བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

དེང་སང་གི་ལྷ་ས་བོད་ཀྱི་ལྷ་ས་ཡིན་པ་མ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༤།༡༥ཉིན་སྤེལ། འདི་ག་བོད་ཀྱི་ཆ་འཕྲིན་གསར་ཁང་གིས་ཨོ་གླིང་དུ་བརྒྱན་ཐོབ་ཐོག་སོང་བའི་ཆབ་སྲིད་བཙོན་ཟུར་ཤེལ་དགེ་འདུན་ཚེ་རིང་ལགས་སུ་རྒྱང་འདྲི་བྱས་པ་གཤམ་དུ་འཁོད་པར་གཟིགས་གནང་ཡོང་བ་ཞུ།

alt༡ ཁྱོད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ངའི་དངོས་མིང་ལ་ཤེལ་དགེ་འདུན་ཚེ་རིང་ཟེར།    ཤེལ་དགེ་ཟེར་ནས་འབོད་མཁན་ཡང་མང་པོ་ཡོད།  དྲྭ་མིང་དང་སྙུག་མིང་ལ་འདྲེ་གླེན་པ་ཟེར་ནི་རེད།   ཕ་ཡུལ་བོད་མདོ་སྨད་ལྷོ་ཁའི་ཕྱོགས་ཝ་ཤུལ་རྨེ་བ་ནས་ཡིན།

ཆུང་དུས་ལོ་བདུན་ཙམ་ནས་ཡི་གེ་འདོན་འགོ་བཙུགས་ཏེ་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་དང་མགོ་ལོག་དར་ཐང་སློབ་གླིང་།    རྒྱལ་རོང་ཐོས་བསམ་ནོར་བུའི་གླིང་།  ཞེ་ཆེན་བསྟན་ཉིས་དར་རྒྱས་གླིང་སོགས་ནས་བརྡ་སྤྲོད་དང་རྩོམ་རིགས།    ལོ་རྒྱུས།   ཚད་མ་སོགས་གཙོ་སྦྱོང་བྱས། 
 
སྤྱི་ལོ་༢༠༡༠ལོར་ཕ་ཡུལ་ནས་༼   གསོན་མིག   ༽  དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས་ཤིང་ཞོར་དུ་རང་གི་སྒེར་དེབ་རེ་འགའ་བཏོན་མྱོང་། སྤྱི་ལོ༢༠༡༡ལོར་རྒྱ་གར་དུ་འབྱོར་དེ་སུ་ཇཱ་བོད་ཁྱིམ་སློབ་གྲྭ་ནས་དབྱིན་ཡིག་གི་སློབ་འགོ་ཚུགས་པ་ཡིན། སློབ་གྲྭ་ནས་བུད་རྗེས་རྡ་སར་རྟེན་གཞི་བྱས་པའི་ནང་བསྟན་སྲི་ཞུ་ཁང་ནས་བོད་ཀྱི་སྐད་བརྡ་རིག་པ་དང་རྩོམ་རིག་ཞིབ་འཇུག་གི་ལས་ཀ་བྱས།  

ད་ལྟ་ཨོ་སི་ཁྲོ་ལི་ཡ་Northern Sydney institute TAFE college  NSW སློབ་གླིང་འདི་ན་དབྱིན་ཡིག་གཙོ་སྦྱོང་བྱེད་ཀྱིན་ཡོད།  
༢ ཁྱོད་རང་ཆབ་སྲིད་བཙོན་ཟུར་སྒོས་དགུ་བཅུ་གསུམ་ལ་འཛུལ་སྟངས་ཤིག་གསུངས་རོགས།
ང་ཆབ་སྲིད་བཙོན་བཟུར་ཞིག་ཡིན་པ་རེད།    དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཆ་ཚང་ངོས་ལེན་བྱས་རྗེས་དགུ་བཅུ་གསུམ་ལས་འགུལ་ཁང་ལ་ཐོ་འགོད་བྱས་པ་ཡིན།     དགུ་བཅུ་གསུམ་གྱིས་དང་ལེན་བྱེད་དགོས་མིན་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་ལེན་ཡོད་མེད་ལ་གཞི་བཅོལ་བཞིན་འདུག    དེ་འདྲ་ཡིན་ཙང་ངས་དགུ་བཅུ་གསུམ་གྱི་ཚོགས་མིར་ཐོ་འགོད་བྱས་པ་ཡིན།    འོན་ཀྱང་།    ཨོ་གླིང་དུ་འགྲོ་བའི་རྒྱན་ཁོངས་སུ་ཞུགས་ཐུབ་མིན་དེ་དགུ་བཅུ་གསུམ་གྱི་ཚོགས་མི་ཡིན་མིན་ལ་འབྲེལ་བ་ཡོད་པ་མ་རེད། 
 ༣ ཆབ་སྲིད་བཙོན་ཟུར་ངོས་ནས་ཨོ་གླིང་དུ་འགྲོ་བའི་རྒྱན་ཤོག་ཐོབ་པའི་སྐོར་གསུངས་རོགས།
ཉིས་སྟོང་བཅུ་བཞི་ལོར་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས།  ཆབ་སྲིད་འབྲེལ་ཡོད་སོགས་ཀྱི་ཁོངས་ནས་རྒྱན་བརྒྱབ་སྟེ་མི་གྲངས་འབོར་ཆེན་ཙམ་ལ་གོ་སྐབས་རག་པ་རེད།  ང་ལ་ཡང་དེའི་སྐབས་སུ་རྒྱན་ཐོབ་སྟེ་སྤྱི་ལོ ༢༠༡༤།༠༩།༡༤ ལ་ཨོ་སི་ཁྲི་ལི་ཡར་གནས་སྤོར་བྱས་པ་རེད།   
༤ ཨོ་གླིང་དུ་སོང་ནས་ཕྱིར་ངྷ་སར་ལྟ་སྟངས་ག་འདྲ་འདུག
འདིར་སླེབས་རྗེས་ངས་འཚོ་བ་གསར་བ་ཞིག་གི་མགོ་བརྩམས་པ་རེད།    ཨོ་ས་ཁྲོ་ལི་ཡ་ནི་གླིང་ཕྲན་ཨེ་ཤ་ཡར་ཡོད་པའི་བོད་དང་རྒྱ་ནག   རྒྱ་གར་སོགས་ཀྱི་གནས་བབས་དང་རྦད་དེ་ཁ་ཁ་རེད།   འོན་ཀྱང་།    ངྷ་ས་ནི་ངའི་སེམས་ཀྱི་འབོར་མི་ཐུབ་པའི་བག་ཆགས་མཐུག་པོ་ཞིག་ཡིན།    ད་ལྟ་ཐག་རིང་ནས་ཕྱིར་ངྷ་སར་བལྟ་དུས་ངྷ་ས་ལ་དམིགས་བསལ་གྱི་ལྟ་སྟངས་ཅང་མེད་མོད།     འོན་ཀྱང་།    ངས་སྔོན་ནས་ངྷ་ས་དང་ལྷ་ས་ལ་བཟུང་བའི་ལྟ་སྟངས་གཅིག་ཡིན།    དེང་སང་གི་ལྷ་ས་བོད་ཀྱི་ལྷ་ས་ཡིན་པ་མ་རེད།      དེང་སང་གི་ངྷ་ས་བོད་ཀྱི་ངྷ་ས་ཡིན་པ་རེད། ང་ལྷ་ས་བོད་ཀྱི་ལྷ་ས་མིན་དུས་དང་ངྷ་ས་བོད་ཀྱི་ངྷ་ས་ཡིན་དུས་འཚར་བ་རེད།    འོན་ཀྱང་།      ལྷ་ས་མ་གཞི་ནས་བོད་ཀྱི་ཡིན་པ་རེད།    ངྷ་ས་མ་གཞི་ནས་བོད་ཀྱི་མིན་པ་རེད།   འོན་ཀྱང་།    ང་ཚོ་བྱེས་གྱར་བ་ཚོས་ངྷ་ས་ནས་ལྷ་ས་ལྟར་འཚོ་བ་རོལ་བ་རེད།          
༥ ཨོ་གླིང་ཆབ་སྲིད་བཙོན་མའི་གནས་སྟངས་ག་འདྲ་འདུག
ཨོ་གླིང་གི་ཆབ་སྲིད་འབྲེལ་ཐོགས་ཚོའི་གནས་སྟངས་འཚོ་བའི་ཆ་ནས་ཚང་མ་ཧ་ཅང་གིས་རྒྱ་ཆེན་རྒྱས་པ་རེད།    མ་ཟད་འབད་པ་ཡང་མི་དམན་པ་བྱེད་ཀྱིན་འདུག       འོན་ཀྱང་།    དེ་མིན་རང་ལ་མཚོན་ན་དེ་ཙམ་གྱིས་ཡིད་ཚིམ་པ་མ་བྱུང་།     སྤྱིར་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས།   འབྲེལ་ཡོད་མང་ཆེ་བ་ཡིག་རྨོངས་པ་ཡིན་པ་རེད།     འདི་ན་ཡང་ཟ་ཁང་དང་ཇ་ཁང་།  ཁོར་ཡུག་གཙང་བཟོ་དང་རྒན་གསོ་ཁང་།  བྱིས་གཉོར་ཁང་དང་སྨན་ཞབས་སོགས་ཀྱི་ལས་ཀ་བྱེད་ཀྱིན་འདུག      ལས་ཀ་ཚད་ལྡན་ལས་མཁན་ཧ་ཅང་གིས་དཀོན་མོ་འདུག    སྤྱིར་བཏང་སློབ་སྦྱོང་བྱས་ན་གོ་སྐབས་ཧ་ཅང་ཡག་པོ་འདུག་མོད།     སློབ་སྦྱོང་བྱེད་པའི་དམིགས་ཡུལ་ཡོད་མཁན་ཉུང་ཉུང་རེད།    གཞོན་གཞོན་ཚོ་ཡང་འདིར་སླེབས་རྗེས་ལས་ཀ་ལ་འགོ་འཁོར་འགྲོ་བཞིན་འདུག     ཚང་མས་ཁང་པ་དང་རླངས་འཁོར་གྱི་འགྲན་རྩོད་འདྲ་བོ་ཞིག་བྱེད་ཀྱིན་འདུག       འདི་ཡིས་ང་ཅུང་ཟད་སུན་ཡོད།      
༦ ཨོ་གླིང་གི་ཆབ་སྲིད་བཙོན་ཟུར་རྣམ་པའི་བོད་དོན་ལས་འགུལ་སྤེལ་གྱི་ཡོད་དམ།
སྤྱིར་བཏང་གི་ལས་འགུལ་སྤྱི་འགྲོས་ཙམ་རེ་སྤེལ་གྱིན་འདུག    དེ་ཡང་ཚད་ལྡན་ཞིག་མ་རེད།   ཨོ་གླིང་གི་གྲོང་ཁྱེར་Sydney ན་བོད་མི་ཆིག་སྟོང་མ་ཟིན་ཙམ་ཞིག་བསྡད་ཡོད་པ་རེད།   ད་ལོ་སུམ་བཅུའི་དུས་དྲན་གྱི་སྐབས་སུ་ས་གནས་གཞོན་ནུའི་སྣེ་ཁྲིད་དེ་དུས་ཚོད་གཉིས་ལྷག་ལ་གོམ་བསྒྲོད་བྱས་ཏེ་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་ནས་སྐད་འབོད་ལས་འགུལ་ཞིག་སྤེལ་སོང་།   དེ་དུས་མི་བརྒྱ་ལྷག་ཅིག་ལས་སླེབས་མི་འདུག     སྤྱིར་བཏང་བཙན་བྱོལ་སྤྱི་ཚོགས་སུ་སྐབས་འཚོལ་རང་ལུགས་པ་མང་བ་རེད།  འདི་ན་ཡང་ཧ་ཅང་མང་།    ཁག་ཅིག་གིས་དབུ་མའི་ལམ་དང་མི་མཐུན་ཚུལ་བཤད་ནས་མཉམ་ཞུགས་བྱེད་པར་ཡོང་གི་མི་འདུག        ཡང་ཁ་ཅིག་གིས་ནི་ཁ་ལ་དབུ་མའི་ལམ་ཁྱེར་ནས་དོན་ལ་བོད་དུ་འགྲོ་བའི་ཡིག་ཆ་མི་རག་པར་དོགས་ནས་མི་ཡོང་མཁན་མང་པོ་རེད།    ཕྱི་རྒྱལ་ཏུ་སྡོད་མཁན་ཚོས་ཧུར་ཐག་གིས་ངལ་རྩོལ་བྱས་ཏེ་བོད་དུ་འགྲོ་རྒྱུར་དམིགས་ཡོད་མཁན་ཧ་ཅང་གི་མང་པོ་ཡོད་པ་རེད།    དེ་འདྲའི་རིགས་ལ་དབུ་མའི་ལམ་ནི་ཁ་གཡོར་ས་ཧ་ཅང་གི་ཡག་པོ་ཞིག་ཆགས་ཡོད་པ་རེད།      རྒྱ་ནག་གཞུང་ཚབ་ཀྱིས་ཀྱང་ངོ་རྒོལ་གྱི་རིགས་ལ་འཛུལ་ཞུགས་མི་བྱེད་མཁན་ཚོར་བོད་དུ་འགྲོ་བའི་ཡིག་ཆ་ཡང་སྤྲོད་ཀྱིན་འདུག 
༧ ཨོ་གླིང་གི་བོད་པའི་འཚོ་བའི་ཆ་རྐྱེན་ག་འདྲ་འདུག
ཨོ་གླིང་གི་བོད་པ་མང་ཆེ་བ་ཆབ་སྲིད་འབྲེལ་ཐོགས་ཆགས་ཀྱི་ཡོད་པ་རེད།    དེ་མིན་མི་རིགས་གཞན་དང་མཉམ་དུ་ཆང་ས་བརྒྱབ་ནས་སླེབས་པ་ཡང་རེ་འགའ་འདུག     ཚང་མ་འཚོ་བའི་ཐད་ནས་འགྲིག་ཐག་ཆོད་འདུག    
༨ ཨོ་གླིང་ནས་ཁྱོད་རང་གིས་མ་འོངས་པར་ག་རེ་བྱེད་བསམ་ཡོད།
སྤྱིར་བཏང་ངའི་དགའ་ཕྱོགས་རྩོམ་རིག་ཡིན་པ་རེད།   རྩོམ་རིག་དེ་རང་གི་མི་ཚེའི་ཆུང་མ་གཉིས་པ་རུ་བརྩིས་ཡོད།   འོན་ཀྱང་།    དེ་ཡིས་འཚོ་བའི་ལག་རྟེན་མི་ཐུབ་པ་འདྲ།   སྤྱིར་བཏང་ནས་རྩོམ་རིགས་འཚོ་བའི་ལག་ཆ་མིན་པ་རེད།  དེའི་ཕྱིར་མི་ཞིག་ལ་མཚོན་ན་འཚོ་བའི་ཡོང་འབབ་ཅིག་དགོས་པ་རེད་མོད།    དེ་ད་ལྟ་བཤད་ཐུབ་ཀྱིན་མི་འདུག     ད་སྐབས་དབྱིན་ཡིག་གཙོ་སྦྱོང་འདྲ་ཞིག་བྱེད་ཀྱིན་ཡོད།     མ་འོངས་པར་བཤད་མི་ཤེས་གི

སྤྱིར་བཏང་དབྱིན་ཇི་བའི་འགྲོ་སྟངས་དེ་མི་གཅིག་གི་མི་ཚེའི་ནང་དུ་ལས་ཀ་གཅིག་བྱེད་ནས་སྡོད་མཁན་མི་འདུག    ལས་ཀ་ཧ་ཅང་གིས་མང་པོ་བརྗེ་བོ་རྒྱག་བཞིན་འདུག    ཡག་ཤོས་ཤིག་ལ་འདི་ནས་ལས་ཀ་ཆེ་ཆུང་ཅི་ཞིག་ལས་ཀྱང་མི་གཞན་གྱི་སྣང་ངོར་ཚང་མ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་གྱིན་འདུག 

ལས་ཀ་ཡག་སྡུག་དང་གོ་ས་མཐོ་དམན་གྱིས་མི་ལ་མཐོང་ཆུང་དང་ལྟ་ཚུལ་ངན་པའི་རིགས་མི་འདུག     ཁྱོད་གཙང་སྤྱོད་བཀྲུ་མཁན་ཞིག་ཡིན་ཡང་དེ་ལས་ཀའི་ངོ་བོར་འཛིན་རྒྱུ་མ་གཏོགས་ལས་ཀ་དེ་མི་དེའི་མི་གཞི་ལ་སྦྱོར་མཁན་མི་འདུག ལྟ་ཚུལ་འདིས་ང་ལ་ཧ་ཅང་གིས་གུ་ཡངས་སྤྲོད་ཀྱིན་འདུག ང་ཡང་ལས་ཀ་གཅིག་ལས་ནས་སྡོད་རྒྱུར་མི་དགའ།     ལས་ཀ་སྣ་མང་གི་བྲོ་བར་མྱོང་རྒྱུར་དགའ། 

བོད་པ་ཚོས་ལས་ཀ་འདྲ་མི་འདྲ་ལས་ན་དེ་ཡག་པོར་བརྩི་ཡི་མ་རེད།    བོད་པའི་གཏམ་དཔེ་ལ།    མི་བློ་མང་གིས་དོན་མི་འགྲུབ།    ཁབ་རྩེ་མང་གིས་བཟོ་མི་འོང་།   ཟེར་བ་རེད།    འོན་ཀྱང་།   ཨོ་སི་ཁྲོ་ལུ་ཡ་དེ་ཡི་ལྡོག་ཕྱོགས་སུ་ཡོད་པ་འདྲ་བོ་ཞིག་ཚོར་སོང་།    ལས་ཀ་མང་པོ་ལས་དགོས་པ།   ཉམས་མྱོང་མང་པོ་གསོག་དགོས་པ་དེ་གཙོ་བོར་འཛིན་གྱིན་འདུག     དེ་འདྲ་ཡིན་ཙང་ངས་ཀྱང་མ་འོངས་པར་སྐབས་དང་བསྟུན་ནས་ལས་ཀ་བྱེད་རྒྱུར་གྲ་སྒྲིག་ཡིན།    
༩ ཨོ་གླིང་གི་བོད་དོན་ཁྱབ་བསྒྲགས་དེ་ངྷ་ས་དང་བསྡུར་ན་ག་འདྲ་འདུག
ཨོ་སུ་ཁྲོ་ལུ་ཡའི་བོད་དོན་ཁྱབ་བསྒྲགས་དེ་ངྷ་ས་དང་བསྡུར་ཐབས་ཁྱོན་ནས་མི་འདུག     ད་ལོ་སུམ་བཅུའི་དུས་དྲན་གྱི་ངོ་རྒོལ་སྐད་འབོད་སྐབས་སུ་གསར་འགོད་པ་གཅིག་ཀྱང་སླེབས་མེད་པ་མ་ཟད། བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱི་མི་རིགས་གཞན་པ་མི་གཉིས་ལས་མི་འདུག    འདི་ཡིས་ག་རེ་མཚོན་པ་རེ་ལབ་ན།   ཨོ་གླིང་གི་བོད་དོན་ཁྱབ་བསྒྲགས་དེ་ཧ་ཅང་གིས་ཞན་པོ་ཡིན་པ།    འབྲེལ་བ་ཆུང་བ།    ཁྱབ་ཚད་ཉུང་བ།    ལས་འགུལ་སྤེལ་བ་དག་ཀྱང་སྤེལ་སྟངས་མ་ཤེས་པ།   བོད་པ་ཙམ་ལས་བརྒལ་ཐུབ་མེད་པ་མཚོན་གྱི་རེད་དྲན་གྱིན་འདུག      
༡༠ གོང་འཁོད་དྲི་བར་མ་འདུས་པའི་བསམ་ཚུལ་ག་རེ་ཡོད་ན་ལྷུག་བརྗོད་གནང་རོགས།
ད་དམིགས་བསལ་ཅང་བཤད་རྒྱུ་མེད་གི      ཁྱེད་བཀའ་དྲིན་ཆེ།

སྐུ་ཉིད་ཀྱིས་དུས་ལྟར་ང་ཚོར་དྲིས་ལན་གནང་བ་ཐུགས་རྗེ་ཆེ་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།