བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

དབུ་མའི་ལམ་ཤེས་ན་ཁ་བྲལ་རིང་ལུཌ་མིན་པ་གསལ་པོ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥ལོའི་ཟླ་༣ཚེས་༣ཉིན་སྤེལ། "ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ཧ་གོ་བ་ཡིན་ན་ང་ཚོ་ཁ་བྲལ་རིང་ལུགས་མིན་པ་དེ་གསལ་པོ་ཞེ་དྲག་རེད།" ཅེས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ལ་ཉེ་ལམ་བཅར་འདྲི་ཞུ་སྐབས་སུ་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་ལ་འགྲེལ་བརྗོད་གནང་སོང༌།

༄༅།། སྐུ་ཉིད་ནས་བཅར་འདྲི་བྱེད་པའི་གོ་སྐབས་འདི་གནང་བར་ངས་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་ལས་མི་ཡོངས་ཀྱི་ཚབ་ཞུས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག༡༽ ཐོག་མར་སྐུ་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས།
ལན། ང་སྐྱེ་ས་རྒྱ་གར་རེད། ང་ལོ་བཞིའི་སྐབས་བཙན་བྱོལ་བོད་མིའི་གཞིས་ཆགས་ཐེངས་དང་པོའི་ཁོངས་ཁ་ན་ཊར་གནས་སྤོས་བྱས་པ་རེད། ང་མཚར་ལོངས་བྱུང་ས་ཁེ་ན་ཌའི་གྲོང་འཁྱེར་མོནྜ་རེལ་ཟེར་བའི་ས་ཆ་དེ་ལ་རེད། ས་ཆ་དེ་ནས་མཐོ་རིམ་སློབ་གྲྭ་ཐོན་རྗེས་ཨ་རི་ལ་ལོ་ཁ་ཤས་བསྡད་ནས་བོད་པ་ ༢༡ ལ་རོགས་པ་བྱས་པ་ཡིན། ངས་ལོ་དགུའི་རིང་བོད་དང༌། རྒྱ་ནག་པེ་ཅིང་ལ་ཕྱིན་ནས་སློབ་སྦྱོང་བྱས་པ་ཡིན། ཕྱི་ལོ་ ༡༩༩༧ ནས་ ༡༩༩༩ བར་དུ་ཨ་རི་ཨིན་ཌི་ཡ་ནཱ་མཐོ་སློབ་ Indiana University ནང་སློབ་སྦྱོང་བྱས་པ་དང་འབྲེལ་མཚོ་སྔོན་ཁུལ་དུ་བོད་ཡིག་ཐོག་ནས་མཐོ་རིམ་སློབ་གྲྭའི་གནས་སྟངས་སྐོར་ལ་ཞིབ་འཇུག་བྱས་ནས་ང་རང་གིས་རྩོམ་ཡིག་ཅིག་དེའི་སྐོར་ལ་བྲིས་མྱོངས་ཡོད། མ་ཟད་མཐོ་རིམ་རིག་གནས་རབ་འབྱམས་པ་དེ་ནས་ཐོན་པ་རེད།

བོད་ནང་ལོ་དགུ་བསྡད་པའི་རིང་ལོ་བཞི་ཙམ་སྒེར་གྱི་ཐེབས་རྩ་ཚོགས་པ་ཞིག་གི་ཚབ་བྱས་ཏེ་མཚོ་སྔོན་ཟི་ལིང་དུ་ལས་ཁུངས་བཙུགས་ནས་ཞིང་འབྲོག་གི་ས་ཁུལ་མང་པོ་ཞིག་ལ་ཤེས་རིག་དང༌། རིག་གཞུང༌། འཕྲོད་བསྟེན་འབྲེལ་བའི་ལས་འགུལ་མང་པོ་ཞིག་སྤེལ་བ་ཡིན།
དེ་རྗེས་ ༢༠༠༣ ལོར་རང་འཇགས་ཁེ་ན་ཊར་ལོག་ནས་མུ་མཐུད་ནས་སློབ་སྦྱོང་དང་ལས་ཀ་བྱས་ནས་ ༢༠༡༡ ལོར་སྤྱི་འཐུས་ནང་དང་བླངས་ལངས་ཏེ་བྱང་ཨ་རའི་སྤྱི་འཐུས་སུ་འོས་འདེམས་བྱུང་བ་རེད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་དྲིལ་བཀའ་བློན་ལ་བསྐོ་ཤག་གནང་བྱུང༌།

༢༽ སྐུ་ཉིད་བཀའ་བློན་གནང་བའི་དུས་ཡུན་ནང༌། ཕྱི་དྲིལ་ལས་ཁུངས་ཀྱི་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཡོད་དམ།
ལན། ང་ཚོས་ལས་འགན་ཞུ་ཡུན་དེ་ལོ་ལྔ་རེད། ད་ལྟ་ལོ་གསུམ་དང་ཕྱེད་ཀ་འགྲོ་ཡི་ཡོད། ༢༠༡༡ ཕྱི་ཟླ་ ༩ པའི་ནང་དམ་བཅའ་ཕུལ་བ་ཡིན། ཕྱི་དྲིལ་ལས་ཁུངས་ཞེས་བརྗོད་དུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཆབ་སྲིད་དང་རྒྱལ་སྤྱིའི་འབྲེལ་བ་བྱེད་མཁན་གྱི་ལས་ཁུངས་གཙོ་བོ་ཞིག་ཆགས་ཀྱི་ཡོད་རེད། བོད་ནང་གི་གནས་སྟངས་དེ། ཕྱིའི་རྒྱལ་ཁབ་ཁག་དང་འཛམ་བུ་གླིང་ནང་གོ་རྟོགས་སྤེལ་རྒྱུའི་ལས་འགན་གཙོ་བོ་ཕྱི་དྲིལ་ལས་ཁུངས་ཀྱིས་བཞེས་ཀྱི་ཡོད་རེད། དྲ་རྒྱ་དང་ཚགས་པར། དོན་གཅོད་ཁག ༡༡ བཅས་ལ་གཙོ་བོ་དེ་ཕྱི་དྲིལ་ལས་ཁུངས་ནས་གཟིགས་ཀྱི་ཡོད་རེད། ལོ་གསུམ་དང་ཕྱེད་ཀ་དེའི་ནང་ང་ཚོས་ཕྱོགས་མང་པོ་ཞིག་ནས་ཤུགས་བརྒྱབ་ཡོད་རེད། དང་པོ་དེ། ང་ཚོས་གསར་འགྱུར་དེ་དག་ཚགས་ཚུད་པོ་དང་ང་ཚོའི་དྲ་རྒྱ་དེ་དག་བོད་རྒྱ་དབྱིན་གྱི་སྐད་ཡིག་གསུམ་གྱི་ཐོག་ནས་འགན་བཞེས་དུས་དབྱིན་ཡིག་གཙོ་བོ་དང་བོད་ཡིག་དང་རྒྱ་ཡིག་རེད། དེའི་ནང་ནས་གསར་འགྱུར་དུས་ཐོག་གང་མགྱོགས་འདོན་ཐུབ་པ་དང་དྲ་རྒྱ་ཚང་མའི་རྣམ་པ་ལེགས་བཅོས་དང་ཡར་རྒྱས་གཏོགས་ཙམ་བཏང་ཡོད་རེད། དེ་བཞིན་ Tibet TV ཕྱི་རྒྱལ་ཁག་ལ་བཞུགས་མཁན་ཚོས་གཟིགས་མཁན་མང་དུ་འགྲོ་ཡི་ཡོད་དུས་དེའི་ནང་གསར་འགྱུར་དང་གནས་ཚུལ་ནི་མང་ཚོའི་མངོན་འདོད་དང་བསྟུན་ནས་ཡར་རྒྱས་བཏང་རྒྱུར་འབད་བརྩོན་གནང་དང་གནང་བཞིན་པ་རེད།

གལ་ཆེ་ཤོས་ཤིག་ད་ལོ་ཕྱི་ཟླ་ ༦ པའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གོ་རྟོགས་སྤེལ་རྒྱུ་དེ་ང་ཚོས་གལ་ཆེ་ཤོས་ཤིག་བརྩི་ཡི་ཡོད། བཀའ་ཤག་གོང་མའི་སྐབས་ནས་ད་ལྟ་བར་ང་ཚོས་འབད་བརྩོན་གནང་དང་གནང་བཞིན་པ་རེད། དེ་ལ་གཞི་བཞག་ནས་མུ་འཐུད་རྒྱུན་འཁྱོངས་དང་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོས་ཕྱི་ཟླ་ ༦ པའི་ནང་གསར་འགོད་གསལ་བསྒྲགས་ཀྱི་བརྒྱུད་དྲིལ་བསྒྲགས་ཡག་པོ་བྱུང་ཡོད་རེད། ང་ཚོས་ཤུགས་བརྒྱབ་རྒྱུ་གཞན་ཞིག་རྒྱལ་སྤྱིའི་ཐོག་དབུ་མའི་ལམ་དེ་སྔོན་ལས་ལྷག་པའི་གོ་རྟོགས་སྤེལ་རྒྱུ་དང་བོད་པའི་སྤྱི་ཚོགས་ནང་གཞོན་སྐྱེས་ཚོས་དབུ་མའི་ལམ་བརྗོད་སྐབས་ངག་ཐོག་ལ་བཟུང་རྒྱུ་གཅིག་པུ་མིན་པ་དབུ་མའི་ལམ་དང་འབྲེལ་བའི་ཡིག་ཆ་ཁག་དང༌། མིང་དོན་མཚུངས་པའི་རང་སྐྱོངས་ཡོང་ཐབས་ཀྱི་ཡིག་ཆ་དེ་ཚོ་ཚང་མར་དོ་སྣང་བྱེད་དགོས་པ་དང་བྱུང་རིམ་དེ་ག་འདྲ་བྱས་ནས་བྱུང་ཡོད་མེད། ང་ཚོའི་ངོས་ནས་དབུ་མའི་ལམ་བརྒྱུད་ནས་རྒྱ་ནག་གཞུང་ལ་རེ་བ་གང་འདྲ་བྱེད་དགོས་ཡོད་མེད།

དེ་བཞིན་རྒྱལ་སྤྱི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོ་ལ་ང་ཚོས་གསལ་པོ་ཞུ་ཡི་ཡོད། བོད་དོན་ལ་རྒྱབ་སྐྱོར་ཡོད་ན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ངེས་པར་དུ་ཧ་གོ་དགོས་ཀྱི་ཡོད། ཧ་གོ་དགོས་པ་དེ་ལས་འགན་ཞིག་ཆགས་ཀྱི་ཡོད་རེད་ཅེས་དང༌། གནས་སྟངས་གཞན་ཞིག་གི་སྐོར་ནས་བཤད་པ་ཡིན་ན་རྒྱ་མི་ལ་འབྲེལ་བ་བྱེད་ཕྱོགས་ཐོག་ནས་དོན་གཅོད་ཁག་ལ་འབྲེལ་མཐུད་པ་གསུམ་ཡོད་དུས་རྒྱ་མི་ལ་འབྲེལ་བ་བྱེད་ཕྱོགས་ཐོག་ནས་ཤུགས་ཆེ་རུ་དང་ཚགས་ཚུད་ཡོང་ཆེད་ང་ཚོས་མུ་འཐུད་ཤུགས་བརྒྱབ་རྒྱུར་ང་ཚོས་འབད་བརྩོན་ཞུས་དང་ཞུ་བཞིན་པ་རེད། སྤྱི་ཚོགས་དྲ་རྒྱ་ཐོག་ལ་འབྲེལ་བ་བྱེད་ཕྱོགས་ཐད་ཞིབ་འཇུག་བྱེད་ཡག་གཅིག་ཆགས་བསྡད་ཡོད་རེད། ང་ཚོའི་དོན་གཅོད་ཁག་ཡིན་ན་དོན་གཅོད་དང་འབྲེལ་བའི་བཀའ་ཤག་སྐབས་༡༤པའི་དོན་ཚན་གནད་འགག་གཙོ་བོ་དམིགས་ཡུལ་གཞིར་བཟུང་ཕྱག་ལས་གནང་ཕྱོགས་ཀྱི་ཐད་ནས་ཚོགས་འདུ་ཐེངས་ཁ་ཤས་འདུ་བསྐོང་བྱས་པ་རེད། སྤྱིར་བཏང་དོན་གཅོད་ཚོ་ལོ་རེ་ལ་ཚོགས་འདུ་ཐེངས་གཅིག་འཚོགས་ཀྱི་ཡོད་རེད། འོན་ཀྱང་དོན་གཅོད་ཁག་ཚང་མ་གཅིག་པུ་མིན་པ་ས་ཁུལ་ཁག་སོ་སོ་ལ་འཛོམས་ནས་ལས་དོན་ཡར་རྒྱས་གང་འདྲ་བྱས་ནས་བཏང་དགོས་ཡོད་མེད་དང་ལྷག་པར་དུ་ཡུ་རོབ་ནང་ང་ཚོས་ཤུགས་རྒྱག་གི་ཡོད།

དེ་ནས་གལ་འགངས་ཆེ་ཤོས་ཤིག་གསར་འགྱུར་བཀོད་ཡག་དེ་དེང་དུས་ཀྱི་རྣམ་པའི་ཐོག་ནས་ཉམས་ཞིབ་ཀྱི་ལས་ཀ་མང་ཆེ་བ་ཞིག་ད་ལྟ་སྲིད་བྱུས་ཉམས་ཞིབ་ཁང་གིས་འགན་བཞེས་ཀྱི་ཡོད་ཙང་སྔོན་མ་དང་མ་འདྲ་བའི་གནད་དོན་གཅིག་འདི་རེད། དེ་ནས་ལས་བྱེད་ཚོ་ནུས་ཤུགས་ཆེ་རུ་བཏང་རྒྱུ་སྟེ། གཟབ་སྦྱོང་ཁག་མང་པོ་ཞིག་གོ་སྒྲིག་ཞུས་ཡོད་རེད། དེའི་ནང་ནས་གཏམ་བཤད་བྱེད་སྟངས་དང་དབུ་མའི་ལམ་གྱི་འགྲེལ་བརྗོད་བྱེད་སྟངས། གསར་འགྱུར་འབྲི་སྟངས་སྐོར་དབྱིན་ཡིག་ནང་ ༽Desktop Publication༽ ཐོག་གཟབ་སྦྱོང་དང༌། སྤྱི་ཚོགས་དྲ་རྒྱའི་གཟབ་སྦྱོང་བཅས་སྤྲད་ཡོད་རེད། དུས་ཚོད་ཐུང་ཐུང་ཞིག་གི་ནང་གཟབ་སྦྱོང་ཁག་མང་པོ་ཞིག་གོ་སྒྲིག་ཞུས་པ་མ་ཟད་མ་འོངས་པར་གཟབ་སྦྱོང་གཞན་པ་གོ་སྒྲིག་བྱེད་རྒྱུའི་འབད་ཐབས་བྱེད་ཀྱི་ཡོད།
༣༽ ཕྱི་དྲིལ་ལས་ཁུངས་དང་ཕྱི་དྲིལ་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས་གནང༌།
ལན། དྲིལ་བསྒྲགས་དང། རྒྱལ་སྤྱིའི་ཐོག་ནས་ཕྱི་འབྲེལ་ཡོད་རེད།་ཕྱི་དྲིལ་ལས་ཁུངས་ནང་དྲུང་ཆེ་གཉིས་ཡོད། ཕྱི་འབྲེལ་གྱི་དྲུང་ཆེ་བསོད་ནམས་དྭགས་པོ་ལགས་ཀྱིས་འགན་བཞེས་ཀྱི་ཡོད་རེད། དྲིལ་བསྒྲགས་ཀྱི་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་འགན་བཞེས་ཀྱི་ཡོད་རེད། ཕྱི་དྲིལ་ལས་ཁུངས་ཀྱི་ཁོངས་གཏོགས་སུ་ཚན་པ་རེ་རེར་འབྲེལ་ཡོད་འགན་འཛིན་ནས་འགན་བཞེས་ཀྱི་ཡོད་རེད། དྲིལ་བསྒྲགས་ཡིན་ན་གསར་ཤོག་དང་དྲྭ་རྒྱ། བོད་ཀྱི་དྲྭ་བརྙན། ཡིག་བསྒྱུར་ཁང་དེ་ཚོ་ཚང་མ་དྲིལ་བསྒྲགས་དྲུང་ཆེས་འགན་བཞེས་ཀྱི་ཡོད་རེད། དོན་གཅོད་ཁག་༡༡དེ་ཕྱི་འབྲེལ་དྲུང་ཆེས་འགན་བཞེས་གནང་གི་ཡོད་རེད།
དོན་གཅོད་ཁག་ལ་བཀའ་ཤག་གིས་སྔོན་མ་ནས་ལམ་སྟོན་ཡིག་ཆ་མང་པོ་བྱུང་ཡོད་རེད། དེ་ལ་གཞི་བཞག་ནས་ད་རེས་བཀའ་ཤག་སྐབས་ ༡༤ པའི་ཐོག་ལམ་སྟོན་ཁ་གསལ་དུ་བཏང་ཡོད། དྲིལ་བསྒྲགས་ཡིན་ན་བརྒཧྱུད་ལམ་ཁག་གི་ཚན་པའི་འགན་འཛིན་རྣམས་རེས་གཟའ་ཟླ་བ་རྟག་པར་ལྷན་འཛོམས་བྱས་ཏེ། ད་ལྟ་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་གསར་པ་ག་རེ་འདུག གནས་ཚུལ་ག་རེ་བཀོད་དགོས་པའི་སྐོར་ལ་ཚོགས་འདུ་འཚོགས་ཀྱི་ཡོད་རེད།

ལན་འདེབས་ཚོགས་ཆུང་ངོས་ནས་གཅིག་འཚོགས་ཀྱི་ཡོད་རེད། དེང་སང་གནད་དོན་ག་རེ་འདུག་དེ་ལ་ལན་འདེབས་བྱ་དགོས་པ་ག་རེ་འདུག་གོ་བསྡུར་བྱས་ནས་ལན་འདེབས་ཀྱི་ཕྱག་ལས་གནང་གི་ཡོད་རེད། རྒྱ་མི་ལ་འབྲེལ་བ་བྱེད་ཡག་དེ། འབྲེལ་མཐུད་པ་གསུམ་ཨོ་སི་ཀྲོ་ལི་ཡ། ཨ་རི་དང་ཡུ་རོབ་སོ་སོའི་འབྲེལ་ཡོད་དོན་གཅོད་ཀྱི་ཁོངས་སུ་ཕྱག་ལས་གནང་དང་གནང་བཞིན་པ་རེད། སྤྱི་ཡོངས་ཀྱིས་རྒྱ་རིགས་ལ་འབྲེལ་བ་བྱེད་ཕྱོགས་ཀྱི་ཐད་འཆར་གཞིའི་ཐོག་ནས་ག་འདྲ་བྱས་འགྲོ་ཡི་ཡོད་མེད་དང་གནས་སྟངས་ག་འདྲ་ཡོད་མེད་དེ་རྒྱ་ཡིག་ཚན་པས་འགན་བཞེས་ཀྱི་ཡོད་རེད།

ང་ཚོ་ལ་རྒྱ་མི་དང་འབྲེལ་བ་བྱེད་ཕྱོགས་ཐད་ནས་ལས་ཀ་ཞིག་ཡོད་པ་ཡིན་ན་འཆར་གཞི་དེ་ཐེ་ཝན་དོན་གཅོད་བརྒྱུད་ནས་ཡིན་ཡང་རེད། འབྲེལ་མཐུད་པ་བརྒྱུད་ནས་ཡིན་ཡང་རེད། རྒྱ་སྐད་ཚན་པ་ཡིན་ཡང་ག་པར་ཞིག་ལ་སླེབས་ཡོད་མེད། ག་རེད་ལྷག་ཡོད་མེད། མུ་མཐུད་ནས་ག་རེད་བྱེད་དགོས་ཡོད་མེད། དེ་ཚོ་ཚང་མར་བལྟ་རྟོགས་གནང་མཁན་རྒྱ་ཡིག་ཚན་པ་རེད། ང་ཚོས་རྒྱ་གར་ལ་འབྲེལ་བ་བྱེད་རྒྱུ་དེ་ཕྱོགས་གཅིག་ནས་ནང་སྲིད་ཁྱབ་ཁོངས་ས་གནས་འགོ་འཛིན་བརྒྱུད་ནས་འབྲེལ་བ་བྱེད་ཀྱི་ཡོད་ཀྱང༌། ལྡི་ལི་སྐུ་ཚབ་དོན་གཅོད་ཁྱབ་ཁོངས་འཕགས་བོད་འབྲེལ་མཐུད་ལས་ཁང་དང༌། དེ་བཞིན་འདི་ལས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚན་པའི་འབྲེལ་མཐུད་པ་བཅས་ནས་འགན་བཞེས་ཀྱི་ཡོད་རེད།

༤༽ ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་ཕྱི་ཕྱོགས་ཀྱི་འགན་འཁུར་སྟངས་ཐད་ལ་ལག་བསྟར་ག་རེ་གནང་ཡོད་དམ། ལག་བསྟར་བྱས་པའི་ནང་གྲུབ་འབྲས་ཆེ་བ་གང་དང་གང་བྱུང་ཡོད་མེད་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས་གནང༌།
ལན། དྲིལ་བསྒྲགས་ངོས་ནས་དྲ་རྒྱ་ཡར་རྒྱས་བཏང་ཐུབ་ཡོད་རེད། ཕྱི་ནང་གི་གནས་ཚུལ་བཀོད་པ་དང་དུས་ཐོིག་ལ་གནས་ཚུལ་གཏོང་རྒྱུ་དེ་ཡར་རྒྱས་ཕྱིན་ཡོད་དྲན་གྱི་ཡོད། དེ་བཞིན་དབུ་མའི་ལམ་རྒྱལ་སྤྱིའི་ཐོག་ཏུ་གོ་རྟོགས་སྤེལ་རྒྱུའི་ཐད་ལ་ང་ཚོ་དྲིལ་བསྒྲགས་ངོས་ནས་ཕྲན་བུ་བྱེད་ཐུབ་པ་བྱུང་ཡོད་རེད་དྲན་གྱི་ཡོད། ང་ཚོ་བཀའ་བློན་རྣམ་པ་ཚོ་ཡིན་ཡང་གསར་འགོད་གསལ་བསྒྲགས་སྐབས་སུ་གསར་འགྱུར་བརྒྱུད་ལམ་མང་པོ་ཞིག་ལ་དྲིལ་བསྒྲགས་བྱུང་ཡོད་རེད། དྲུང་ཆེ་རྣམ་པ་ཚོ་དང་བཀའ་བློན་རྣམ་པ་ཚོ་ཉེ་འཆར་ཕྱི་ཟླ་༦དང་༧པའི་ནང་ཚང་མ་རྒྱ་གར་གྱི་ས་ཕྱོགས་གང་སར་ཕེབས་ནས་དབུ་མའི་ལམ་སྐོར་ལ་གཏམ་བཤད་གནང་བ་རེད། ང་ཚོ་འབྲེལ་ཡོད་བཀའ་བློན་ཚོ་ཡང་ཚང་མ་ཕྱོགས་བསྐྱོད་དང་བཅས་ག་པར་ཕྱིན་པ་ཡིན་ཡང་དེའི་སྐོར་ལ་བཀའ་མོལ་གནང་དང་གནང་བཞིན་ཡོད། ལས་གཞི་གཞན་པ་དེ་ཚོ་ལོ་ལྔ་དེ་མ་ཚར་གོང་ནས་གྲུབ་འབྲས་ཕྲན་བུ་ཞིག་ཐོན་གྱི་རེད་བསམ་གྱི་ཡོད། ད་ལྟའི་འཆར་ང་ཚོས་འབད་བརྩོན་གནང་དང་གནང་བཞིན་པ་རེད།

༥༽ དེའི་སྐོར་ལ་གཅིག་ནས་ལྔ་ཡང་ན་བཅུ་བར་གསུང་གནང་རོགས་ཡོད་དམ།
ལན། ༡༽ བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཕྱི་ལོ་ ༢༠༡༤ ལོར་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུར་ཐག་གཅོད་གནང་དོན་ལྟར་བཙན་བྱོལ་བོད་མིའི་དབུས་སའི་ལས་ཁུངས་ཁག་དང༌། གཞུང་འབྲེལ་མིན་པའི་ཚོགས་པ། སློབ་གྲྭ་ཁག ཕྱི་རྒྱལ་སྐུ་ཚབ་དོན་གཅོད་དང༌། བོད་རིགས་ཚོགས་པ་ཁག་ནས་ལོ་གཅིག་ནང་ལས་འཆར་འདྲ་མིན་སྤེལ་བའི་ཁོངས་གཙོ་གནད་ཆེ་བ་ྋགོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ཉེར་ལྔ་འཁོར་བའི་དུས་དྲན་བདག་ཉིད་ཆེན་པོ་གྷན་རྡི་མཆོག་གི་འཁྲུངས་ཚེས་དང་འབྲེལ་བཞུགས་སྒར་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོས་དབུས་ནོ་བེལ་ཞི་བདེའི་གཟེངས་བཞེས་མྱོང་མཁན་ལྕམ་སྐུ་ ཇོ་ཌི་ཝི་ལི་ཡེམ་སི་མཆོག་དང༌། ལྕམ་སྐུ་ཤི་རིན་ཨི་བྷ་ཌི་མཆོག་སོགས་མཉམ་ཞུགས་ཀྱིས་མཛད་སྒོ་ཟབ་རྒྱས་སྤེལ་ཡོད།

༢༽ འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་ཆེད་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོར་སྲུང་བརྩི་ཞུས་ཡོད། དེ་ཉིན་ང་ཚོས་རང་དབང་དང་དྲང་བདེན་ཆེད་འཐབ་རྩོད་གནང་བཞིན་པའི་གཞིས་ལུས་བོད་མི་ཚོར་རྒྱབ་སྐྱོར་སྔར་བས་ཤུགས་ཆེ་བ་དང་ནུས་པ་འཕར་མ་འདོན་རྒྱུའི་དུས་ཞིག་ཡིན། བོད་ནང་དུ་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་བརྟེན་རང་ལུས་མེར་སྲེག་བཏང་སྟེ་ཞི་རྒོལ་བྱེད་མཁན་བོད་མི་གྲངས་ ༡༣༥ ཟིན་ཡོད། བོད་མི་ཚོས་རང་ལུས་མེར་སྲེག་བསྟུད་མར་གཏོང་བཞིན་པ་དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་ཆབ་སྲིད་དམ་བསྒྲགས་དང༌། ཁོར་ཡུག རིག་གཞུང་རྩ་མེད། དེ་བཞིན་དཔལ་འབྱོར་ཟུར་ཕུད་ཀྱི་སྲིད་བྱུས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་མཚོན་གྱི་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པ། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་སོགས་ཚོགས་པ་འདྲ་མིན་གྱིས་བོད་དོན་ཐོག་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བརྟེན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་དོན་ཐོག་མུ་མཐུད་དོ་སྣང་བྱེད་བཞིན་ཡོད།

༣༽ ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འཐོབ་ཐབས་སུ་དམིགས་ཏེ་རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་གོ་རྟོག་ལས་འགུལ་སྤེལ་བར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་འདྲ་མིན་མང་དག་ཅིག་གི་ནང་དྲིལ་བསྒྲགས་རྒྱ་ཆེ་བྱུང་ཡོད།
དེ་ཡང་གོང་ཚེས་ཉིན་རྡ་སྟེང་བོད་ཁྱིམ་ཚོགས་ཁང་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དབུ་མའི་ལམ་གྱི་ཡིག་ཆ་རྣམས་སྤྱན་བསྟར་ཞུས་པ་དང་སྦྲགས། ལས་འགུལ་དབུ་འབྱེད་མཛད་ཡོད། དེ་རྗེས་སྲིད་སྐྱོང་མཆོག་དང་ཕྱི་དྲིལ་བཀའ་བློན་མཆོག་སོགས་དབུ་ཞུགས་ཐོག་དབུ་མའི་ལམ་གྱི་ཡིག་ཆ་དང་བརྙན་འཕྲིན། དབུ་མའི་ལམ་གྱི་དྲ་རྒྱ་དབུ་འབྱེད་སོགས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པའི་གནས་ཚུལ་རྣམས་རྒྱལ་སྤྱི་དང་རྒྱ་གར། བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ཆེ་ཆུང་སྣ་མང་ནང་ཐོན་ཡོད། དེ་མཚུངས་ཕྱི་ཟླ་ ༧ དང་ ༨ པའི་ནང་བཀའ་བློན་རྣམ་པ་དང་དབུས་ལས་ཁུངས་ཁག་གི་དྲུང་ཆེ་རྣམས་ནས་རྒྱ་གར་ནང་བོད་མིའི་གནས་བསྡོད་ས་ཁུལ་ཁག་ལ་དབུ་མའི་ལམ་དང་ྋགོང་ས་མཆོག་གི་མཛད་འཕྲིན་བཅས་ཀྱི་སྐོར་འགྲེལ་བརྗོད་གནང་ཐུབ་པ་བྱུང་ཡོད།

༤༽ ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༦ དང་ཚེས་ ༢༧  ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་བསྡུ་བསྐོང་དང་ཡུ་རོབ་དམིགས་བསལ་དོན་གཅོད་ལས་ཁུངས་ནས་གྲ་སྒྲིག་གནང་ཐོག ཇར་མན་གྱི་གྲོང་ཁྱེར་ཧམ་བྷག་གི་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་བོད་རྒྱའི་ཚོགས་འདུར། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་གྱིས་བཀའ་སློབ་གནང༌། བོད་རྒྱའི་ཚོགས་འདུ་འདིར་ཡུ་རོབ་དང༌། ཨ་རི། ཨེ་ཤི་ཡ། ཨོ་སི་ཀྲོ་ལི་ཡ་བཅས་ནས་རྒྱ་རིགས་ཤེས་ཡོན་ཅན་དང༌། དཔོན་རིགས། ལས་འགུལ་བ། རྩོམ་པ་པོ་སོགས་དང༌། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིང་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་ཕྱི་དྲིལ་བཀའ་བློན་དང༌། ཡུ་རོབ་དམིགས་བསལ་སོགས་ཁྱོན་མི་གྲངས་ ༧༠ ཙམ་བརྒལ་བ་མཉམ་བཞུགས་གནང་ཡོད། ཚོགས་འདུ་འདིའི་ཐོག་ནས་བོད་དོན་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་པའི་སྤྱི་བསྒྲགས་ཤིག་ཀྱང་སྤེལ་ཡོད།

༥༽ འདི་ལོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་ཨ་རི་དང༌། ཨིན་ཇི། འཇར་མན། ཁེ་ན་ཌ། ཅེག་རྒྱལ་ཁབ་བཅས་ནས་བོད་ནང་འགྲོ་བ་མིའི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང༌། རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ཇེ་ཞན་དུ་འགྲོ་བཞིན་པའི་སྐོར་གླེང་སློང་བྱས་ཡོད། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིགས་གཞུང་དང༌། སྨྲ་བརྗོད། འདུ་འཛོམས་ཐོབ་ཐང་སོགས་ཀྱི་དམིགས་བསལ་འགན་འཁུར་བས་བོད་ཀྱི་གཞས་པ་དང༌། རོལ་མོ་བ་ལ་རྒྱ་གཞུང་ནས་དམ་སྦྲགས་བྱེད་ཀྱི་ཡོད་པའི་སྐོར་ཁྱབ་བསྒྲགས་བྱས་ཡོད། དེ་མཚུངས་ཨི་ཀྲ་ལིའི་གྲོས་ཚོགས་གོང་མ་དང༌། ཨིན་ཇིའི་གྲོས་ཚོགས་འོག་མ། སེ་ཀོཀྲི་ལེནཌ་གྲོས་ཚོགས་བཅས་ནས་བོད་ནང་རང་ལུས་མེར་སྲེགས་དང༌། འགྲོ་བ་མིའི་ཐོབ་ཐང་སྐོར་འགྲོ་གླེང་བྱས་ཡོད། ལྷག་པར་དུ་ཨ་རིའི་སྲིད་འཛིན་སྐུ་ཞབས་སྦ་རག་ཨོ་བ་མ་མཆོག་རྒྱ་ནག་ལ་ཕེབས་སྐབས་རྒྱ་ནག་ནང་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དགོས་པའི་ནན་བསྐུལ་གནང་བ་བཅས་སོ།

༦༽ སྐུ་ཉིད་ཕྱི་དྲིལ་བཀའ་བློན་གནང་བའི་དུས་ཡུན་ནང་དམིགས་བསལ་གྱི་གྲུབ་འབྲས་གང་དང་གང་བྱུང་ཡོད་དམ།
ལན། ཕྱི་དྲིལ་གྱི་འགན་མང་པོ་ཞིག་སྲིད་སྐྱོང་གིས་འགན་བཞེས་ཀྱི་ཡོད་རེད། རྒྱལ་སྤྱིའི་གནད་ཡོད་མི་སྣ་མང་པོ་ཞིག་སྔོན་མ་དང་མ་འདྲ་བར་སྲིད་སྐྱོང་མཆོག་གིས་མཇལ་ཐུབ་ཡོད་རེད་བསམ་གྱི་ཡོད། རོགས་དངུལ་ཐབས་ཤེས་བྱེད་རྒྱུ་དེའི་ཐོག་ང་ཚོས་རྒྱལ་ཁབ་ཁ་ཤས་ཀྱི་གཞུང་ལ་འབྲེལ་བ་ཞུས་ནས་ཡག་པོ་བྱུང་ཡོད་རེད་དྲན་གྱི་ཡོད། དེ་ག་ནང་བཞིན་ཉི་ཧོང་གཞུང་གསར་པའི་ངོས་ནས་འབྲེལ་བ་མུ་མཐུད་ནས་བྱུང་ཡོད་རེད་ལ་ང་ཚོའི་སྐབས་སུ་གྲོས་ཆོད་ཁག་མང་པོ་ཞིག་འཇོག་ཐུབ་པ་བྱུང་ཡོད་རེད། བོད་ནང་གི་གནས་སྟངས་དང་འབྲེལ་བའི་ཐོག་ང་ཚོས་གྲུབ་འབྲས་ཐོན་ཡོད་བསམ་གྱི་ཡོད།

བཀའ་ཤག་སྐབས་ ༡༤ པས་འགན་བཞེས་འགོ་འཛུགས་བྱེད་སྐབས་སུ། བོད་ནང་རང་ལུས་མེར་བསྲེགས་གནང་བ་དེ་ཚབས་ཆེ་རུ་ཞེ་དྲག་ཕྱིན་པ་རེད། བཀའ་ཤག་ངོས་ནས་རྒྱལ་སྤྱིའི་ཐོག་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་དེ་འགྲེལ་བཤད་ཡག་པོ་ཞིག་བརྒྱབ་ཐུབ་ཡོད་པ་དང༌། དེའི་སྐབས་སུ་ང་ཚོས་ཤུགས་མ་བརྒྱབ་པ་ཡིན་ན་ཏན་ཏན་རྒྱ་ནག་གཞུང་གི་འགྲེལ་བརྗོད་རྫུན་མ་བྱེད་སྟངས་ཀྱི་ཤུགས་རྐྱེན་ཐེབས་ངེས་རེད་བསམ།

ལས་ཁུངས་ཁག་གཞན་པ་ངྷི་ལིའི་དོན་གཅོད་ཁང་ཡིན་ཡང་ཉེ་འཆར་རྒྱ་གར་གཞུང་གི་བོད་པ་སྐྱབས་བཅོལ་བ་ཚོའི་ཐོབ་ཐང་གང་འདྲ་ཡོད་མེད་ཡིག་ཆ་ཞིག་ཐོན་ཡོད་པ་དེ་གཙོ་བོ་ནང་སྲིད་ལས་ཁུངས་ཀྱི་འབད་བརྩོན་གནང་བ་རེད། དེའི་ཐོག་ལྡི་ལི་དོན་གཅོད་ཡིན་ཡང་གང་ཐུབ་ཐུབ་ཕྱག་རོགས་གནང་ཡོད་རེད། དེ་བཞིན་བལ་ཡུལ་ནང་གནས་སྟངས་ཁག་པོ་ཞིག་ཡོད་ཀྱང་ཆབ་སྲིད་དང་འབྲེལ་བ་མེད་ན་བོད་པ་ཚོ་རིག་གཞུང་དང་འབྲེལ་བའི་ཐོག་ནས་མཛད་སྒོ་དང་དུས་དྲན་ལ་བསྲུང་རྩི་ཞུ་ཐུབ་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་རེད། ཕྱི་དྲིལ་གྱི་ངོས་ནས་ཨ་རིའི་གྲོས་ཚོགས་ནང་འབྲེལ་བ་ཆེ་ཙམ་ཡོང་ཆེད་ཤུགས་ཆེ་རུ་གཏོང་རྒྱུའི་ཆེད་དུ་ཨ་རི་དོན་གཅོད་ཝ་ཤིན་ཁྲོན་ལ་མར་སྤོས་ནས་ཕྱག་ལས་གནང་དང་གནང་བཞིན་པ་རེད།

༧༽ ཕྱི་དྲིལ་ལས་ཁུངས་དབུས་བོད་མིའི་ཕྱི་ཕྱོགས་ལ་འབྲེལ་མཐུད་པའི་ལས་ཁུངས་གཙོ་བོ་དེ་ཆགས་ཀྱི་ཡོད་དུས། སྐུ་ཉིད་བཀའ་བློན་གནང་བའི་རིང་འབྲེལ་བ་གནང་ཕྱོགས་ཀྱི་ཐད་ལ་ཡར་རྒྱས་ག་རེ་བཏང་ཡོད་དམ།
ལན། ལས་བྱེད་སྲ་བརྟན་ཡོང་བ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ད་ལྟའི་འཆར་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་ཡར་མར་གནས་སྤོས་གནང་དུས་ལས་བྱེད་གཏན་འཇགས་མེད་རྐྱེན་འགོ་ནས་གཟབ་སྦྱོང་སྤྲོད་དགོས་པ་དེ་གནད་འགག་རེད་བསམ། ཁྱད་ལས་ཀྱི་ངོ་བོ་ཡོང་བ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཁྱད་ལས་ཀྱི་ངོ་བོ་ཡོང་བའི་ཆེད་དུ་ལས་བྱེད་གཏན་འཇགས་ཡོང་དགོས་ཀྱི་ཡོད་རེད། དེ་གཏན་འཇགས་མེད་པ་ཡིན་ན་ཁག་པོ་རེད། དེར་ཏོག་ཙམ་དགོངས་པ་བཞེས་རྒྱུ་མེད་འགྲོ་བསམ་གྱི་ཡོད།

༨༽ ཕྱི་དྲིལ་ལས་ཁུངས་ཀྱི་ལས་དོན་གནང་ཕྱོགས་ཀྱི་ཐད་ལ་སྡེ་ཚན་ཁག་མི་འདྲ་བ་ག་ཚོད་ཡོད་དམ། ཚན་པ་དེ་དག་གི་ལས་དོན་གནང་ཕྱོགས་ཀྱི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས་གནང༌།
ལན། སྤྱིར་བཏང་ཕྱི་དྲིལ་ལས་ཁུངས་འདིར་སྡེ་ཚན་གསུམ་ཡོད་པ་སྟེ། ཕྱི་འབྲེལ་དང༌། དྲིལ་བསྒྲགས། འཛིན་སྐྱོང་བཅས་ཡོད། སྣར་ཐང་དཔར་ཁང་དང་ཀམ་པུའུ་ཊར་སྡེ་ཚན་གཉིས་ནི་ལས་ཁུངས་འདིའི་ཁྱབ་ཁོངས་རེད། དང་པོ་ཕྱི་འབྲེལ་སྡེ་ཚན་ནི་བོད་མིའི་སྒྲིག་འཛུགས་ནས་ཕྱིའི་རྒྱལ་ཁབ་ཁག་ལ་འབྲེལ་བ་ཞུ་རྒྱུའི་མཚོན་དེ་འབྲེལ་ལས་དོན་ཞུ་སྒོའི་འགན་འཁུར་ཞུ་བཞིན་ཡོད་ཅིང༌། འདིར་ནང་གསེས་ཚན་པ་ལྔ་ཡོད་པ་སྟེ། ༡། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཚན་པ། ༢། རྒྱ་ཡིག་ཚན་པ། ༣། མཉམ་འབྲེལ་རྒྱལ་ཚོགས་དང༌། ཡུ་རོབ་སྤྱི་མཐུན། འགྲོ་བ་མིའི་ཐོབ་ཐང་ཚན་པ། ༤། བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚན་པ། ༥། སྣེ་ཤན་ཚན་པ་བཅས་ཡིན། 

གཉིས་པ་དྲིལ་བསྒྲགས་སྡེ་ཚན་གྱི་བོད་ཕྱི་ནང་གཉིས་ཀྱི་གང་ཅིའི་གནས་ཚུལ་རྣམས་དུས་ནས་དུས་སུ་རྒྱལ་སྤྱི་དང༌། གཞུང༌། མི་མང༌། གྲོས་ཚོགས་བཅས་ཀྱི་མཁྱེན་པ་བཟོས་ཏེ་རྒྱབ་སྐྱོར་ཐོབ་ཐབས་བྱ་རྒྱུ་དང༌། རྒྱལ་སྤྱིའི་གླེང་སྟེགས་ཁག་ཏུ་བོད་དོན་དང་འབྲེལ་བའི་གནས་ཚུལ་ཐོན་རིགས་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཚོས་མཁྱེན་རྟོགས་ཐུབ་པ་བཟོ་རྒྱུ་དེ་ཡིན། འདིའི་ཁོངས་སུ་ཚན་པ་བརྒྱད་ཡོད་པ་ནི། ༡། གསར་ཤོག་ཚན་པ། འདིའི་ནང་གསེས་ཤེས་བྱ་གསར་དེབ་དང༌། བོད་མིའི་རང་དབང༌། བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེའི་དྲིལ་བསྒྲགས་ཡིག་ཆ། ཨིན་ཡིག་དུས་དེབ། རྒྱ་ཡིག་དུས་དེབ། ༢། བོད་རྒྱ་ཨིན་གསུམ་གྱི་དྲྭ་རྒྱ། ༣། གསར་འགོད་འབྲེལ་ལམ་ཚན་པ། ༤། ལས་འཆར་ཚན་པ། ༥། རྩོམ་བསྒྱུར་དང་དཔར་སྐྲུན་ཚན་པ། ༦། སྒྲ་བརྙན་དང༌། བོད་ཀྱི་བརྙན་འཕྲིན། དྲྭ་རྒྱའི་བརྙན་འཕྲིན་ཚན་པ། ༧། བོད་ཀྱི་འགྲེམས་སྟོན་ཚན་པ། ༨། འགྲེམས་སྤེལ་ཚན་པ་བཅས་ཡིན། 

གསུམ་པ་འཛིན་སྐྱོང་སྡེ་ཚན་གྱི་ལས་ཁུངས་ཀྱི་རྩིས་ཀྱི་གཙོས། ཉིན་རེའི་འཛིན་སྐྱོང་ལས་དོན་དང་འབྲེལ་བའི་གང་ཅིའི་ཞུ་སྒོར་སྟངས་འཛིན་ཞུ་རྒྱུ་དང༌། ལས་བྱེད་སྒེར་གྱི་དཀའ་ངལ་ལ་གཟིགས་རྟོགས་བྱ་རྒྱུ། གསར་ཤོག་དང་དུས་དེབ་རྣམས་དུས་ཐོག་ཏུ་ས་གནས་སོ་སོར་མཁོ་གཏོང་བྱ་རྒྱུའི་འགན་ཡོད་ཅིང༌། འདིའི་ཁོངས་སུ་ཡོད་པའི་ཚན་པ་བཞི་ནི། ༡།    རྩིས་ཁང༌། ༢། ཡིག་ཆ་གསོག་འཇོག་ཁང༌། ༣། གསར་ཤོག་དང་དུས་དེབ་འགྲེམས་སྤེལ་ཚན་པ། ༤། ལས་ཁུངས་བདག་གཅེས་བཅས་ཡིན།
   
༩༽ བོད་ཀྱི་དཀའ་རྙོག་དེ་རྒྱ་ནག་དང་འབྲེལ་བའི་དཀའ་རྙོག་ཞིག་རེད། རྒྱ་རིགས་དང་འབྲེལ་བ་གནང་ཕྱོགས་ཀྱི་ཐད་ལ་དམིགས་བསལ་གྲུབ་འབྲས་གང་དང་གང་བྱུང་ཡོད་དམ།
ལན། ང་ཚོའི་ལས་ཀ་ཁ་ཤས་ད་ལྟ་འབད་བརྩོན་གནང་དང་གནང་བཞིན་པ་ཡིན་དུས། དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ་གྲུབ་འབྲས་འདི་ཡིན་ཟེར་རྒྱུ་དེ་ཁག་པོ་ཡོད་རེད་བསམ། ཡིན་ཡང༌། རྒྱ་རིགས་ཚོར་དབུ་མའི་ལམ་གྱི་སྐོར་ནས་གོ་རྟོགས་སྤེལ་བ་ཡར་རྒྱས་སུ་ཕྱིན་ཡོད་པ་དེ་ནི་ང་ཚོའི་གྲུབ་འབྲས་གཙོ་བོ་ཞིག་རེད། དེར་དཀའ་ངལ་ག་རེ་ཡོད་རེད་དམ་ཞུས་ན། དེ་ང་ཚོས་བསྟན་རྒྱུ་ཡོད་མ་རེད། བསྟན་རྒྱུ་སུ་ལ་ཡོད་རེད་ཞུས་ན་རྒྱ་སྐད་ཤེས་མཁན་ཚོ་ལ་ཡོད་རེད། དཀའ་ངལ་དེ་ང་ཚོས་རྒྱ་མི་ལ་འབྲེལ་བ་བྱས་ནས་གོ་རྟོགས་སྤེལ་རྒྱུ་ཡར་རྒྱས་སུ་བཏང་བ་མ་ཚོར་བ་དེ་ནི་མང་ཆེ་བས་རྒྱའི་སྐད་ཡིག་མཁྱེན་གྱི་མེད་ཙང་དུས་ཚོད་དང་བསྟུན་ནས་དྲི་བ་དྲིས་སྟངས། བོད་དང་འབྲེལ་བའི་སྐོར་ལ་བཤད་སྟངས་སོགས་འགྱུར་བ་འགྲོ་ཡི་ཡོད་པ་དེ་ང་ཚོས་ཚོད་ཟིན་ཐུབ་ཀྱི་ཡོད་མ་རེད། རྒྱ་རིགས་ཀྱི་སྤྱི་ཚོགས་ནང་ནས་དབུ་མའི་ལམ་སྐོར་ལ་གོ་རྟོགས་སྤེལ་བ་དང༌། བོད་པ་ཚོའི་འཐབ་རྩོད་དེ་ཡང་ཞི་བའི་ཐོག་ནས་ཡིན་སྐོར་གོ་རྟོགས་སྤེལ་གྱི་ཡོད་རེད། དཔེར་ན་ཤིན་ཅང་ངམ་ཡུ་གུར་ལ་བལྟས་པ་ཡིན་ན་ང་ཚོའི་ལས་འགུལ་དེ་ཞི་བའི་ཐོག་ནས་ཡིན་པ་གསལ་པོ་ཞེ་དྲག་རེད། དེ་བཞིན་ང་ཚོས་ཕྱི་ཟླ་ ༨ པའི་ནང་ཇར་མན་ལ་ཚོགས་འདུ་ཞིག་སྐོང་ཐུབ་ཡོད་རེད། དེའི་ཐོག་དབུ་མའི་ལམ་སྐོར་ལ་བསྐྱར་དུ་ངོ་སྤྲོད་ཞུ་ཡག་གཅིག་དང་དེ་ཡང་ང་ཚོའི་རྒྱ་ཡིག་ཚན་པ་དང་འབྲེལ་མཐུད་པ་གསུམ། ཐེན་ཝན་དོན་གཅོད་ནས་ང་ཚོ་ནང་ཁུལ་གྱི་འབྲེལ་མཐུད་བྱེད་ས་དང་བྱེད་ཕྱོགས་ཐད་ནས་འཆར་གཞི་བཟོ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་རེད་དྲན་གྱི་ཡོད།

ང་ཚོའི་གྲུབ་འབྲས་ཆེ་ཤོས་གཅིག་ཡང་དེ་རེད། རྒྱ་མི་དང་འབྲེལ་བ་བྱེད་པར་མི་ལ་རག་ལུས་ཡོད་དུས་ང་ཚོའི་རྒྱ་ཡིག་ཚན་པའི་ནང་ལས་བྱེད་སྲ་བབརྟན་བྱུང་ཐུབ་ཡོད་རེད། སྔོན་མ་ཡིན་ན་ང་ཚོའི་གཞུང་ཞབས་ནང་ལ་མང་པོ་ཞིག་ཚུད་ཐུབ་ཀྱི་ཡོད་མ་རེད། གང་ཡིན་ཟེར་ན། བོད་ནས་ཕེབས་མཁན་ཚོ་སློབ་གྲྭ་མཐར་ཕྱིན་པའི་ཡིག་ཆ་མེད་པས་སོ་སོ་ལ་སློབ་ཐོན་ལག་འཁྱེར་མེད་དུས་ཚུད་ཐུབ་ཀྱི་ཡོད་མ་རེད། ང་ཚོས་ད་ལྟ་གནས་སྟངས་དེའི་ཐོག་ནས་ཧ་གོ་བ་བྱས་ཏེ་གྲོས་ཚོགས་ཀྱིས་རྒྱབ་བསྐྱོར་གནང་ནས་ཡིག་རྒྱུགས་བཏང་ནས་གཞུང་ཞབས་ནང་ཚུད་ཐུབ་པ་ཞིག་བྱུང་ཡོད་རེད། དེ་ཚུད་ཐུབ་པ་བྱུང་ནས་རྒྱ་ཡིག་ཚན་པའི་ནང་ལས་བྱེད་རང་གི་ངོ་བོའི་ཐོག་ནས་ཕྱག་ལས་གནང་རྒྱུ་འགོ་འཛུགས་བྱས་ཡོད་རེད།

༡༠༽ ཕྱི་དྲིལ་ལས་ཁུངས་ཀྱི་སྟངས་འཛིན་འོག་ལ་ཡོད་པའི་ལག་དེབ་སེར་པོ་(IC)དེ་སྐྱབས་བཅོལ་བོད་མི་ཚོ་ལ་གནད་དོན་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད། དེའི་ཐོག་ལ་འགྱུར་བ་དང་ཡར་རྒྱས་གང་དང་གང་ཕྱིན་ཡོད་དམ།
ལན། ལག་དེབ་སེར་པོའི་སྐོར་ལ་ཉེ་ཆར་དཀའ་ངལ་ཞིག་འཕྲད་པ་རེད། རྒྱ་གར་གཞུང་གི་འབྲེལ་ཡོད་ལྷན་ཁང་གི་གློག་ཀླད་ལ་དཀའ་ངལ་བྱུང་ནས་ལག་དེབ་སེར་པོ་མགྱོགས་པོར་ཐོན་ཐུབ་ཡོད་མ་རེད། དུས་ཚོད་མང་པོ་ཞིག་འགོར་ཡོད་རེད། དེ་རྗེས་ལས་ཁུངས་ནས་དཀའ་ངལ་དེ་ཚོ་ཚང་མ་སེལ་ཐུབ་ནས་ཡིག་ཆ་མགྱོགས་པོར་བཟོ་ཐུབ་ཆེད་འབྲེལ་ཡོད་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་ནས་འབད་བརྩོན་གྱིས་ད་ལམ་དཀའ་ངལ་གང་ཙམ་སེལ་ཐུབ་ཡོད་རེད། དེ་མིན་གཞན་ལག་དེབ་སེར་པོ་ལ་འགྱུར་བ་དང་ཡར་རྒྱས་གཏོང་རྒྱུ་ཡོད་མ་རེད།

༡༡༽ གོང་གི་དྲི་བ་དང་མ་འབྲེལ་བའི་གལ་གནད་ཆེ་བའི་དགོངས་འཆར་གང་གསུང་རྒྱུ་ཡོད་དམ།
ལན། ང་ཚོ་ད་ལྟ་གལ་ཆེ་ཤོས་ཤིག་བོད་མི་ཡིན་པའི་ཆ་ནས་དབུ་མའི་ལམ་ལ་དོ་སྣང་བྱེད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད། དབུ་མའི་ལམ་གྱི་ཡིག་ཆ་དེ་ཚོ་ཚང་མ་ཡག་པོ་ཞིག་གཟིགས་ནས་སོ་སོ་དེ་ལ་མོས་མཐུན་ཡོད་མེད་ཐག་གཅོད་བྱེད་རྒྱུ་མ་གཏོགས་དེ་མ་གཟིགས་པ་བྱས་ནས་མོས་མཐུན་མེད་ཟེར་ན་ཏག་ཏག་བསྡད་ཀྱི་ཡོད་མ་རེད། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོ་ལ་དེ་ག་རང་བཤད་ཀྱི་ཡོད། སོ་སོ་མོས་མཐུན་ཡོད་ཀྱང་མེད་ཀྱང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡིན་པའི་ཆ་ནས་ང་ཚོས་བོད་མི་མང་གི་ཚབ་བྱས་ནས་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དེ་ག་རེ་ཡིན་མིན་ཐད་ཡག་པོ་ཧ་གོ་དགོས་ཀྱི་ཡོད་རེད།

༧གོང་ས་མཆོག་ཡིན་ཡང་རེད། སྲིད་སྐྱོང་ཡིན་ཡང་རེད། ཕྱི་རྒྱལ་ཁག་ག་པར་ཕེབས་པ་ཡིན་ཡང་ས་གནས་གཞུང་གི་མཇལ་འཕྲད་གནང་གི་མི་འདུག་ཟེར་ནས་ཁོང་ཚོས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་རེད། གཙོ་བོ་དེ་ཁོང་ཚོས་ང་ཚོ་ཁ་བྲལ་རིང་ལུགས་པ་རེད་ཟེར་ནས་རྒྱ་ནག་གཞུང་གི་ག་རེ་བཤད་པ་གཞི་ལ་བཞག་ནས་མཇལ་འཕྲད་གནང་གི་ཡོད་མ་རེད། ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ཧ་གོ་བ་ཡིན་ན། ང་ཚོ་ཁ་བྲལ་རིང་ལུགས་མིན་པ་དེ་གསལ་པོ་ཞེ་དྲག་རེད། འཛམ་བུ་གླིང་གི་ས་ཕྱོགས་གང་སར་བཞུགས་ཡོད་པའི་བོད་མི་ཚོས་རྒྱ་མི་ལ་འབྲེལ་བ་བྱེད་དགོས་པར་གལ་ཆེན་རེད་བསམ། ཕྱི་རྒྱལ་ཁག་ལ་ཆ་མཚོན་ན་ས་གནས་སོ་སོའི་ངོས་ནས་རྒྱ་ནག་གཞུང་ཚབ་ཡར་མར་བསྐོང་རྒྱུ་ཐབས་ཤེས་མང་པོ་བྱས་ནས་འབྲེལ་བ་བྱས་པ་ཡིན་ན་ས་གནས་དོན་གཅོད་ལ་ལམ་བསྟོན་ཞུ་རྒྱུ་དེ་གལ་ཆེན་པོ་རེད། འོན་ཀྱང་སོ་སོའི་ལས་ཀ་བྱེད་ས་དང་སློབ་སྦྱོང་བྱེད་ས་ཁག་ལ་སྒུག་བསྡད་ཡོད་དུས་འབྲེལ་བ་བྱེད་རྒྱུ་དང་དོ་སྣང་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཅེས་སོགས་འགྲེལ་བརྗོད་གནང་སོང་བ་བཅས།།

བཅར་འདྲི་ཞུ་མཁན་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་འགོད་པ་ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།