཆེད་ཀྱི་ཚན་པ་ཞིག་ང་ཚོ་འདི་ལ་ཡོད་རེད། དེ་ནང་སྲིད་ལས་ཁུངས་ལ་སླེབས་ནས་རྒྱུན་རིང་ཕྱིན་ཡོད་མ་རེད།

 དེའི་ནང་ལ་ལས་གཞི་ཧང་སང་དགོས་པ་སྤེལ་རྒྱུ་དེ་འདྲ་བྱུང་མ་སོང༌། དེ་ལ་ང་ཚོས་ཏན་ཏན་རང་ཡར་རྒྱས་སུ་གཏོང་དགོས་པ་ཞིག་ཆགས་ཀྱི་ཡོད། གཞན་ཡང་འཆར་འགོད་ཚན་པ་ཞིག་ཡོད་རེད། ཚན་པ་དེ་ཟུར་འབྲེལ་དྲུང་ཆེས་འགོ་ཁྲིད་ནས་གཞིས་ཆགས་ཁག་ལ་ལྟ་ཡི་ཡོད་རེད། དེའི་ནང་ནས་ལས་གཞི་གལ་ཆེ་བ་ཞིག་སྤུན་སྲིང་གཞིས་ཆགས་བསྐྲུན་རྒྱུའི་འཆར་གཞི་དེ་རེད། ཕྱི་རྒྱལ་ལ་ཡོད་པའི་སྤྱི་མཐུན་ཚོགས་པ་བཅས་གང་རུང་དང༌། འདི་ལ་ཡོད་པའི་གཞིས་ཆགས་གང་རུང་ཕན་ཚུལ་སྤུན་མཆེད་ཀྱི་འདུ་ཤེས་ཐོག་འབྲེལ་བ་འཛུགས་ཐབས་བྱ་རྒྱུ་དེ་རེད། དེ་སྐུ་ངོ་སྲིད་སྐྱོང་གིས་ཀྱང་གལ་ཆེན་པོ་བྱེད་ཀྱི་འདུག་ལ་ང་ཚོ་ཡིན་ཡང་དེ་གལ་ཆེན་ཞིག་ལ་བརྩི་ཡི་ཡོད། དེ་ཚོའི་ཐོག་ནས་ཡིན་ཡང་ཕུག་རྒྱང་རིང་པོའི་ཐོག་ནས་འགྲོ་ཐུབ་ཀྱི་རེད་དྲན་གྱི་འདུག དེ་དག་ང་ཚོ་སྡེ་ཚན་ཡོད་པའི་སྐད་ཆ་རེད། ནང་སྲིད་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་སྙིང་བསྡུས་ཤིག་བཤད་པ་ཡིན་ན་དེ་འདྲ་རེད།
 
༣ ནང་སྲིད་བཀའ་བློན་གནང་ནས་དུས་ཡུན་གང་འཚམ་ཕྱིན་པའི་ནང་ལ་ནང་སྲིད་ལས་ཁུངས་ཀྱི་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཡོད་དམ།

ལན། ནང་སྲིད་ལས་ཁུངས་ཀྱི་འགན་ཡོད་པའི་ཐོག་ནས་བལྟས་པ་ཡིན་ན། གནས་སྟངས་དེ་ཡག་པོ་ཞིག་ལ་སླེབས་ཡོད་རེད། གཙོ་ཆེ་ཤོས་ང་འདི་ལ་སླེབས་པའི་རྒྱུ་མཚན་མ་རེད་བསམ་གྱི་ཡོད། ལས་ཀ་བྱེད་མཁན་ཚང་མས་འགན་དེ་མཉམ་འཁུར་མཉམ་ལས་བྱས་པའི་རྒྱུ་མཚན་ལ་བརྟེན་པ་དང༌། དེ་ཡང་དཔལ་ལྡན་སྲིད་སྐྱོང་དབུས་པས་བཀའ་ཤག་གི་ཐོག་ནས་དུས་ནས་དུས་སུ་ལམ་སྟོན་བཅས་ཚང་མས་འགན་འཁུར་ནས་ལས་ཀ་ཡག་ཐག་ཆོད་འགྲོ་ཡི་ཡོད་པ་ལ་བརྟེན་ནས་བྱུང་བ་རེད་དྲན་གྱི་ཡོད།

༤ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་གཞིས་ཆགས་ཁག་ངོ་སྤྲོད་ཅིག་གནང་རོགས།

ལན། ༡) གཞིས་ཆགས་ཀྱི་བྱུང་རིམ། ཕྱི་ལོ་༡༩༥༩ ལོར་དུས་འགྱུར་མི་བཟད་པའི་དབང་གིས་སྤྱི་ནོར་ ༧གོང་ས་ ༧སྐྱབས་མགོན་ཆེན་པོ་མཆོག་དང༌། གང་ཉིད་ཀྱི་ཕེབས་རྗེས་སུ་བོད་མི་ཁྲི་ཚོ་བརྒྱད་ཙམ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་སྐབས་ཐོག་མར་བོད་མི་ཚོར་འཚོ་བའི་མདུན་ལམ་སོགས་གང་ཡང་མེད་སྟབས། སྔ་འཕྲོས་མི་མང་མང་དག་ཅིག་རྒྱ་གར་ཧི་མ་ལ་ཡའི་རི་རྒྱུད་ས་ཁུལ་ཁག་ཏུ་ལམ་བཟོ་བྱེད་པར་བཏང་གནང་བའི་ཁོངས་སུ་ཀུ་ལུ་མ་ན་ལི་ཁུལ་དུ་ཕྱི་ལོ་ ༡༩༦༡ ནས་ ༡༩༦༢ བར་འགོ་འཛུགས་ཀྱི་མི་གྲངས་སུམ་ཁྲི་ཙམ་འབྱོར་འདུག དེ་ཡང་ལམ་བཟོ་བྱེད་ཡུལ་གྱི་ས་ཆ་ནི་དབྱར་དུས་རོ་ཐང༌། གྷོ་ལ་སྦ། ཆ་ལི་ཐང༌། ས་སུར། སྦ་ར་སྒྲོན་མེ། ཆེ་ཀྲ་ཀྲོན་ནེ། ཆ་རྡུར། ཆོ་ཀྲ་ཟླ་ར། སྦ་ར་ཟླ་ར། སྦ་སྡལ། ཀུན་འཛོམས་ལ། སྤུ་ཏི་ཁར། བློ་གཡར། ཧང་རྩེ་སོགས་དང༌། དགུན་དུས་མ་ན་ལི་དང༌། རྗག་སུ། ཁ་ནར། ཧ་རི་སྤར། སར་སེ། ན་གྷར། དཀར་ལྗང༌། འདམ་ཟུག མེ་ལེ་བཅོ་བརྒྱད། མེ་ལེ་བཅུ་བདུན། སྤ་ཀུལ། ཀུ་ལུ། སྦུན་ཏར། ཨོ་འོ་ཊོ། སྤོན་ཊོར། མན་རྡི་བཅས་ཡིན་འདུག

 དེའི་སྐབས་ཀྱི་ལས་གླ་སྐྱེས་པ་ཕོ་ལ་ཉིན་རེར་སྤར་ཆ་གནང་སྟེ་ཧིན་སྒོར ༡ དང་པད་ ༢༥ གནང་བ་དང་བུད་མེད་ལ་པད ༢༧ སྤྲད་འདུག ༡༩༦༨ ཙམ་ནས་ལས་གླ་ཅུང་ཙམ་སྤར་ཏེ་སྐྱེས་པ་ཕོ་མོ་ཁྱད་མེད་ལ་ཧིན་སྒོར་ ༣ དང་པད ༢༥ སྤྲད། ཕྱི་ལོ་༡༩༦༥ ལོར་བཞུགས་སྒར་དུ་རྒྱ་གར་གཞུང་གི་སྐུ་ཚབ་མ་ལིག་དང༌། སུ་སན་ཌན་ཌི་ཡིན་ཅི་ནས་ཡར་ཀ་སྤུ། ནང་སྲིད་བཀའ་བློན་དབང་འདུས་རྡོ་རྗེ་བཅས་ཀྱི་བོད་མིའི་དཀའ་ངལ་སྤྱི་དང༌། སྒྲིག་འཛུགས་སྐོར་སོགས་ལ་ལྷན་གྲོས་ཤིག་གནང་སྟེ་ཚོ་ཁག་རེར་ཉུང་མཐར་མི་གྲངས་༡༢༥རེ་བཟོས་ཏེ་ཡུལ་དུས་ལ་གཞིགས་པའི་གླ་ཆ་དང་ལམ་སྤྱི་དང༌། འགོ་པ་སྐད་བསྒྱུར་སོགས་དཔྱད་གཞི་གཏན་འབེབས་གནང་བའི་གྲོས་ཆོད་འཇོག་གནང་མཛད་པ་རེད།

གོང་གསལ་ཚོ་ཁག་སྤྱི་ཡོངས་ལ་ལྟ་རྟོག་བཀོད་འདོམས་དང༌། ས་གནས་དཔོན་རིགས་ཁག་ལ་འབྲེལ་མཐུན་བྱེད་མི་ལམ་སྤྱི་གཉིས་འཛུགས་འཇོག་གནང༌། འགོ་པ་དང་བརྒྱ་དཔོན་དེ་བཞིན་སྐད་བསྒྱུར་རེ་ཡོད་པའི་ཚོ་ཁག་སུམ་ཅུ་ཐམ་པར་མི་གྲངས་ཆ་སྙོམས་བྱས་པ་རེད། ལས་ཀ་ལས་ས་ནི་རྫོང་ཁག་གསུམ་ཁུལ་ལམ་བཟོ་བྱེད་ཡུལ་ས་ཚད་མཐོ་ལ་དགུན་དུས་གངས་ཞོད་ཁོ་ནས་ལས་ཡུལ་མེད་པ་དང༌། མ་ནང་ལི་ནས་མལ་ལེ་ ༢༥༠ སྐོར་འགྲོ་དགོས་པ་དང༌། ཐོག་མར་རྟ་དྲེལ་ལས་མི་ཐར་ཀྱང་རིམ་པས་ལམ་བཟོས་ཏེ་འཁོར་ལོ་ཆེ་ཆུང་བདེ་འགྲོད་ཐུབ་པ་བཟོས་ཡོད་འདུག

༡། སྡོད་གནས་སྐོར། བོད་མི་ལམ་བཟོ་བ་རྣམས་ལ་ཐོག་མར་སྡོད་གུར་གང་འཚམ་སྤྲད་པ་དེའི་ནང་བསྡད་པ་ལས་སྡོད་གནས་ཁང་པ་གཏན་ནས་མེད་ཅིང༌། ལོ་མང་རིང་ཆར་རླུང་ཁ་བ་སོགས་ཀྱི་རྐྱེན་གྱིས་གུར་རལ་ནས་དཀའ་ངལ་ཆེན་པོ་བྱུང་སྟེ་ནང་སྲིད་ལས་ཁུངས་ཀྱིས་དབུས་སྐྱོབ་གསོ་དང༌། རྒྱལ་སྤྱིའི་རོགས་ཚོགས་སྐུ་ཞབས་སྦུ་རུ་ཝར་ལ་ལམ་བཟོར་གནས་པའི་དཀའ་ངལ་ཅན་དག་ལ་གུར་གྲངས་ ༡༥༠༠ དགོས་པའི་རེ་འདུན་ཞུས་ཏེ་ ༡༩༦༦ ལོར་སྐུ་ཞབས་སྦུ་རུ་ཝར་ལམ་ལས་སུ་གཟིགས་བསྐོར་ལ་ཕེབས་ཏེ་དཀའ་ངལ་དངོས་ཡོད་ཤེས་རྟོགས་བྱུང་བར་བརྟེན། ས་གནས་གང་སར་ལམ་བཟོ་གནང་བའི་བོད་མི་སྤྱིར་ཇ་གཡབ་རང་འགྲིག་གུར་གྲངས་ ༧༥༠ དབུས་སྐྱོབ་གསོ་བརྒྱུད་རོགས་རམ་གནང་སོན་བྱུང་བ་ལས་ལམ་བཟོ་བ་དཀའ་ངལ་དངོས་ཡོད་ཅན་ལ་སྡོད་གུར་གྲངས་ ༥༠༥ འགྲེམ་སྤྲོད་གནང་ཡོད།

༢། སྐྱོབ་གསོའི་སྐོར། ཕྱི་ལོ་ ༡༩༦༠ ནས་ ༡༩༦༣ བར་དབུས་སྐྱོབ་གསོ་ཡིས་ས་གནས་སོ་སོའི་ཊི་སི་བརྒྱུད་ཤ་ཀྲིང་དང༌། ཕྱུར་བ། འབྲས། གྲོ་ཞིབ། སྣུམ། གྲོ་རིལ། གྲོ་ཆག  འོ་རྩམ། སྟོབས་རྒྱས་སྨན་སོགས་འབོར་ཆེན་གནང་བ་དང༌། ལོ་རེ་གོས་ཕོགས་ཐེངས་རེ་བཅས་གནང་བཞིན་ཡོད་ཅིང༌། གང་འཚམ་རྗེས་ནས་སྐྱོབ་གསོ་ཁག་རིམ་གྱིས་ཕྱིར་འཐེན་བྱས་ནས་ལོ་རེར་གོས་ཕོགས་ཐེངས་རེ་དང༌། ལས་རྩོལ་མི་ཐུབ་པའི་རྒན་བྱིས་མི་གྲངས་ ༨༠ལ་འཚོ་སྣོན་གྲོ་དང༌། གྲོ་ཆག་ཕྲན་བུ་ལས་དེ་བྱིངས་ལ་སྐྱོབ་གསོ་མེད། ༣། སྨན་བཅོས་སྐོར། ཕྱི་ལོ་ ༡༩༦༢ ལོར་ཨ་རིའི་རོགས་ཚོགས་ཤིག་གིས་བསྐོར་བསྐྱོད་སྨན་པ་སྡོད་སྒར་ཁག་ནང་ནད་པར་བརྟག་དཔྱད་བྱེད་པར་བཏང་བས་ཕན་ཐོགས་ཆེན་པོ་བྱུང༌། དེ་མཚུངས་མ་ནང་ལི་ཡེ་ཤུའི་སྨན་ཁང་དང༌། མན་ཊི་སྨན་ཁང་གིས་རིན་མེད་སྨན་བཅོས་གང་ལེགས་གནང༌། དེའི་རྗེས་དབུས་སྐྱོབ་གསོའི་སྨན་བཅོས་ཚོགས་ཆུང་ནས་གུར་གྱི་སྨན་ཁག་ཞིག་འཛུགས་སྐྲུན་བྱས་པ་དེས་ཀྱང་སྤྱི་ཡོངས་ལ་ཕན་ཐོགས་ཇི་ཆེ་བྱུང༌།

༤། ལས་རྩོལ་སྐོར། ཀུ་ལུ་དང༌། ཀང་ར། མན་ཊི་བཅས་པའི་ཁུལ་དང༌། ཀེ་ལང་རྫོང་ཁོངས་ཀྱི་ལ་ཧེལ་སེ་སྤེར་ཏི་སོགས་རི་བརྒྱུད་ས་ཁུལ་ཁག་ལ་འཁོར་ལམ་གསར་བཟོ་བྱེད་སྐབས། རི་སྣ་རྐེད་བཅད་དང༌། ཟམ་པ་གསར་འཛུགས། ལམ་རྙིང་རྒྱ་བསྐྱེད་དང་ཉམས་གསོ། དེ་བཞིན་རྩིག་པ་གསར་རྒྱག་སོགས་བྱས་ཏེ་དཀའ་ངལ་ཆེན་པོ་མྱངས་ཡོད་པ་རེད། དཔེར་ན་ ༡༩༦༡ ཕན་ཀུ་ལུ་ཁུལ་དུ་གཞུང་ལམ་གཅིག་ལས་མེད་པ་དང༌། ལུང་ཀྱོག་གཡས་གཡོན་གང་སར་རྟ་ལམ་མ་གཏོགས་འཁོར་ལོའི་འགྲིམ་འགྲུལ་བྱ་ཡུལ་རྩ་བ་ནས་མེད་པ་ཞིག་ལ་ཕྱིས་སུ་མན་ཊིའི་ས་ཁུལ་ཡས་མས་གང་ས་དང༌། ཀུ་ལུ་མ་ནང་ལི་ནས་རྨ་རི་ལ་བརྒྱུད་ལ་ཧོལ། ཀེ་ལང༌། ག་ཞ། སྤིར་ཏི་སོགས་ཤིན་ཏུ་ས་མཐོ་གྲང་ཟུག་ཆེ་བའི་ས་ཁུལ་གང་སར་འཁོར་ལོ་ཤར་བགྲོད་བྱེད་ཐུབ་པ་བཟོས་ཡོད།

༥། ལམ་བཟོའི་གནས་སྟངས་ཀྱི་འགྱུར་བ། ཕྱི་ལོ་༡༩༧༥དང༌། ༡༩༧༦ཙམ་ནས་རང་གཞུང་གི་དགོངས་གཞི་ལྟར་མི་མང་རྣམས་རིམ་བཞིན་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་གཏན་འཇགས་གཏོང་གནང་མཛད་པ་དེ་ནས་ལམ་བཟོའི་ལས་གཞི་མཇིག་སྒྲིལ་འདུག སྐབ་དེར་གཞིས་ཆགས་ཁག་ཏུ་གནས་སྤོས་བྱ་རྒྱུར་གོ་སྐབས་མ་ཐོབ་པ་དང་འདོད་མོས་མི་རིགས་མི་མང་༡༠༠ཡས་མས་ཞིག་བྱུང་ཡོད། ཕྱི་ལོ་༡༩༨༡ལོ་ནས་ཀུ་ལུ་མ་ན་ལིར་རང་གཞུང་སྐུ་ཚབ་ས་གནས་འགོ་འཛིན་ལས་ཁུངས་དོས་སུ་ཚུགས་ཐུབ་པ་བྱུང་ནས་ད་བར་ཁྱབ་ཁོངས་ས་གནས་མ་ན་ལི་དང༌། མལ་ལི་༡༥། པ་ཏི་ཀུ་ལ། དཔལ་རབ་གླིང༌། ཀུ་ལུ། སྦུན་ཊརབཅས་སུ་གནས་འཁོད་རང་རིགས་རྣམས་ཀྱི་བདེ་སྡུག་ལ་བལྟ་སྐྱོངས་གནང་དང་གནང་མུས་ཡིན། ད་ལྟའི་ཆར་ཀུ་ལུ་མ་ན་ལི་ཁུལ་རང་ཁོངས་མི་གྲངས་༡༤༡༥དང༌། ཁྱབ་ཁོངས་དགོན་སྡེའི་ནང་བཞུགས་བོད་རིགས་གྲྭ་བཙུན་གྲངས་༨༦ཕྱི་ཁག་ནས་ཚོང་འཁོས་ཆེད་འབྱོར་བའི་མི་གྲངས་༢༥༡བཅས་ཁྱོན་བསྡོམས་མི་གྲངས་༡༧༥༢ཡོད། ཀུ་ལུ་མ་ན་ལི་ས་གནས་འདི་ནི་རྒྱ་མཚོ་ནས་མཐོ་ཚད་མི་ཀྲར་༡༩༢༦ཡོད་པ་དང༌། དབྱར་དུས་ཚ་ཚད་སན་ཊི་གྷར་༢༥ཡིན་ཞིང་དབུན་དུས་གྲངས་ཚད་སན་ཊི་གྷར་༡༤ཡིན་འདུག

༡།༢ ཁྱབ་ཁོངས་ས་གནས་སོ་སོའི་གནས་སྟངས་སྐོར།  མ་ན་ལི། ལམ་བཟོའི་ལས་དོན་མཇུག་སྒྲིལ་རྗེས་གཞིས་ཆགས་ལ་འགྲོ་བསྐྱོད་མ་ཐུབ་པའི་མི་མང་དག་ཅིག་མ་ན་ལིར་འཚོ་བ་རང་སྐྱོང་བྱས་ཏེ་བསྡད་ཡོད། ཕྱི་ལོ།༡༩༧༧ལོར་མ་ན་ལི་བོད་མི་གནས་སྡོད་བྱེད་སར་མེ་སྐྱོན་བྱུང་སྟེ་དཀའ་ངལ་ཤུགས་ཆེན་འཕྲད་པར་བརྟེན་ས་གནས་རྒྱ་གར་འབྲེལ་ཡོད་ལས་འཁུངས་ཀྱིས་དགོངས་པ་ཆེ་ཞེས་གནང་སྟེ། ད་ལྟའི་ས་གནས་མ་ཧན། (བདེ་སྐྱིད་གླིང༌།)ཞེས་པའི་ས་ཆར་གནས་སྤོས་གནང་འདུག ས་གནས་དེར་དེང་སང་ཁྱིམ་ཚང༤༧ཡོད། མ་ན་ལིར་གནས་འཁོད་མི་མང་རྣམས་ཀྱི་འཚོ་བའི་བརྟེན་གཞི་གཙོ་བོ་ཚོང་ལས་ཡིན། དེང་མ་ནི་ལི་ས་གནས་རང་དུ་འཚོ་སྡོད་བྱེད་པའི་མི་གྲངས་༩༧༥ཡོད། ས་གནས་རང་ཁོངས་མི་མང་(༧༢༤ རྣམས་བརྒྱ་ཤོག་བཅུ་དང་ཕྱོགས་མཐའ་ཁག་ནས་ཡོང་བའི་མི་མང་(༢༥༡ རྣམས་བརྒྱ་ཤོག་བཞིར་བགོས་ཀྱིས་མ་ན་ལིར་བརྒྱ་ཤོག་༡༤ཡོད། ས་གནས་སུ་འཕྲོད་བསྟན་སྨན་ཁང་གཅིག་དང༌། རང་གཞུང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གཅིག་བཅས་ཡོད།

༢། མེ་ལི་ ༡༥། མེ་ལི༡༥་ས་གནས་ཁྱིམ་ཚང་༡༨དང་མི་འབོར་གྲངས་༧༩ཡོད། དེ་ཁོངས་རྒས་གཅོང་ཉམ་ཐག་གྲངས་༡༡འ་ཧྥ་རན་སི་ཨེ་ཨི་ཊི་རོགས་ཚོགས་དང་ཨ་རི་ཕན་བདེ་ཚོགས་པ་བཅས་ཀྱི་རོགས་སྐྱོར་འོག་དུས་གསུམ་གྱིས་ཞལ་ལག་ནར་གཏོང་གནང་བཞིན་ཡོད། ས་གནས་སུ་འཕྲོད་བསྟན་སྨན་ཁང་གཅིག་རང་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་རོགས་སྐྱོར་འོག་ཕྱི་ལོ་༡༩༨༨ལོར་བཙུགས་ཐུབ་བྱུང་ཡོད། ༣། པ་ཏི་ཀུ་ལ། ས་གནས་དིར་ཐོག་མར་ཁྱིམ་ཚང་༡༡ཡོད་པར་རིམ་བཞིན་གྲངས་འབོར་འཕར་ཏེ། དེང་སང་ས་གནས་འདིར་ཀྱིམ་ཚང་༤༡དང༌། མི་གྲངས་༡༨༨ཡོད། མི་མང་གི་འཚོ་རྟེན་གཙོ་བོ་ཚོང་ལས་ཡིན། མེ་ལི་༡༤ནང་ཡོད་པའི་འཕྲོད་ལས་པ་བདུན་ཕྲག་གཅིག་ནང་ཐེངས་གཅིག་སྨན་བཅོས་ཆེད་བསྐོར་བསྐྱོད་བྱེད་བཞིན་ཡོད། ས་གནས་དེར་མི་མང་འདུ་འཛོམས་གནང་ཡུལ་སྤྱི་ཁང་ཆུང་ངུ་གཅིག་ཨེ་ཨི་ཊི་རོགས་ཚོགས་དང་ནང་སྲིད་ལས་ཁུངས་ཀྱི་མཐུན་འགྱུར་རོགས་སྐྱོར་འོག་གེསར་རྒྱག་གནང་ཡོད།

༤། རྡོ་སྦི་དཔལ་རབ་གླིང་གཞིས་ཆགས། དཔལ་རབ་གླིང་གཞིས་ཆགས་འདི་ནི་ཀུ་ལུ་མ་ན་ལི་ཁུལ་གནས་སྡོད་རང་རིགས་མི་མང་གཞིས་ཆགས་ཀྱི་ཐོབ་སྐལ་མེད་པ་རྣམས་ཀྱི་དཀའ་སེལ་སླད་གསར་འཛུགས་གནང་བ་ཞིག་ཡིན། དེ་ཡང་གཞིས་ཆགས་ཀྱི་ལས་གཞི་ཕྱི་ལོ། ༡༩༩༢འགོ་འཛུགས་གནང་སྟེ་ཕྱི་ལོ། ༡༩༩༨ལོར་མཇུག་སྒྲིལ་གྱི་ཁྱིམ་ཚང་༡༢༠ལ་གཞིས་ཁང་བགོ་འགྲེམ་བྱས་ཡོད་ཀྱང༌། གཞིས་ཆགས་སུ་འཚོ་བའི་དམིགས་རྟེན་མེད་རྐྱེན་ད་ལྟའི་འཆར་གཏན་འཇགས་གཞིས་སྤོས་བྱས་པ་ཁྱིམ་ཚང་གྲངས་༣༤ལས་མེད།

 རྒྱ་གར་གཞུང་ནས་གཞིས་ཆགས་ཆགས་ཡུལ་ས་ཆ་སྦིག་ག་༢༥མཐུན་འགྱུར་རོགས་རམ་གནང་ཡོད་པ་དང་རྗེ་སུ་བྱིས་གསོ་ཁང་དང༌། ལས་ཤག གཞུང་ལམ་བཅས་གསར་རྒྱག་ཆེད་རང་གཞུང་ནས་ས་ཆ་སྦི་ག་༡༠དང༌། བྷི་སུ་ཝ་༦གསར་ཉོ་བྱ་རྒྱུའི་མཐུན་འགྱུར་རོགས་སྐྱོར་གནང་སྟེ་ད་ལྟའི་འཆར་ཁྱོན་བསྡོམས་ས་ཆ་སྦི་ག་༣༥དང༌། བྷི་སུ་ཝ་༡ཡོད། གཞིས་ཆགས་མི་མང་གི་དད་རྟེན་ཆེད་ལྷ་ཁང་གཅིག་ཕྱི་ལོ་༢༠༠༨ལོར་གསར་བཞེངས་བྱས་ཡོད། མེ་ལི་༡༥འཕྲོད་ལས་པ་གཞིས་ཆགས་སུ་བདུན་ཕྲག་གཅིག་ནང་ཐེངས་གཉིས་སྨན་བཅོས་ཆེད་བསྐོར་བསྐྱོད་བྱེད་བཞིན་ཡོད།

༥། ཀུ་ལུ། གཞིས་ཆགས་ཁག་ལ་འགྲོ་བསྐྱོད་མི་ཐུབ་པའམ་འགྲོ་རྒྱུའི་གོ་སྐབས་མ་རགས་པའི་རང་རིགས་གྲངས་༡༠༠ལྷག་ཙམ་འཚོ་བ་རང་སྐྱོང་བྱས་ནས་བསྡད་ཡོད་པ། ཕྱི་ལོ་༡༩༧༥ལོ་ནས་ས་སྦ་རེ་ཞེས་པའི་ས་ཆར་མཉམ་སྡོད་བྱེད་འགོ་ཚུགས་འདུག དེ་རྗེས་༡༩༨༢ལོར་དེང་སྐབས་གནས་སྡོད་བྱེད་ཡུལ་ཧ་ནུ་མན་སྦག་ཅེས་པའི་ས་ཆར་གནས་སྤོ་བྱས་འདུག དེང་སྐབས་ཀུ་ལུར་ཁྱིམ་ཚང་༧༧དང་མི་གྲངས་༣༥༤ཡོད། ས་གནས་སུ་མ་ཎི་ལྷ་ཁང་གཅིག་དང༌། འཛིན་གྲྭ་གཉིས་པ་བར་ཉིན་སློབ་གཅིག སྤྱི་ཁང་གཅིག འཕྲོད་བསྟེན་སྨན་ཁང་གཅིག་བཅས་ཡོད།

༥ ནང་སྲིད་ལས་ཁུངས་ཀྱི་ངོས་ནས་གཞིས་ཆགས་ཁག་ནང་ལ་འགན་འཁུར་ཕྱོགས་ཀྱི་ཐད་ལ་ལག་བསྟར་གང་གནང་ཡོད་དམ། ལག་བསྟར་གནང་བའི་ནང་གྲུབ་འབྲས་གང་དང་གང་ཐོན་ཡོད་དམ། 

ལན། གྲུབ་འབྲས་ཐོན་པ་པ་དེ་ཐོན་པ་རང་རེད། འོན་ཀྱང་གྲུབ་འབྲས་མ་ཐོན་པ་ངོ་སྤྲོད་ཞིག་བྱས་ན། བྱེད་མ་ཐུབ་པ་ཆེ་ཤོས་གཅིག་ག་རེ་ཡོད་རེད་ཞུས་ན་འབྲུག་དང་བལ་ཡུལ་གཉིས་ནང་ང་ཚོས་རེ་བ་ཡོད་པ་ནང་བཞིན་བྱས་ནས། སེམས་ནས་དྲན་ཡང་ལུས་ནས་སྙོབ་མ་ཐུབ་པར། གནས་སྟངས་མང་པོ་ཞིག་གི་འོག་ནས་ས་གནས་ཀྱི་ལས་ཀ་བྱེད་ཕྱོགས་ཀྱི་ཐད་ལ་ང་རང་ཚོས་རྒྱབ་སྐྱོར་བྱས་ཏེ་ནུས་པ་ལྡན་པ་ཞིག་བྱེད་ཐུབ་མ་སོང་བསམ་པ་ཞིག་དྲན་ཀྱི་ཡོད།

༦ སྐུ་ངོ་ཁྱེད་རང་ནང་སྲིད་བཀའ་བློན་གནང་བའི་རིང་དམིགས་བསལ་གྲུབ་འབྲས་ཆེ་བ་གང་དང་གང་བྱུང་ཡོད་དམ། དེའི་སྐོར་ལ་གཅིག་ནས་ལྔ་ཡང་ན་བཅུ་བར་གསུང་རོགས་གནང༌། ལན། རྩ་བའི་ནང་སྲིད་ལས་ཁུངས་ནི་གཞི་རྒྱ་ཆེ་བས་ལས་དོན་འབུར་དུ་ཐོན་རྒྱུ་དང་མཐོང་རྒྱུ་ཁག་པོ་ཡོད། དྲན་པའི་གནས་ཚུལ་རེ་ཟུང་ཞུས་ན། ༡༽༢༠༡༤ ཟླ་༦ ཚེས་༧ ནས་ ྋརྒྱལ་བའི་སྐུའི་འཁྲུངས་སྐར་ཉིན་ནས་སྐུ་དྲིན་རྗེས་དྲན་མཚོན་བྱེད་ཉིན་གྲངས་འགའ་ཤས་ཤིག་གིས་བོད་མིའི་ལག་ཤེས་དང་རིག་གནས་སོགས་ཀྱི་དུས་སྟོན་རྒྱས་པ་ཞིག་ཀར་ན་ཀྲ་ཀའི་མངའ་སྡེའི་རོགས་འདེགས་འོག་སྦེང་ལོར་ལ་ཚུགས་ཐུབ་པ་བྱུང་ཡོད། ༢༽ ༢༠༡༤  ཟླ་༡༠  ཚེས་༢༠  ཉིན་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས། ༢༠༡༤ ཞེས་པ་རྒྱུན་རིང་ནས་འབད་བརྩོན་ཞུས་པ་ཞིག་རྒྱ་གར་གཞུང་ནས་གཏན་འབེབས་དང་སྦྲགས་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ངོ་སྤྲོད་ཟབ་སྦྱོང་བཅས་པ་བྱུང་ཐུབ་ཡོད། ༣༽ ༢༠༡༤  ཟླ་༡༢ ཚེས་༡༠ ཉིན་ནས་ཉིན་འགའ་ཤས་རིང་རྒྱ་གར་རྒྱལ་ས་དི་ལླི་ལ་ྋརྒྱལ་བའི་སྐུ་དྲིན་རྗེས་དྲན་སྲུང་རྩིས་དུས་སྟོན་རྒྱས་པ་ཞིག་ཚུགས་ཐུབ་པ་བྱུང་ཡོད།
 
༤༽༢༠༡༤ནས་འགོ་བཙུགས་ནས་རྒྱ་གར་གཞུང་ནས་དབུས་བོད་མིའི་ངལ་སེལ་ཚོགས་པར་རྒྱུན་གྲོན་འབོད་བསྐུལ་ཞུས་པ་ལྟར་ཞལ་བཞེས་སོན་པ་བྱུང་ཡོད། ༥༽ གོང་འཁོད་སྲིད་བྱུས་བརྒྱུད་བོད་མི་སོའི་སྨན་པ་རྣམས་མི་ལོ་༥༥ ཙམ་ངོ་བཞེས་དེབ་འགོད་མ་ཐུབ་པ་དེ་ཐུབ་པ་བཟོས་ཡོད།  ༦༽ རྒྱ་གར་རྒྱལ་ཡོངས་བོད་མི་ན་གཞོན་མང་པོ་ཞིགས་རྒྱ་གར་དང་རྒྱལ་སྤྱིའི་ཚོང་སྡེ་དང་ཚོགས་ཁག་ནང་ལས་ཀ་བྱེད་རྒྱུར་ཡིག་ཆའི་དཀའ་ངལ་མང་པོ་ཡོད་པ་རྣམས་རྒྱ་གར་གཞུང་ལྷན་གོ་བསྡུར་ཐོག་དཀའ་སེལ་ཐུབ་པ་བྱུང་ཡོད། ༧༽ ལ་དགས་བྱང་ཐང་བྲོག་པ་རྣམས་ཀྱི་དཀའ་ངལ་ཇི་ཡོད་རྒྱ་གར་གཞུང་ལ་ཞུས་ཏེ་དངུལ་དངོས་སོགས་ཀྱི་རོགས་ཕན་རྒྱ་ཆེ་ཞུས་ཐུབ་བྱུང་ཡོད། ༨༽ ཧི་མ་ཅལ་རྡ་ས་ཁུལ་ས་ཆའི་ཁྲིམས་ཐོག་རྙོག་ཁྲ་ཆེན་པོ་ཡོད་པ་རྣམས་དཀའ་སེལ་ཐུབ་པ་བྱུང་ཡོད། ༩༽ ཧི་མ་ཅལ་ཁོངས་སུ་ཡོད་པའི་བོད་མི་རྣམས་ལ་ཟ་ཆས་ཐོབ་རྒྱུའི་དཀའ་སེལ་ཐུབ་པ་བྱུང་ཡོད།འདི་རྣམས་དྲན་ཚོད་ཙམ་ཡིན།

༧ལོ་སྔོན་མིའི་ནང་རྒྱ་གར་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་བཙན་བྱོལ་ནང་ལ་ཡོད་པའི་བོད་པའི་གནས་སྟངས་ཀྱི་ཐད་ལ་ཡར་རྒྱས་གཏོང་ཐབས་སྐོར་གྱི་སྲིད་བྱུས་ཤིག་གཏན་འབེབས་གནང་པ་དེའི་ཐད་ཀྱི་གནད་དོན་གལ་གནད་ཆེ་བ་ཁག་ངོ་སྤྲོད་གནང་རོགས།

ལན། རྒྱ་གར་གཞུང་བཀའ་དྲིན་ཆེན་པོ་རེད། གཞི་རྩའི་ང་ཚོས་ལོ་༥༠ལྷག་ནང་ལ་དབུ་ཁྲིད་བཟང་པོ་༧སྐྱབས་མགོན་རིན་པོ་ཆེའི་འོག་ནས་རྒྱ་གར་གཞུང་མང་གཉིས་དང་མངའ་སྡེ་གཞུང་སོ་སོའི་ཐོག་ནས། ཡིག་ཐོག་རང་ལ་ཁྲིམས་ལུགས་ཀྱི་ངོ་བོའི་ཐོག་ནས་འགྲོ་སྟངས་བྱེད་སྟངས་འདི་ཡིན་ཞིས་མེད་ན་ཡང༌། དོན་གྱི་ཐོག་ནས་བོད་པ་དག་སྐྱབས་བཅོལ་བ་ཡིན་ཟེར་བ་དེ་གསལ་པོ་ཞེ་དྲག་ཡོད་རེད། འོན་ཀྱང་དུས་ཀྱི་འགྱུར་བ་ལ་བལྟ་ཡོང་དུས་རྒྱ་གར་ཁྲིམས་ཁང་རང་གི་ཐོག་ནས་བོད་པ་ལ་བལྟ་སྐྱོང་བྱེད་རྒྱུར། རྒྱ་གར་གཞུང་གིས་སྲིད་བྱུས་གང་འདྲ་ཞིག་ཡོད་པ་དེ་གསལ་པོ་ཤེས་དགོས་ཀྱི་འདུག་ཟེར་ནས་ཁྲིམས་ཁང་རང་གི་ཐོག་ནས་བཀའ་ཕེབས་པ་བྱུང་སོང༌། དེ་བཞིན་རྒྱ་གར་ནང་ལ་བོད་པའི་མི་ཁུངས་ཡིན་པ། སྐྱབས་བཅོལ་བོད་པ་ཡིན་པ། དེ་དག་སྨན་ཞབས་བྱེད་ཆོག་གི་རེད་དམ་མ་རེད་ཟེར་བ། དེ་ག་ནང་བཞིན་ཨོ་རི་སར་གནས་ཚུལ་བྱུང་བ་ནས་བལྟས་ཡོང་དུས་བོག་གཡར་གྱི་ཡིག་ཆ་དེ་དག་ཚད་ལྡན་བྱེད་ཐུབ་པ། ང་ཚོ་འདི་ལ་རྒྱུན་རིང་པོ་ལྷག་གི་རེད་ཅེས་༡༩༥༩ལོར་༧གོང་ས་མཆོག་གིས་བཀའ་གནང་ཡོད་པ་རེད།

དེ་བཞིན་རེ་བ་བཟང་ས་ནས་བརྒྱབ། གྲྭ་སྒྲིག་སྡུག་ས་ནས་བྱེད་ཅེས་གསུངས་པ་ནང་བཞིན། ང་ཚོ་སོ་སོའི་ལུང་པ་ལ་གང་མགྱོགས་ལོག་ཐུབ་པའི་ཆེད་དུ་ལས་ཀ་བྱེད་དགོས་ཀྱི་རེད། འོན་ཀྱང་རྒྱུན་རིང་ཙམ་ལྷག་པའི་གནས་སྟངས་ལ་བལྟས་པ་ཡིན་ན་གྲྭ་སྒྲིག་སྡུག་ས་ནས་བྱེད་དགོས་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་གཞུང་ནས་བོད་པ་ལ་གཟིགས་ཕྱོགས་ཡག་པོ་ཡོད་པའི་དུས་ཚོད་དེའི་ཐོག་ནས། ང་ཚོས་ཡིག་ཐོག་ནས་གསལ་པོ་ཡོང་ཐུབ་པའི་སྲིད་བྱུས་ཤིག་དང༌། དཔེར་ན་ང་ཚོས་ཧི་མ་ཅཱལ་གཅིག་པུ་ལ་ཆ་བཞག་ན་ཡང་ས་ཁང་དང་འབྲེལ་བའི་ཐོག་ནས་དཀའ་ངལ་མང་པོ་ཞིག་ཡོང་གི་འདུག སྐྱོ་བོ་ཞིག་ལ་ཆེན་པོ་རེད་བཟའ་འབྲུའི་ལག་འཁྱེར་ཞིག་ཡིན་ཡང་རྒྱ་གར་ཡུལ་མི་ཞིག་ལ་ཐོབ་པ་དང་ང་ཚོ་ལ་ཐོབ་པའི་དབར་ལ་བར་ཐག་ཡོད་པ་བཅས། དེ་ཚོ་ཚང་མ་སྤྱི་ཡོངས་ཀྱིས་གསལ་པོ་ཡོང་དགོས་ཀྱི་འདུག་ཟེར་བ་དེ་དང༌། རྒྱ་གར་གཞུང་གིས་གནང་བཞག་པའི་གཞིས་ཆགས་ཀྱི་ས་ཆ་དེ་དག་ཚང་མ་ཚད་ལྡན་ཁྲིམས་མཐུན་གྱི་ཐོག་ནས་བོག་གཡར་ཡིག་ཆ་བཞག་ཕྱོགས་གང་འདྲ་བྱེད་དགོས་ཀྱི་ཡོད་མེད་དེ་དག་ཁ་གསལ་པོ་ཞིག་སྲིད་བྱུས་དེའི་དགོངས་དོན་ལ་ཕེབས་ཡོད་རེད།

 རྒྱ་གར་དབུས་གཞུང་ནས་མི་མང་གི་བདེ་སྡུག་ལ་གཟིགས་ནས་སྤྱི་ཚོགས་དང་འབྲེལ་བའི་ལས་གཞི་ཁག་ཡོངས་རྫོགས་ལ་རྒྱ་གར་ཡུལ་མི་གཅིག་མཚུངས་ཀྱིས་བོད་མི་RCཡོད་པ་ཡིན་ན་སྐྱབས་བཅོལ་བ་ཡིན་པའི་ཐོབ་ཐང་ཡོད་པ། བོད་པ་རྒྱ་གར་ནང་ཚོང་བརྒྱབ་ཆོག་གི་ཡོད། འཚོ་བ་བསྐྱལ་ཆོག་གི་ཡོད་ཟེར་བ་དེ་ཁ་གསལ་པོ་ཡོངས་དགོས་པ་གལ་ཆེན་ཆགས་ཡོད་པ་རེད། ནམ་རྒྱུན་ང་ཚོས་ཚོང་བརྒྱབ་སྐབས་འགྲོ་ལུགས་གཉེར་སྟངས་དེ་ལ་ཡིག་ཐོག་ཀྱི་licenceདགོས་ཀྱི་མེད་དུས་དཀའ་ངལ་དེ་འཕྲད་ཀྱི་ཡོད་མ་རེད། ཚོང་ཁ་ཤས་ཤིག་ལ་Trade licenceཡོད་རེད། ཚོང་མ་བརྒྱབ་གོང་ནས་licenceཞུ་དགོས་ཀྱི་ཡོད་རེད། རྒྱ་གར་གཞུང་རང་ཡིན་ན་རྒྱལ་སྤྱིའི་སྐྱབས་བཅོལ་བའི་ཁྲིམས་འཆར་ལ་མཚན་རྟགས་འཁོད་མེད་པའི་རྒྱལ་ཁབ་ཞིག་རེད།

རྒྱ་གར་གྱི་ཁྲིམས་ལུགས་ག་པར་གཟིགས་ན་ཡང་རྒྱ་གར་མི་དང་ཕྱི་མི་བཤད་ཀྱི་རེད་མ་གཏོགས། རྒྱ་གར་མི་དང་སྐྱབས་བཅོལ་བའི་ཕྱི་རྒྱལ་མི་ཟེར་ནས་སྐྱབས་བཅོལ་བ་དེ་ལོག་སུ་ཡིན་པའི་གནས་འབབས་དེ་གསལ་པོ་ཡིན་པ་གང་ཡང་ཡོད་མ་རེད། དེ་ཚོ་གསལ་པོ་ཡོང་ཐུབ་པ་བྱེད་རྒྱུ་དེ་གལ་ཆེན་པོ་ཆགས་པ་རེད། དེའི་འཇུག་སྣོན་གྱིས་མངའ་སྡེ་གཞུང་ཡིན་ཡང་རེད། ཧི་མ་བཅལ་མངའ་སྡེའི་གཞུང་ནས་བོད་པ་ལ་བལྟ་སྐྱོངས་བྱེད་རྒྱུའི་སྲིད་བྱུས་གཏན་འབེབས་བྱས་པ་དེ་ག་ནང་བཞིན་མངའ་སྡེ་གཞུང་སོ་སོ་ནས་གནང་ཡོང་གི་འདུག ལ་དྭགས་ཁུལ་དུ་རྒྱ་གར་གྱི་ཡུལ་མི་དང་གཅིག་མཚུངས་བྱས་ནས་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་རང་ནས་འཆར་གཞི་བཟོས་པའི་ནང་ལ་ང་ཚོའི་མི་མང་རྣམས་མཉམ་དུ་ཚུད་ཐུབ་པ་ཞིག་ཡིན་པ་བཅས་མདོར་སྡུས་ཙམ་བཤད་ན་དེ་ཚོ་རེད།

༨ སྲིད་ཇུས་དེ་ལ་བརྟེན་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་མི་མང་རྣམས་ལ་སྔོན་དང་མི་འདྲ་བའི་ཕན་ཐོག་དང་ཐོབ་ཐང་ག་རེ་ཡོད་དམ།

ལན། ཁེ་ཕན་ཆེ་ཤོས་དེ་ག་རེ་ཆགས་ཀྱི་ཡོད་རེད་དམ་ཞུས་ན། ང་ཚོ་ལ་གཞིས་ཆགས་ཡོད་པ་དེ་མང་ཆེ་བ་སོ་ནམ་གཞིས་ཆགས་རེད། ཐོག་མའི་བཀོད་ཁྱབ་ལྟར་གན་རྒྱའི་ཡིག་ཆ་ནང་ལ་ས་ཆ་དེ་སོ་ནམ་པ་རང་གི་ཆེད་དུ་མ་གཏོགས་བེད་སྤྱོད་བཏང་ཆོག་གི་མེད་པ་དེ་གསལ་པོ་ཞེ་དྲག་རེད། འོན་ཀྱང་སྲིད་ཇུས་དེའི་ཐོག་ནས་ས་ཆ་བེད་སྤྱོད་གཏོང་རྒྱུ་དེ་ལ་འགྱུར་བ་ཆེན་པོ་ཕྱིན་པ་རེད། དཔེར་ན་རྒྱ་གར་ཁོ་རང་ཚོའི་ནང་ལ་ས་ཆ་བེད་སྤྱོད་གཏོང་ཡག་དེ་གལ་ཆེན་པོ་བརྩི་ཡི་རེད། དཔེར་ན། ས་ཆ་དེ་སྤྱི་ཡི་རེད་དམ། གནས་བསྡོད་བྱེད་ས་རེད། ་ཚོང་ཁང་བརྒྱབ་ས་དང་སྡོད་ཁང་བརྒྱབ་ཆོག་གི་ཡོད་མེད་བཅས་ས་ཆ་དེ་བེད་སྤྱོད་གཏོང་ཕྱོགས་གང་འདྲ་ཡིན་མིན་བལྟ་དགོས་པ་དེ་གལ་ཆེན་པོ་རེད།

དེར་བརྟེན་ས་ཆ་བེད་སྤྱོད་གཏོང་ཕྱོགས་དེ་སོ་ནམ་ཙམ་མ་ཡིན་པར་རིག་གཞུང་གི་ཐོག་ནས། ཆོས་ཕྱོགས་ཀྱི་ཐོག་ནས། དེ་བཞིན་རང་ཉིད་འཚོ་བརྟེན་ཀྱི་ཆེད་དུ་བྱ་བ་སྒྲུབ་རྒྱུར་གང་འདྲ་བྱས་ནས་བེད་སྤྱོད་བཏང་ན་ཡང་HH the Dailai lama Central Tibetan Relief Committee ཡི་ཐག་གཅོད་བྱེད་ཆོག་གི་ཡོད་ཟེར་བ་དེ་མི་མང་ལ་ཐད་ཀར་ཕན་ཐོགས་ཆེ་ཤོས་ཤིག་རེད་ཞུ་རྒྱུ་ཡིན། ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནང་གཞིས་ཆགས་གསར་འཛུགས་གནང་བའི་སྐབས་དེ་ལ། གཞིས་ཆགས་ནང་ལ་མིང་གཞུང་ཡོད་པའི་མི་དེ་འདྲ་ད་ལྟ་ཡོད་མ་རེད།

འདས་གྲོང་ཕྱིན་ནས་མི་ཐོག་གཉིས་པ་དང་གསུམ་པ་སླེབས་ཡོད་སྲིད་པ་རེད། ཡང་ཁ་ཤས་ཤིག་ནང་བཤུགས་བྱས་ནས་འགྱུར་བ་ཕྱིན་ཡོད་རེད། འོན་ཀྱང་༡༩༨༦ལོར་ནང་སྲིད་ལས་ཁུངས་ཀྱི་ཐོག་ནས་རྒྱ་གར་དབུས་གཞུང་ལ་མིང་དེ་ཚོ་འགྱུར་བ་གཏོང་ཆོག་པའི་བཀའ་ཁྲོལ་གནང་རོགས་ཞུས་ཡོད་རེད། དེའི་སྐབས་དེ་འགྲིག་གི་མ་རེད་གསུངས་ཡོད་རེད། ད་རེས་འགྱུར་བ་ཆེ་ཤོས་དེ་ལོ་རེ་བཞིན་དུ་མིང་འགྱུར་གང་འདྲ་ཕྱིན་ན་ཡང་དེ་CTRCl བོག་མ་སྤྲད་ཀྱི་ཡོད་དུས། CTRClཡིས་མིང་དེ་དག་ཡར་ཕུལ་དགོས་རེད་ཟེར་དུས་མིང་འགྱུར་བྱེད་ཆོག་པའི་ལམ་ཁ་དེ་གསར་པ་ཆགས་ཡོད་པ་རེད། དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་ས་ཁང་སྒྲིག་གཞི་ལ་བསྐྱར་བཅོས་བྱེད་ཀྱི་རེད། གཅིག་དེ་རྒྱ་གར་གཞུང་གིས་བཀག་གི་ཡོད་རེད།

 གཉིས་པ་དེ་གྲོས་ཚོགས་ཀྱི་གཏན་འབེབ་བྱས་པའི་ས་ཁང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་ཡིན་ཡང་སྔོན་མ་ཡིན་ན་ཁང་པ་བརྒྱབ་ཆོག་གི་ཡོད་མ་རེད། བར་སྐབས་ཤིག་བསྐྱར་བཅོས་བྱས་ནས་གྲོས་ཚོགས་ཁང་པ་མ་བརྒྱབ་ཀ་མེད་བྱུང་ན་བརྒྱབ་ཆོག་གི་ཡོད་ཟེར་ཡོད་རེད། ད་ལྟའི་དེའི་ནང་ལ་སྲིད་བྱུས་དགོངས་དོན་གྱི་ལམ་ཁ་ཕྱེ་ཐུབ་ཡོད་རེད། གསུམ་པ། རྐྱེན་ངན་བྱུང་བའི་སྐབས་ལ་རྒྱ་གར་ཡུལ་མི་ལ་ག་རེ་མཐུན་འགྱུར་གནང་གི་ཡོད་པ་དེ། ང་ཚོ་ལ་གཅིག་མཚུངས་ཡོད་པ་དེ་གསལ་པོ་ཞེ་དྲག་ཆགས་ཡོད་རེད། ངས་བལྟས་ན་དེ་དག་ལོ་ངོ་༥༠ནང་ལ་དངོས་ཡོད་ཀྱི་ཐོག་ནས་གཞིས་ཆགས་འགྱུར་བ་ཕྱིན་ཡོད་ཀྱང་ཁྲིམས་མཐུན་ཆགས་ཡོད་མ་རེད། ད་ལྟ་ཡོད་པ་དེ་དག་ལ་ཁྲིམས་མཐུན་བྱེད་ཐུབ་པ་དེ་རྒྱ་གར་གཞུང་གིས་ང་རང་ཚོ་ལ་དཔེ་མི་སྲིད་པའི་གཟིགས་པ་ཆེན་པོ་གནང་སོང་བསམ་གྱི་ཡོད།

༩ གོང་གི་དྲི་བ་དང་མ་འབྲེལ་བ་གལ་གནད་ཆེ་བའི་དགོངས་འཆར་གང་གསུང་རྒྱུ་ཡོད་དམ།

ལན། དེང་སང་ང་ཚོའི་སྤྱི་ཚོགས་རྒྱབ་བཤད་བྱེད་མཁན་གྱི་སྤྱི་ཚོགས་ཤིག་ཏུ་གྱུར་མི་སྲིད་པ་མིན་ཙང་དེར་ང་རང་བློ་ཚབ་ཡོང་གི་འདུག གཉིས་པ། ངོ་དགའ་སྤྲེལ་ལད་ཀྱི་སྤྱི་ཚོགས་ཆགས་མི་སྲིད་པ་མ་རེད། དེ་ང་རང་གིས་གཙོས་པའི་བོད་མི་ཚང་མས་གཟབ་གཟབ་བྱེད་དགོས་ཀྱི་འདུག ༧གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་ཡ་རབས་བཟང་སྤྱོད་ཀྱི་བཀའ་སློབ་གནང་གི་ཡོད་རེད། དེ་སེམས་ལ་དྲན་དགོས་རེད་བསམ། གང་ཡིན་ཟེར་ན་ཕྱི་ནང་གང་དུ་ཡིན་ཡང་ད་ལྟའི་ང་རང་ཚོའི་བསྡད་སྟངས་དང་བྱེད་སྟངས་དེས་ང་ཚོ་ལ་རྒྱབ་སྐྱོར་ཡོང་དང་མི་ཡོང་ལ་ཁྱད་པར་ཆེན་པོ་བཟོ་ཡི་ཡོད་པ་རེད། དེར་བརྟེན་ཡ་རབ་བཟང་སྤྱོད་དགོས་པ་དེ་གལ་ཆེན་པོ་རེད་འདུག ང་ཚོའི་སྤྱི་ཚོགས་ཡག་པོ་ཆགས་པ་ལ་ངས་ནང་སྲིད་ལས་ཁུངས་ཀྱི་ལས་འགན་འཁུར་ནས་ལས་ཀ་བྱས་ཡོང་དུས། འགྲིག་མི་འགྲིག་ཐོག་རྒྱབ་ལོག་ནས་མང་པོ་བཤད་བཞིན་ཡོད་ཀྱི་རེད། འོན་ཀྱང་ཁ་ཐུག་འདི་ལ་ཡོང་ནས་ཁྱོད་ཚོས་འདི་འགྲིག་གི་མི་འདུག བྱེད་སྟངས་འདི་དགོས་ཀྱི་འདུག་ཟེར་མཁན་དེ་ཧ་ཅང་དཀོན་པོ་རེད།

དེར་བརྟེན་ང་ཚོས་སྤྱི་ཚོགས་ཡར་རྒྱས་གཏོང་དགོས་ན་ང་ཚོ་ལ་ཁ་ཐུག་གིས་འགྲིག་ས་ལ་བཀྲ་ཤིས་བདེ་ལེགས་ཁྱེད་ཚོས་འགྲིག་སོང་ཞེས་དང༌། འགྲིག་གི་མེད་པ་ཡིན་ན་ཁྱེད་རང་ཚོས་འདི་འགྲིག་གི་མི་འདུག་ཅེས་ཡིག་ཆུང་གི་ངོ་བོ་ལ། ཞལ་པར་གྱི་ཐོག་ནས་སྤྱི་ཚོགས་ཀྱི་འགན་འཁུར་ནས་ཆིག་སྒྲིལ་གྱི་ངོ་བོའི་ཐོག ང་ཚོས་ཡར་རྒྱས་གཏོང་དགོས་རེད་བསམ། གཞན་མ་གཏོགས་ཉེ་འཁྲིས་ལ་ཡོད་སྐབས་ངོ་དགའ་སྤྲེལ་ལད་བཤད་ན་ཡག་པོ་མེད་འདུག་སྙམ་བྱུང་། དེང་སང་མི་གསུམ་མཉམ་དུ་བསྡད་སྐབས་ཁ་ཡག་ངོ་ཡག་བྱས། མི་གཞན་གཅིག་ཕར་ཕྱིན་ཚར་རྗེས་གཉིས་མོ་དེས་རྒྱབ་བཤད་འགོ་བཙུགས་པ་ཆགས་ན་ང་ཚོའི་སྤྱི་ཚོགས་དེ་དཔེ་མི་སྲིད་པའི་ཐབས་སྐྱོ་བོ་ཆགས་ཀྱི་རེད་དྲན་གྱི་འདུག ང་ཚོ་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་གི་གནས་བབ་ཡོང་ཐུབ་པའི་ཐབས་ལམ་ཞིག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསྐྲུན་གནང་ཡོད་རེད།

གཞན་མ་གཏོགས་ང་རང་ཚོ་སྡུག་དགོས་ན་ང་རང་ཚོ་དཔེ་མི་སྲིད་སེམས་པ་སྐྱོ་བོ་རེད། སྡུག་བཅག་རེད། དེ་ལས་སྡུག་པ་རྒྱལ་ཁབ་ཅིག་ལ་ཡོང་རྒྱུ་མེད་པ་རེད། འོན་ཀྱང་༧གོང་ས་མཆོག་གིས་ཐབས་ལམ་དེ་བསྟན་ཡོང་དུས་ང་རང་ཚོ་ལ་དངོས་ཡོད་ཆིག་སྒྲིལ་གྱི་ནུས་པ་ཞིག་སྟོན་རྒྱུ་ཡོད་རེད། མ་འོངས་བསྒྲུབ་བྱ་དེ་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་གི་གནས་བབ་བསྒྲུབ་དགོས་པ་དེ། ང་ཚོའི་དམིགས་ཡུལ་རེད། དེའི་ཆེད་དུ་གཞན་སུས་མིང་བཏགས་ཡང་མ་བཏགས་ཡང་ང་ཚོ་ལ་སྒྲིག་འཛུགས་ཤིག་ཡོད་རེད། དེ་རིན་ཐང་ཆེན་པོ་རེད།

 དེ་ཡག་པོ་བྱས་ནས་སྲུང་སྐྱོབ་བྱེད་ཐུབ་པ་དེ་ཡང་༧གོང་ས་མཆོག་གིས་མང་གཙོ་དང་སྐུ་དབང་ཆ་ཚང་གསོལ་རས་གནང་ཡོད་རེད། དེ་ལ་ང་ཚོ་ཚང་མས་ལྷོད་གཡེང་བྱེད་རྒྱུ་མི་འདུག དེ་ག་ཚོད་བསམ་བློ་བཏང་ཡང་ཧང་སང་དགོས་པའི་ང་རང་ཚོའི་ནུས་སྟོབས་ཤིག་རེད་འདུག དེའི་ཐོག་ནས་ཚང་མས་འགན་བཞེས་དགོས་པ་དེ་གལ་ཆེན་པོི་རེད་དྲན་གྱི་འདུག གང་ལྟར་ང་ཚོས་འགྲིག་ཡོད་ཟེར་ནས་བཞག་རྒྱུ་ཡོད་མ་རེད། ཡར་རྒྱས་གཏོང་དགོས་རེད། ཉི་མ་གཅིག་ཡིན་ཡང་འཕྲོ་བརླགས་གཏོང་རྒྱུ་མི་འདུག ད་ལྟ་བར་དུ་ཚང་མས་སྒྲིག་འཛུགས་ལ་རྒྱབ་སྐྱོར་གནང་སོང་ཡག་པོ་འདུག་གཅིག་པུ་བཤད་རྒྱུ་དེ་མ་རེད།

ག་རེ་ཡག་པོ་བྱེད་དགོས་ཀྱི་འདུག་ཟེར་བ་དེ་གལ་ཆེན་པོ་རེད།  ནང་སྲིད་བཀའ་བློན་མཆོག་ནས་གསར་འགོད་པར་ཞུ་དོན། མང་གཙོ་ཡང་དག་ཡོང་བ་ལ་ངེས་པར་དུ་གསར་འགོད་པའི་བརྒྱུད་ལམ་དེ་གལ་ཆེ་རང་བཞིན་ལྡན་པ་ཞིག་རེད། དེ་ངས་ནམ་རྒྱུན་ཡང་དག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ལྷག་པར་དུ་ད་ལྟའི་གནས་སྟངས་ལ་ཆ་བཞག་ན་རྩ་དོན་སྒྲུབ་བྱའི་ཆེད་དུ་བོད་ནང་ལ་གཏམ་བརྗོད་ཀྱི་རང་དབང་མེད་པ། གསར་འགོད་རང་དབང་མེད་པ། དེ་དག་འགྲོ་བ་ མིའི་གཞི་རིམ་གྱི་ཐོབ་ཐང་དང་འདྲ་མཉམ་ཆགས་ཀྱི་ཡོད་རེད།

སྐུ་ངོས་མཆོག་ནས་གསར་འགོད་པ་ཚོར་ཞུ་དོན། སྤྱི་ཚོགས་ཤིག་གི་འཐབ་རྩོད་བྱེད་པའི་སྐབས། སུ་ཡིན་ཡང༌། མི་མང་མཉམ་རུབ་དང་དེའི་སྡིང་ཆ་བསྐྲུན་རྒྱུའི་ཆེད་དུ་གསར་འགྱུར་བརྒྱུད་ལམ་དེ་གལ་འགངས་ཆེན་པོ་ཞིག་རེད། མ་ཟད་རྒྱལ་ཁབ་མང་པོའི་རང་བཙན་གྱི་འཐབ་རྩོད་ནང་ལ་ཡིན་ཡང༌རེད། རྒྱལ་ནང་གི་གནས་ཚུལ་བརྒྱུད་སྤྲོད་ བྱེད་རྒྱུ་ཡིན་ཡང་གསར་འགྱུར་བརྒྱུད་ལམ་དེ་གལ་ཆེན་པོ་ཞིག་རེད། གསར་འགྱུར་བརྒྱུད་ལམ་གྱི་ཐོག་ནས་ཡིན་ཡང་འགན་འཁུར་བའི་ཐོག་ནས་འགྲེལ་བཤད་རྒྱག་པ་གཉིས་ཀ་སྤྱི་ཚོགས་དང་རྩ་དོན་ཡོངས་རྫོགས་ལ་འགན་འཁུར་གནང་དགོས་པ་དེ་གལ་ཆེན་པོ་རེད། དེ་ཡང་སྐྱོན་འཛུགས་བྱེད་པའི་བརྒྱུད་ལམ་ཞིག་མ་ཡིན་པར་སྤྱི་ཚོགས་ཡར་རྒྱས་ཡོང་བའི་ཆེད་དུ། འགྲིག་པ་དེ་འགྲིག་པ་དང་མ་འགྲིག་པ་དེ་མ་འགྲིག་པར་ གསུངས་པ་དེར་ང་ཚོས་བསྔགས་བརྗོད་ཞུ་རྒྱུ་ཡིན། མུ་མཐུད་ནས་ཕྱག་ལས་ག་རེ་གནང་ ཡང་གསར་འགྱུར་ཕབ་ལེན་ག་རེ་བྱས་ཀྱང་ཕྱོགས་གཅིག་ལ་མ་ལྷུང་བ། ཆབ་སྲིད་ཀྱི་ངོ་ བོར་མི་འགྲོ་བ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་ཞུ་རྒྱུ་དང་ཆབ་ཅིག་ཁྱེད་ཚོ་བརྒྱུད་ལམ་ཐོག་འགན་འཁུར་མཁན་ཚང་མ་ལ་འཚམས་དྲི་ཞུ་རྒྱུ་ཡིན།


གསར་འགོད་པ། ཟླ་བ་ཕུར་བུ། 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།