བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

དགེ་འདུན་པ་ཞིག་གི་གུང་གསེང་སྐབས་ཀྱི་མྱོང་ཚོར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༢།༦ཉིན་སྤེལ། འདི་ག་གསར་འགོད་པས་མེག་ལོར་གྱི་གངས་རླུང་དང་དྲག་ཆར་ལ་མ་འཛེམ་པར་འདི་ལོ་དགུན་ཁའི་གུང་གསེང་སྐབས་ཟུར་སྦྱོང་གནང་བཞིན་པའི་དགེ་འདུན་པ་རྒྱལ་མཚན་དར་རྒྱས་ལགས་ཁོང་གི་མི་ཚེའི་ལོ་རྒྱུས་དང་།

གུང་གསེང་སྐབས་ཀྱི་མྱོང་ཚོར། ཕན་ཐོགས་གང་བྱུང་ཡོད་མེད། དེ་བཞིན་དགེ་འདུན་པ་ཞིག་ཡིན་པའི་ཆ་ནས་འགན་འཁྲི། མ་འོངས་པའི་ཕུགས་འདུན་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་ཞིག་གཤམ་དུ་བསྐོད་ཡོད་པས་དགྱེས་གཟིགས་ཡོད་པ་ཞུ།

༡ ཐོག་མར་ཁྱེད་རང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས།

ལན།   ངའི་མི་ཚེའི་སྐོར་ལ་ངོ་སྤྲོད་བྱེད་རིན་ཡོད་པ་ཞིག་མེད། འོན་ཀྱང་ངའི་མིང་ལ་རྒྱལ་མཚན་དར་རྒྱས་ཟེར་གྱི་ཡོད།  ང་རང་སྐྱེ་ས་བོད་ནས་རེད། ང་རང་བོད་ལ་ཡོད་པའི་སྐབས་སུ་དམའ་རིམ་འཛིན་གྲྭ་དྲུག་པ་བར་ཕྱིན་པ་ཡིན། སྐབས་དེ་དུས་སློབ་སྦྱོང་བྱེད་པའི་གོ་སྐབས་མང་པོ་ཞེ་དྲག་ཐོབ་མྱོང་མེད། གང་ཡིན་ཟེར་ན། རྒྱ་ནག་གཞུང་གིས་ལོ་དྲུག་ལམ་ལུགས་ཀྱི་སློབ་གསོ་ཚོད་ལྟ་བྱེད་པའི་སྐབས་སུ་འཁེལ་ཡོད་པ་རེད། དེར་བརྟེན་སློབ་འབྲིང་འགྲོ་རྒྱུའི་གོ་སྐབས་ཐོབ་ཡོད་མ་རེད།

སློབ་གྲྭ་དེ་ཐོན་པའི་རྗེས་བཀའ་བརྒྱུད་པའི་གདན་ས་སྟག་ལུང་དགོན་པར་གྲྭ་པ་བྱས་པ་ཡིན། དགོན་པའི་ནང་གྲྭ་པ་བྱེད་པའི་སྐབས་སུ་ཡང་བཤད་གྲྭ་དང་སློབ་གཉེར་གནང་ས་གང་ཡང་ཡོད་མ་རེད། སྐབས་དེ་དུས་སྤྱི་ཡོངས་ཀྱི་ཆ་ནས་གྲྭ་པ་གསར་པ་བྱེད་མཁན་ཚང་མ་གཅིག་མཚུངས་རེད།
སོ་སོའི་སྤུན་མཆེད་དང་འབྲེལ་ཡོད་ཀྱི་གྲྭ་པ་རྒན་པ་དེ་འདྲ་མཉམ་དུ་བསྡད་ནས་དེས་སློབ་སྦྱོང་གི་ཐད་ལ་ག་རེད་བྱེད་ལབ་པ་དང་ཆོལ་ཁ་ཕྱག་ལེན་བསླབས་ནས་བསྡད་པ་མ་གཏོགས་གཞན་དམིགས་བསལ་གྱི་རིག་གནས་དང་གཞུང་གི་སྐོར་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་གང་ཡང་ཡོད་མ་རེད། ཁྱོན་སྡོམ་དགོན་པའི་ནང་ལ་ལོ་དྲུག་ཙམ་ཞིག་བསྡད་པ་ཡིན། 

སྤྱིར་སྟག་ལུང་དགོན་པའི་སྐོར་ལ་མདོར་སྡུས་དང་། སྟག་ལུང་གི་གྲྭ་པ་འདུ་མང་གིས་རྒྱུན་དུ་ག་རེ་གནང་གི་ཡོད་པའི་སྐོར་ཞུས་ན། ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པའི་ནང་ནས་ཟླ་བ་དྲུག་དེ་དགོན་པ་ལ་བསྡད་པ་དང་ཟླ་བ་དྲུག་དེ་གྲྭ་པ་སོ་སོ་ས་ཕྱོགས་ཁག་ལ་སྐུ་རིམ་བྱེད་དུ་འགྲོ་ཡི་ཡོད་པ་རེད། དེའི་སྐབས་སུ་ཡིན་ན་ཡང་འཚོ་བརྟེན་དེ་ཡང་གྲྭ་པ་སྒེར་རང་ཉིད་ནས་བྱེད་དགོས་ཀྱི་ཡོད་པ་རེད། དགོན་པ་གཞུང་ནས་ཚོགས་འཚོགས་པ་ཡིན་ན་ཇ་བསྲུབས་མ་ཞིག་གཏོང་གི་རེད། ཚོགས་ཆེ་བ་ཞིག་འཚོགས་པ་ཡིན་ན་ཇ་བསྲུབས་མ་དང་མཉམ་དུ་འབྲས་སིལ་དང་ཐུག་པ། མིག་ལྡག་གཏོང་བ་མ་གཏོགས་སྤྱིར་བཏང་གིས་རྒྱུན་གཏན་གྱི་འཚོ་བ་དེ་གྲྭ་པ་རང་ཉིད་ཀྱིས་འཚོ་དགོིས་པའམ་ཡང་ན་སོ་སོའི་ནང་ལ་ཕྱིན་ནས་འཚོ་བ་བསྐྱལ་དགོས་པ་ཡིན་ཙང་ཟླ་བ་དྲུག་དེ་ཕྱི་ཕྱོགས་ལ་སྐུ་རིམ་ལ་འགྲོ་ཡི་ཡོད་པ་རེད།

གཞན་ཟླ་བ་དྲུག་རིང་དགོན་པའི་ནང་བསྡད་པ་ལ་ཆ་བཞག་ན། རྒྱུན་དུ་དགོན་པ་གཞུང་གིས་ཚོགས་ཆེ་བ་ཁ་ཤས་འཚོགས་དགོས་པ་ཞིག་ཡོད་རེད། དཔེར་ན། སྟག་ལུང་སྒྲུབ་མཆོད། ༼སྦག་འཆམ་འཁྲབ་པའི་དུས་སྟོན་གྱི་ཉིན་མོ་ཞིག་༽དེ་ཡང་ས་ག་ཟླ་བའི་ཚེས་༩ནས་༡༥བར་འཚོགས་ཀྱི་ཡོད་རེད། སྔོན་མ་རྒྱ་ནག་གཞུང་གིས་བཙན་འཛུལ་མ་བྱས་གོང་ལ་ཆ་བཞག་པ་ཡིན་ན། གླིང་དང་གྲྭ་ཚང་ཞེས། སྟག་ལུང་དགོན་པ་དེ་རྒྱ་ཆེན་པོ་ཞེ་དྲག་རེད་འདུག  གླིང་གི་འཆམ་དང་གྲྭ་ཚང་གི་འཆམ་ཞེས་འཁྲབ་མཁན་སྡེ་ཁག་གཉིས་པོའི་གྲྭ་པ་སོ་སོ་རེད་འདུག 

དེང་སང་ཆ་བཞག་པ་ཡིན་ན་དེ་འདྲ་མ་རེད། གྲྭ་ཚང་ལ་མ་གཏོགས་གླིང་ལ་དེ་འདྲ་ཡོད་མ་རེད། གླིང་གི་ནང་དུ་ཡོད་པའི་གྲྭ་ཤག་དེ་དག་ཆ་ཚང་སྤྱི་ཚོགས་རྙིང་པའི་སྐབས་སུ་ཡིན་ན་སོ་སོའི་ནང་གི་དཔལ་འབྱོར་རྒྱབ་བརྟེན་ཡག་པོ་ཡོད་མཁན་དེ་དག་གིས་སོ་སོའི་གྲྭ་ཤག་རྒྱབ་ནས་གླིང་གི་གྲྭ་ཤག་གྲུབ་པ་ཞིག་ཆགས་ཡོད་དུས་གྲྭ་ཤག་དེ་དག་མཐུན་རྐྱེན་འཛོམས་པོ་དང་རྫིག་པོ་མང་པོ་ཞེ་དྲག་ཡོད་རེད། 

རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་པའི་རྗེས་ལ་གླིང་གི་གྲྭ་ཤག་དེ་དག་དེ་སྔོན་དགོན་པ་ལ་བརྟེན་ནས་ལས་ཀ་ཙག་ཙིག་ལས་དགོན་པའི་ཀོར་ཟས་ནས་བསྡད་མཁན་དེ་ཚོའི་མིང་ལ་ཡང་ཀོ་རུལ་བའི་སྡེ་བཤད་ཀྱི་ཡོད་རེད། དེ་ཚོ་ལ་ཕར་སྤྲད་བཞག་པ་རེད། དེང་སང་གླིང་ཟེར་བ་དེ་མི་མང་གི་གནས་སྡོད་ཁྱིམ་ཚང་གི་གྲོང་སྡེ་ཞིག་ཆགས་ཡོད་པ་རེད། 

ད་ལྟའི་ཆར་གྲྭ་ཚང་གི་གྲྭ་པ་རྣམས་ཀྱིས་འཆམ་འཁྲབ་ནས་སྟག་ལུང་སྒྲུབ་མཆོད་འཚོགས་ཀྱི་ཡོད་པ་རེད། དེ་དུས་ཆེན་ཆེ་བ་ཞིག་ཆགས་ཀྱི་ཡོད་པ་དང་། དེའི་རྗེས་ལ་རྗེ་བཙུན་མི་ལ་རལ་པའི་འདས་མཆོད་ལ་༼དགུ་ཆེན་༽ཟེར་བ་ཞིག་འཚོགས་རྒྱུ་ཡོད་པ་རེད། དེ་དུས་ཆེན་ཆེ་བའི་གྲལ་རེད། དེར་བརྟེན་དགོན་པའི་ལས་རིམ་ཟེར་ཡང་མཛད་རིམ་ཟེར་ཡང་ཚོགས་འཚོགས་རྒྱུ་དང་འཆམ་འཁྲབ་པ། ཆོལ་ཁ་ཕྱག་ལེན་མ་གཏོགས་དམིགས་བསལ་གྱིས་བཤད་གྲྭ་དང་ཟུར་དུ་སློབ་སྦྱོང་ཟེར་བ་དེ་འདྲ་ཡོད་མ་རེད།

སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ཡིས་བཤད་གྲྭ་ཞིག་གསར་འཛུགས་གནང་བ་རེད། ང་ཡང་བཤད་གྲྭ་དེའི་ནང་ལོ་གཅིག་མ་ཟིན་ཙམ་བསྡད་མྱོང་ཡོད། དེ་སྔོན་སྟག་ལུང་གི་ལོ་རྒྱུས་ནང་སྒྲུབ་པ་ཉམས་ལེན་བྱས་པ་མ་གཏོགས་གཞུང་ལུགས་བཤད་ཁྲིད་བྱེད་པའི་ལུགས་སྲོལ་དེ་མེད་པ་རེད་འདུག
འོན་ཀྱང་རྩེ་སྤྲུལ་རིན་པོ་ཆེ་ཡིས་དགོངས་པ་རླབས་ཆེན་ཞིག་བཞེས་ནས་དེང་སང་གི་དུས་ཚོད་འདི་ལ་གཞུང་ལུགས་ཆེན་པོ་ལ་སློབ་སྦྱོང་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་པ་དགོངས་ནས། རི་བོ་ཆེ་དགོན་པ་ནས་མཁན་པོ་གདན་དྲངས་ནས་གཞུང་ལུགས་ཀྱི་ཐད་ལ་སློབ་སྦྱོང་བྱས་ཤིང་གང་ལ་གང་འཚམས་ཕྱིན་པ་རེད། དེ་ནས་རྩེ་སྤྲུལ་རིན་པོ་ཆེ་སྐུ་བཤེགས་ནས་བཤད་གྲྭ་དེ་ཉམས་རྒུད་དུ་ཕྱིན་སྟེ་དེང་སང་བཤད་གྲྭ་མེད་པ་འདྲ་བོ་ཆགས་ཚར་འདུག 

བཤད་གྲྭ་དེ་མ་བཙུགས་སྔོན་ལ་བློ་འཛིན་དང་། ཆོལ་ཁ་ཕྱག་ལེན། འཆམ་འཁྲབ་རྒྱུའི་སྐོར་ལ་སྦྱང་ནས་ཏོག་ཙམ་ཤེས་པ་མ་གཏོགས་དགེ་འདུན་པ་མང་པོ་ལ་གོ་སྐབས་དམིགས་བསལ་གང་ཡང་ཐོབ་ཡོད་མ་རེད། ༢༠༠༥ལོར་ང་རང་བཙན་བྱོལ་ལ་སླེབས་པ་ཡིན། དེ་དུས་རྒྱ་གར་ལ་ཡོང་བའི་སྐབས་སུ་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་པོ་དེ་འདྲ་ཡོད་པ་ཧ་གོ་ཡི་མེད། རྒྱ་གར་ལ་ཕྱིན་ནས་སློབ་སྦྱོང་གི་གོ་སྐབས་ཤིག་ཡོད་པ་ཧ་གོ་ནས་རྒྱ་གར་ལ་ཡོང་བ་ཡིན། དེ་ཡོང་བའི་རྗེས་ལ་ཐོག་མར་སློབ་གྲྭ་འགྲོ་རྒྱུའི་དམིགས་ཡུལ་བཟུང་ནས་ཤེས་རབ་དགའ་ཚལ་སློབ་གླིང་ནང་ལོ་གཅིག བསྡད་པ་ཡིན། དེ་ནས་ལོ་གཅིག་གི་རྗེས་ལ་ལུས་ཁམས་མ་འཕྲོད་པའི་དབང་གིས་བོད་ལ་འགྲོ་རྒྱུའི་འཆར་གཞི་གཏིང་པ་ཡིན། སྐབས་དེ་དུས་དྷེ་ར་རྡུན་ལ་སྟག་ལུང་སྐྱབས་མགོན་ཞབས་དྲུང་རིན་པོ་ཆེ་བཞུགས་ཡོད་རེད།

ཁོང་ལ་མཇལ་རྗེས་བོད་ལ་འགྲོ་བསམ་བྱུང་། ཁོང་ལ་མཇལ་ཁ་ཞུས་རྗེས་བོད་ལ་ཕྱིན་པ་ལས་འདི་ལ་བསྡད་ནས་སློབ་སྦྱོང་མུ་མཐུད་བྱས་ན་ཡག་པོ་བྱུང་གི་རེད་གསུངས་བྱུང་། དེ་ནས་ཁོང་གི་བཀའ་གཞིར་བཞག་བྱས་ཏེ་རྫོང་གསར་བཤད་གྲྭ་རུ་སློབ་སྦྱོང་བྱེད་པར་ཕྱིན་ཡིན། ༢༠༠༧ལོར་རྫོང་གསར་བཤད་གྲྭར་ཡོང་བ་ཡིན།  རྫོང་གསར་བཤད་གྲྭ་ལ་ཡོང་ནས་ད་བར་དུ་སློབ་སྦྱོང་བྱས་ནས་ཤཱ་སྟྲི་འཛིན་གྲྭ་གསུམ་ཡོད་པའི་ནང་ནས་འཛིན་གྲྭ་གཉིས་པར་སློབ་སྦྱོང་བྱས་ཏེ་ལོ་གསར་པ་འདིའི་ནང་ལ་འཛིན་གྲྭ་གསུམ་པར་སླེབས་ཀྱི་ཡོད་པ་རེད། ད་ལྟ་བར་དུ་སློབ་མིའི་ངོ་བོ་གཅིག་བྱས་ནས་བསྡད་པ་དེ་འདྲ་ཞིག་རེད།

༢ གུང་གསེང་རིང་ཁྱེད་རང་ལ་གློག་ཀླད་སྦྱང་རྒྱུའི་ཚོར་སྣང་གང་འདྲ་བྱས་ནས་སླེབས་བྱུང་།

ལན། ང་རང་རྫོང་གསར་བཤད་གྲྭ་ལ་སླེབས་ནས་ལོ་གཉིས་ཀྱི་རྗེས་ལ་རེད། ང་རང་གི་མི་ཚེའི་ནང་ལ་གློག་ཀླད་ཀྱི་ཐད་ལ་ཤུགས་རྐྱེན་གང་ལ་གང་ཙམ་ཐེབས་འཇུག་མཁན་དེ་སུ་རེད་ཞུས་ན་ཛ་ཚེ་རིང་བཀྲ་ཤིས་ད་ལྟ་ཐེ་ཝན་ལ་ཡོད་པའི་མཁན་པོ་རྫ་ཆུ་ཁ་པའི་མཁན་པོ་དེ་རེད། ཁོང་དེའི་སྐབས་སུ་ཡོད་བཞིན་པ་ཞིག་རེད། ཁོང་དེ་དུས་རྫོང་གསར་བཤད་གྲྭ་ལ་ཡོད་པ་གང་ཞིག་གྲྭ་པ་གསར་པ་མང་པོ་ཞིག་ལ་རིག་གནས་དང་། སྙན་ངག བརྡ་སྤྲོད་བཅས་ཀྱི་སྐོར་ལ་སློབ་ཁྲིད་བྱེད་ཀྱི་ཡོད་རེད། དགོན་པ་གཞུང་གིས་གོ་སྒྲིགས་བྱས་པའི་འཛིན་གྲྭ་དེ་འདྲ་མ་རེད། ང་ཚོས་འཛིན་གྲྭའི་ཞོར་ལ་རེ་བ་ཞུས་ཁོང་གིས་སློབ་ཁྲིད་གནང་གི་ཡོད་རེད། 

དེ་རྗེས་ཁོང་གིས་ང་རྫོང་གསར་རྩོམ་སྒྲིག་ཁང་ལ་ལས་ཀ་བྱེད་མཁན་སྐད་བཏང་ནས་དེའི་སྐབས་སུ་དགོན་པའི་འགན་འཛིན་དེ་བསམ་གྲུབ་ཟེར་བ་ཞིག་ཡོད་རེད། ཁོང་གཉིས་ནས་མོས་མཐུན་བྱུང་ནས་རྩོམ་སྒྲིག་ཁང་ནང་འཛུལ་བཞུགས་བྱས་པ་ཡིན། རྩོམ་སྒྲིག་ཁང་དེའི་ནང་ལོ་གཉིས་ལྷག་ཞུ་དག་གཏོང་མཁན་གྱི་ལས་ཀ་བྱས་པ་ཡིན། 

དེ་སྔོན་རྩོམ་སྒྲིག་ཁང་གིས་དཔེ་དེབ་སྒྲིག་མཁན་གྲྭ་པ་ཞིག་ཡོད་པ་རེད། ཁོང་བོད་ལ་ཕེབས་རྗེས་གློག་ཀླད་བེད་སྤྱོད་གཏོང་ཤེས་མཁན་མེད་ཙང་སྐབས་དེ་དུས་ང་འཛིན་གྲྭ་དམའ་བོ་དང་དགོན་པའི་ནང་ལོ་མང་པོ་བསྡད་དགོས་རེད། ཁོ་ལ་གློག་ཀླད་ཅིག་བསླབ་བཞག་པ་ཡིན་ན་མ་འོངས་པར་དགོན་པ་ལ་ཕན་ཐོགས་ཡོང་གི་རེད་ལ་ཁོ་རང་ལ་ཡང་ཕན་ཐོགས་ཤིག་ཡོང་གི་རེད་བྱས་ནས་སྐབས་དེ་དུས་དགུན་ཁའི་གུང་གསེང་སྐབས་དྷ་རམ་ས་ལ་གློག་ཀླད་སྦྱང་བར་བཏང་བ་རེད། 

ཟླ་བ་གཅིག་རིང་མཉེན་ཆས་Pagemakerསྐོར་ལ་ཚན་ཉིད་གྲྭ་ཚང་གི་གློག་ཀླད་སྦྱང་སའི་ནང་སློབ་སྦྱོང་བྱས་པ་ཡིན། སྐབས་དེ་དུས་ང་རང་ལ་དཀའ་ངལ་ཏོག་ཙམ་འཕྲད་བྱུང་གང་ཡིན་ཟེར་ན་འཛིན་གྲྭའི་ནང་ནས་གང་སློབ་པ་དེ་མ་གཏོགས། ང་རང་ལ་ལག་འཁྱེར་གློག་ཀླད་མེད་ལ་ཐེངས་མ་དང་པོ་དེ་ཆགས་ཀྱི་ཡོད་པས་དཀའ་ངལ་ཕྲད་པ་རེད།

རྗེས་ལ་རང་འཇགས་དགོན་པར་སླེབས་ནས་འགན་ཁྲི་དེ་ང་རང་ལ་ཡོད་པ་ཡིན་དུས་མ་བྱས་རང་བྱས་འཁེལ་གྱི་ཡོད་པ་རེད། ཨུ་ཚུགས་རྒྱབ་ནས་མཉེན་ཆས་དེའི་ནང་དཔེ་དེབ་ཁ་ཤས་སྒྲིག་ན་ཡང་དེ་སྔོན་དྷ་རམ་ས་ནས་གང་སྦྱང་པ་དེ་མ་གཏོགས་མང་པོ་ཞིག་ལ་རིམ་པ་བྱས་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། 

ང་རང་གི་བསམ་བློའི་ནང་ལ་ཡང་ཤུགས་ཏོག་ཙམ་མ་རྒྱབ་ན་དཀའ་ངལ་འཕྲད་ས་རེད་བསམ་བྱུང་། འོན་ཀྱང་ངའི་དབྱིན་ཡིག་གི་ཤེས་ཚད་དམའ་བོ་ཡིན་ཙང་མཉེན་ཆས་ཀྱི་འགྲོ་སྟངས་དེ་ཚོ་ཅ་ལགས་ངོས་འཛིན་བྱས་པ་ནང་བཞིན་ངོ་ཤེས་ཙམ་ཤེས་ཙམ་བྱས་ནས་མཉེན་ཆས་ཀྱི་ལག་ཆ་དེ་ཚོའི་སྐོར་ལ་མི་ངོ་རང་ངོ་ཆོད་ཙམ་བྱས་ན་ཡང་། སློབ་མཁན་ཞིག་མེད་པས་ཁག་པོ་རེད་འདུག སྤྱིར་བཏང་བྱས་ན་མཉེན་ཆས་དེ་དག་གི་སྐོར་ལ་དབྱིན་སྐད་ནང་བལྟ་རྒྱུ་ཡོད་ན་ཡང་ཀློག་ཡག་དང་གོ་བ་ལེན་རྒྱུའི་དབྱིན་ཡིག་གི་ཤེས་ཚད་དེ་མེད་དུས་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་པ་རེད། 

དེ་རྗེས་ན་ནིང་བོད་ཀྱི་དཔེ་མཛོད་ཁང་ལ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚོགས་པ་དང་། དགོན་སྡེ་ཁག་གི་རྩོམ་སྒྲིག་པ་དང་འབྲེལ་ཡོད་མི་སྣ་༧༠ཙམ་ལ་Indesingn(cs6)ཟེར་བའི་མཉེན་ཆས་དེའི་སྐོར་ལ་གསབ་སྦྱོང་ཞིག་སྤྲད་པ་རེད། གསབ་སྦྱོང་དེ་ལ་ཕྱིན་ནས་ཕན་ཐོགས་གང་ཙམ་བྱུང་སོང་། 

དེར་བརྟེན་གློག་ཀླད་ཀྱི་ཐད་ལ་རྒྱུད་རིམ་ངེས་ཅན་ཞིག་གི་ཐོག་ནས་རྨང་གཞི་ཞིག་བཙུགས་ཐུབ་པ་བྱུང་བ་རེད། ད་དུང་ཡང་རྨང་གཞི་བཙུགས་ཐུབ་ཡོད་མེད་ལ་མ་ལྟོས་པར་དེའི་སྐོར་ལ་སྦྱང་ཐུབ་ན་ཡག་པོ་འདུག་བསམ་བྱུང་། ད་ལོ་དགུན་ཁའི་གུང་གསེང་རིང་དགོན་པས་བཏང་པ་དེ་འདྲ་གང་ཡང་མ་རེད། ཡིན་ན་ཡང་འགྲོ་སོང་ཆ་ཚང་རང་གི་ཐབས་ཤེས་བྱས་ནས་ཟླ་བ་གཅིག་གི་རིང་ལ་གཙོ་བོ་དེ་Potoshopཟེར་བའི་མཉེན་ཆས་དེའི་སྐོར་སློབ་སྦྱོང་བྱས་ཏེ། ཞོར་ལ་དེ་སྔོན་དཔེ་དེབ་སྒྲིག་སྐབས་Indesingnགྱི་མཉེན་ཆས་དེའི་ནང་ལ་དཀའ་ངལ་གང་ཡོད་པ་དེ་ཚོའི་སྐོར་དགེ་རྒན་ལ་བཀའ་འདྲི་དང་ལམ་སྟོན་གནང་བའི་གོ་སྐབས་ཤིག་ཐོབ་པར་བསམ་ནས་གུང་སེང་དང་སྟབས་བསྟུན་གྱིས་གློག་ཀླད་སྐོར་ལ་སློབ་སྦྱོང་བྱེད་དུ་ཡོང་བ་ཡིན།

༣ གློག་ཀླད་དེ་སྦྱངས་པ་རྒྱུད་ཁྱེད་རང་གི་བོད་པའི་རིག་གཞུང་དང་འབྲེལ་བ་ཡོད་པ་གང་དང་གང་སྤྱོད་ཐུབ་ཀྱི་ཡོད་དམ།

ལན། དེ་སྔོན་ངས་དགོན་པའི་དུས་དེབ་འདོན་ཐེངས་གསུམ་པ་ནས་བདུན་པ་བར་དེབ་སྒྲིག་བྱས་ཡིན། དེའི་ཞོར་ལ་ང་རང་གིས་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གིས་མཛད་བཞག་པའི་བློ་སྦྱོང་གི་དཔེ་ཆ་དང་ཀུན་མཁྱེན་གོ་བོ་རབ་འབྱམས་པས་གསུངས་པའི་རྟེན་འབྲེལ་གྱི་རྣམ་བཞག དཔེ་དེབ་ཙག་ཙིག་མང་པོ་སྒྲིག་མྱོང་ཡོད། ཆེ་ཆུང་ལ་མ་ལྟོས་པའི་བོད་པའི་ཆོས་དང་རིག་གཞུང་ལ་འབད་རྩོན་བྱེད་མཁན་དེ་ཚོ་ལ་རྒྱབ་སྐྱོར་དང་། དེ་ལ་བརྟེན་ནས་ལེགས་གྲུབ་ཅིག་བྱུང་བ་ཡིན་ན་ལས་ཀ་བྱེད་མཁན་དེ་ཚོར་སེམས་ཤུགས་ཡོང་ན་བསམ་པ་མ་གཏོགས་ང་རང་གིས་བོད་པའི་ཆོས་དང་རིག་གཞུང་ལ་དམིགས་བསལ་གྱི་ཞབས་འདེགས་ཞུ་རྒྱུ་ཞིག་ཁག་པོ་རེད། 

གང་ཡིན་ཟེར་ན་ང་རང་ལ་བལྟ་རྒྱ་དང་མཐོང་རྒྱ་དེ་ཙམ་མེད། འོན་ཀྱང་གློག་ཀླད་དེ་རྒྱུད་ནས་བོད་པའི་ཆོས་དང་རིགས་གཞུང་ལ་ཕན་ཞིག་ཐོགས་པ་ཡིན་ན་དེང་སང་གི་དུས་རབས་འདི་ལ་གློག་ཀླད་ཀྱི་དུས་རབས་ཤིག་ཆགས་ཡོང་དུས་དེའི་ནང་ལ་བོད་པའི་ཆོས་དང་རིག་གཞུང་དེ་ཚོ་ཐོན་པར་ཞབས་ཕྱི་ཏོག་ཙམ་ཞུ་ཐུབ་ཀྱི་མིན་ནམ་སྙམ་ནས་རེ་བ་ཞིག་བཟུང་གི་ཡོད།


༤ དུས་རྒྱུན་དགོན་པའི་ནང་སློབ་སྦྱོང་བྱས་པ་དང་གུང་གསེང་རིང་སློབ་སྦྱོང་བྱས་པ་གཉིས་བསྡུར་ན་ཁྱེད་རང་ལ་དམིགས་བསལ་གྱི་ཚོར་སྣང་གང་སླེབས་ཀྱི་འདུག

ལན། དགོན་པའི་ནང་སློབ་སྦྱོང་བྱེད་སྟངས་དང་གུང་གསེང་རིང་སློབ་སྦྱོང་བྱེད་སྟངས་གཉིས་ལ་གཙོ་བོ་དེ་གུ་ཡངས་མེད་ཀྱི་ཁྱད་པར་ཡོད་རེད། གུང་གསེང་སྐབས་སུ་འཛིན་གྲྭ་འཚོགས་པའི་སྐབས་སུ་སློབ་སྦྱོང་བྱེད་ཀྱི་རེད། འཛིན་གྲྭ་གྲོལ་བའི་རྗེས་ལ་བྱས་མ་བྱས་དེ་སོ་སོའི་འདོད་པ་རེད།
དགོན་པའི་ནང་སློབ་སྦྱོང་བྱེད་པའི་སྐབས་སུ་འཛིན་གྲྭའི་ནང་ལ་སློབ་སྦྱོང་བྱེད་དགོས་པ་དེ་བཤད་མི་དགོས་པ་རེད། གྲྭ་ཤག་ལ་སླེབས་ཚར་བའི་རྗེས་ལ་ཡང་ཐུན་བསྡམ་དགོས་རེད། ཁོར་ཡུག་དེ་ལ་སྐུལ་སློང་བྱེད་མཁན་མང་པོ་ཞིག་ཡོད་པ་སོང་ཙང་དེ་ལ་ཤུགས་རྒྱབ་པའི་བསམ་བློ་དེ་རང་བཞིན་གྱིས་སླེབས་ཀྱི་ཡོད་རེད། 

གཞན་ཡང་ཁྱད་པར་ཞིག་ལ་དགོན་པའི་ནང་སློབ་སྦྱོང་བྱེད་པ་དེ་གཞུང་བཀའ་པོད་ལྔ་ལ་སློབ་སྦྱོང་བྱེད་ཀྱི་ཡོད་པ་སོང་ཙང་ལས་སླ་པོ་ཞིག་རྩ་བ་ནས་མ་རེད་གཏིང་ཟབ་པོ་རེད། ལས་སླ་པོས་ཤེས་ཐུབ་པ་དེ་འདྲ་མ་རེད། ཡང་ཀློག་སྐྱར་ཀློག་མང་པོ་བྱེད་དགོས་པ་རེད། རིག་ལམ་གྱི་བརྡར་ཤ་བཅད་དགོས་རེད། དཀའ་ལས་ཧ་ལས་པའི་ཁག་པོ་རེད།

༥ དབུས་བོད་མིའི་སྒྲིག་འཛུགས་ཀྱི་འོག་ལ་གདན་ས་ཁག་གསུམ་གྱིས་གཙོས་པའི་དགོན་སྡེ་ཁག་༢༦༥ལྷག་ཡོད་པ་རེད། དེ་ཚོ་ང་ཚོ་བོད་པའི་ཆོས་དང་རིག་གཞུང་གི་བསྟི་གནས་ཤིག་ཆགས་ཀྱི་ཡོད་པ་རེད། ཁྱེད་རང་རྫོང་གསར་བཤད་གྲྭའི་ནང་སློབ་གཉེར་གནང་ནས་བཞུགས་མཁན་གྱི་དགེ་འདུན་པ་ཞིག་ཡིན་པའི་ཆ་ནས་ལས་འགན་ག་རེ་ཡོད་རེད་དགོངས་ཀྱི་འདུག

ལན། སྤྱིར་བོད་པ་ཟེར་མཁན་དེ་འཛམ་གླིང་ཐོག་གནས་ཐུབ་པ། བོད་པའི་ངོ་བོ། བོད་པ་ཟེར་ནས་མཛུབ་མོ་བཙུགས་ཡོང་དུས་ཐུན་མོང་མ་ཡིན་པའི་གོང་བུ་གཅིག་འགྱུར་ཡོད་མཁན་ཞིག་ལ་བོད་པ་ཟེར་གྱི་ཡོད་པ་རེད། ད་བར་བོད་པའི་མི་རིགས་དེ་མི་རིགས་གཞན་དང་མི་འདྲ་བ་ཞིག་ཆགས་བསྡད་ཡོད་རེད། ས་ཁམས་ཆགས་དབྱིབས་ཀྱི་སྟེང་ནས་བཤད་ན་ཡང་རྒྱལ་ཁབ་གཞན་དང་མ་འདྲེས་པ་མཐུན་མོང་མ་ཡིན་པའི་རྒྱལ་ཁབ་ཅིག་ཆགས་ཡོད་རེད། དེའི་རྗེས་ལ་རིག་གཞུང་དེ་ཆགས་བསྡད་ཡོད་རེད། དེ་ཡང་བོད་པ་གཙོ་བོར་མཚོན་མཁན་དེ་རིག་གཞུང་དེ་ཆགས་བསྡད་ཡོད་རེད། 

བོད་པའི་སྐད་དང་ཡི་གེ་གཉིས་ཀྱིས་རྩ་བར་བྱེད་པའི་རིག་གཞུང་ཐུན་མོང་མ་ཡིན་པ་དཔལ་ནཱ་ལེན་དྲ་ནས་བརྒྱུད་ཡོང་བའི་ཆོས་རྒྱུད་༧གོང་ས་མཆོག་གིས་ག་དུས་ཡིན་ཡང་གསུང་གི་ཡོད་པ་དེ་རེད། ཆོས་བརྒྱུད་དེ་དངོས་གནས་བྱས་ན་རྒྱ་གར་གྱི་ཆོས་བརྒྱུད་ཡིན་ཡང་ད་ལྟའི་ཆར་དཔལ་ནཱ་ལེན་འདྲ་ནས་བརྒྱུད་པའི་ཆོས་བརྒྱུད་དེ་གཏིང་ཚུགས་པོ་དང་། དར་ཁྱབ་བྱས་ཡོང་བའི་སྐབས་སུ་བཤད་ན་ཡང་ལོ་ངོ་སྟོང་ཕྲག་གི་རིང་ལ་མཁས་པ་དེ་ཚོས་འཆད་རྩོད་རྩོམ་གསུམ་དང་། མཐོས་བསམ་སྒོམ་གསུམ། ཉམས་ལེན་གྱི་སྒྲུབ་པ་མཛད་པ་ལ་བརྟེན་ནས་རང་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་གྲུབ་སོང་བ་རེད། 

རེ་འགས་བྱས་ན་དེ་རྒྱ་གར་གྱི་རིག་གནས་རེད་ང་ཚོ་བོད་ཀྱིོ་རིག་གནས་མ་རེད། གང་ཡིན་ཟེར་ན་རྒྱ་གར་ནས་དར་ཡོང་བ་རེད། སྟོན་པ་ཤཱཀྱ་ཐུབ་པ་དེ་རྒྱ་གར་བ་ཞིག་ཡིན་དུས་རྒྱ་གར་བའི་རིག་གནས་རེད། ང་ཚོ་བོད་ཀྱི་རིག་གནས་ཆགས་ཀྱི་ཡོད་མ་རེད་ཟེར་གྱི་ཡོད་རེད། འོན་ཀྱང་རིག་གནས་གང་དང་གང་ཡིན་ཡང་ནང་འདྲེན་བྱས་པ་མང་པོ་ཞིག་ཡོད་རེད། རིག་གནས་དེ་ནང་འདྲེན་བྱས་ཚར་བའི་རྗེས་ལ་མི་རིགས་དེའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ངོ་བོ་ལ་ཐེམས་འགྲོ་བ་དང་འགྱུར་འགྲོ་བ་ཡོད་རེད། དེ་ཡིན་པ་སོང་ཙང་བོད་བརྒྱུད་ནང་བསྟན་དེ་ཡང་ཐུན་མོང་མ་ཡིན་པའི་བོད་རང་གི་རིག་གནས་ཀྱི་ངོ་བོར་གྲུབ་ཡོད་པ་དེ་རེད།

ང་རང་ཚོས་བོད་མི་རིགས་ཟེར་བ་དེ་བསྐལ་པ་མ་འཇིག་པའི་བར་གནས་རྒྱུའི་འདོད་པ་ཡོད་རེད་སྟེ། འཛམ་བུ་གླིང་གིས་བོད་མི་རིགས་ཟེར་བ་འདི་ལ་ཚུར་བལྟ་ཡོང་དུས་བོད་ཟེར་མཁན་དེ་འཛམ་གླིང་ཐོག་བསྡད་ན་ཕན་ཐོགས་ག་རེ་ཡོད་རེད། མེད་ན་གྱོང་ག་རེ་ཡོད་རེད་ཟེར་དུས་བོད་ཀྱི་ཆོས་དང་རིག་གཞུང་ཟེར་བ་དེ་མ་གཏོགས་གང་ཡང་ཡོད་མ་རེད།
ང་ཚོ་ལ་ཐུན་མོང་མ་ཡིན་པའི་ཚན་རིག་གསར་གཏོད་རང་བཞིན་གྱི་རིག་གནས་གང་ཡང་ཡོད་མ་རེད། དཔལ་འབྱོར་གྱི་སྟེང་ནས་གང་ཡང་ཡོད་མ་རེད། བོད་པ་དེ་འཛམ་གླིང་སྟེང་བསྡད་ན་སྡོད་པའི་རིན་ཐང་ཡོད་པ་བཟོ་མཁན་དེ་བོད་ཀྱི་ཆོས་དང་རིག་གཞུང་དེ་གཉིས་ཆགས་བསྡད་ཡོད་རེད། 

དེར་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་དེ་བོད་པའི་སྤྱི་ཚོགས། བོད་མི་རིགས་ཡོད་དོ་ཅོག་གི་ལུས་ངག་ཡིད་གསུམ་ལ་གནས་དགོས་ན།དེ་རྒྱུ་མཚན་ཞིག་བྱེད་དགོས་ཀྱི་རེད་མ་གཏོགས་རྒྱུ་མཚན་བྱེད་མཁན་མེད་པ་ལ་བརྟེན་ནས་འགུལ་མེད་ཙོག་པུར་བསྡད་མི་ཐུབ་པ་ཞིག་ཡིན་དུས་དེ་རྒྱུ་མཚན་བྱེད་སའི་ལྟེ་གནས་དེ་གདན་ས་ཁག་གསུམ་དང་ཆོས་རྒྱུད་རིས་སུ་མ་མཆིས་པའི་བཤད་སྒྲུབ་ཀྱི་སྡེ་དེ་ཚོ་གཞི་ལ་བཞག་ནས་རྩ་བ་བཙུགས་ས་དེ་ཚོ་བྱས། དེས་བོད་ཀྱི་སྤྱི་ཚོགས་དང་བོད་བརྒྱུད་ནང་བསྟན་ཟེར་བ་དེ་དར་སྤེལ་དང་རྒྱ་ཁྱབ་འགྲོ་ཡི་ཡོད་རེད།

ལས་འགན་དེ་ཡང་བཤད་སྒྲུབ་ཀྱི་སྡེ་ལ་ཡོད་པའི་མི་དེ་ཚོ་ལ་ཐུན་མོང་མ་ཡིན་པའི་འོས་འགན་དེ་ཡོད་བསྡད་པ་རེད། གང་ལྟར་བཤད་སྒྲུབ་ཀྱི་སྡེ་དེའི་ནང་མཉམ་བཞུགས་བྱས་ཚར་བའི་རྗེས་ལ། དུས་ཚོད་ངེས་ཅན་ཞིག་བཏང་ནས་སློབ་སྦྱོང་དང་ཉམས་ལེན་བྱེད་མཁན་ཞིག་ཡིན་པ་སོང་ཙང་དེ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་རེད་ལ་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་ཆགས་བསྡད་ཡོད་རེད།

སྤྱིར་བཏང་བྱས་པ་ཡིན་ན་བོད་ཀྱི་ཆོས་དང་རིག་གཞུང་ཟེར་བ་དེ་བོད་པ་མི་རེ་ངོ་རེས་འཛིན་དགོས་པ་དེ་འགན་འཁྲི་ཞིག་རེད། འོན་ཏང་ད་དུང་དེའི་ནང་ནས་ཡང་ཁྱད་པར་དུ་ཤེས་ཡོན་གྱི་སྡེ་ཚན། དེའི་ནང་ནས་གདན་ས་ཁག་གསུམ་གྱིས་གཙོས་པའི་ཆོས་བརྒྱུད་ཁག་དེ་དག་གིས་རྩ་བ་དེ་འཛིན་བསྡད་ཡོད་པ་སོང་ཙང་གལ་འགངས་ཆེན་པོ་ཞིག་རེད་དྲན་གྱི་ཡོད།
མདོར་དོན་གདན་ས་ཁག་ནང་བཞུགས་པའི་སློབ་གཉེར་བ་དེ་ཚོ་ལ་འགན་འཁྲི་ཆེན་པོ་ཡོད་རེད་ལ་ང་ཚོའི་སྤྱི་ཚོགས་ཀྱིས་དེ་ལ་ཆེ་བསྟོད་དང་གལ་ཆེན་ཡིན་པ་ངོས་འཛིན་དགོས་པ་དེ་གནད་འགག་ཞིག་རེད།

༦ གུང་གསེང་རིང་ཁྱེད་རང་གི་གནས་སྟངས་དང་འབྲེལ་མྱོང་ཚོར་ག་རེ་བྱུང་མིན་ངོ་སྤྲོད་ཞིག་གནང་རོགས།

ལན། སྤྱིར་བཏང་རྫོང་གསར་ནས་དྷ་ས་བར་ཐག་ཉེ་བོ་ཞིག་རེད། དེར་བརྟེན་དྷ་སའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་རྒྱུན་ལྡན་ནས་མཐོང་གི་ཡོད་པ་དེ་རེད། འོན་ཀྱང་ད་ལོའི་གུང་གསེང་སྐབས་དྷ་སའི་སྤྱི་ཚོགས་དང་མཉམ་འདྲེས་བྱེད་རྒྱུ་དུས་ཚོད་བྱུང་མ་སོང་། འོན་ཀྱང་འཛིན་གྲྭའི་སྐབས་ལ་ཞུས་པ་ཡིན་ན། སློབ་ཕྲུག་ཚོའི་ཆེད་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་གློག་ཀླད་ཀྱི་འཛིན་གྲྭ་ཞིག་ཡོད་རེད། དེ་ལ་ང་རང་གློག་ཀླད་སྦྱངས་བར་འགྲོ་ཡི་ཡོད། དེ་ལ་འཛིན་གྲྭ་འགྲོ་བའི་སྐབས་སུ་གཟའ་པ་སངས་ནམ་ཡིན་ལ་གློག་ཀླད་ཀྱི་འཛིན་གྲྭ་མ་ཡིན་པ་བྱེད་སྒོ་ཁག་དེ་འདྲ་གོ་སྒྲིག་བྱེད་ཀྱི་ཡོད་རེད། 

བྱེད་སྒོ་དེ་བརྒྱུད་ནས་ང་རང་ལ་ག་རེ་མྱོང་ཚོར་བྱུང་སོང་ཞུས་ན། སྤྱིར་བཏང་ང་ཚོའི་བོད་མི་རིགས་ཀྱི་གཞོན་སྐྱེས་ཚོ་ལ་སེམས་ཤུགས་ཡོད་པ་གང་ཞིག་ལ་སྤྱི་ཚོགས་ཀྱི་དབང་གིས་བོད་པའི་རིག་གནས་ཐད་ལ་གོ་རྟོག་ཞན་པོ་ཞིག་ཡོད་པ་མཐོང་སོང་། དཔེ་མཚོན་ཞིག་ཞུས་ན། ཁ་སང་བདུན་ཕྲག་སྔོན་མར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་དང་། དྲུང་ཡིག་གཉིས་ནས་ང་ཚོའི་འཛིན་གྲྭ་ལ་མང་གཙོའི་སྐོར་ལ་གསབ་སྦྱོང་ཞིག་གཏམ་བཤད་བྱས་པ་རེད། སྐབས་དེ་དུས་བོད་པའི་ཆོས་དང་རིག་གཞུང་སྐོར་ལ་གལ་ཆེན་པོ་ཡིན་རབ་བཤད་ཀྱི་འདུག འོན་ཀྱང་དེའི་སྐབས་སུ་ཕན་ཚུན་ཚོགས་ཆུང་ཁག་བགོས་བྱས་ནས་སོ་སོ་སོའི་མང་གཙོ་སྐོར་ལ་གོ་རྟོགས་གང་འདྲ་ཡོད་མེད་དྲིས་སོང་།

དེའི་སྐབས་སུ་མང་ཆེ་བ་ཞིག་གིས་དབྱིན་ཡིག་བེད་སྤྱོད་བཏང་བ་དང་ཐ་སྙད་མང་ཆེ་བ་དེ་དབྱིན་སྐད་བེད་སྤྱོད་བཏང་ཡོང་དུས་མི་དེ་ཚོའི་སེམས་ནང་བོད་ཀྱི་སྐད་ཡིག་ལ་མི་དགའ་བ་དེ་འདྲ་རྩ་བ་ནས་མིན་ཡང་ཁོར་ཡུག་ཅིག་གི་དབང་གིས་དེ་ལ་གོམས་འདྲིས་ཤུགས་ཆེན་པོ་ཡོད་པའི་རྐྱེན་གྱིས། དེ་བརྗོད་ན་སྟབས་བདེ་བ་དང་དབྱིན་སྐད་ཀྱི་ཐ་སྙད་དེ་བེད་སྤྱོད་མ་བྱས་ན་གཞན་པ་དེས་གོ་བརྡ་འཕྲོད་ཀྱི་མ་རེད་བསམ་པའི་སེམས་ཐོགས་ཤིག་སླེབས་ནས་གཞན་སྐད་ནང་བེད་སྤྱོད་མང་པོ་ཞིག་གཏོང་གི་འདུག

དེས་ག་རེ་བྱེད་ཀྱི་ཡོད་རེད་དམ་ཞུས་ན་སྐད་ཡིག་དེས་སེམས་ཀྱི་ནང་ལ་འཛིན་པའི་གོ་གནས་དེ་མཚོན་གྱི་ཡོད་རེད། མི་རེ་ངོ་རེའི་སེམས་ཀྱི་ནང་གི་སྐད་ཡིག་གི་གོ་གནས་ཟེར་བ་དེ་མཚོན་གྱི་ཡོད་ཙང་དབྱིན་སྐད་དེ་གོ་བརྡ་འཕྲོད་སླ་བ། སུ་ལ་བཤད་ཀྱང་གོ་ཐུབ་ཀྱི་ཡོད་པ། དེ་བཤད་ན་བདེ་པོ་ཡོད་པ། གཞན་གྱི་བསམ་བློར་ཚོར་བ་དེ་འདྲ་ཞིག་སླེབས་ཀྱི་ཡོད་པ། སྤྱི་ཚོགས་ནང་གདེང་འཇོགས་དེ་འདྲ་ཞིག་བྱེད་ཀྱི་ཡོད་པ་སོང་ཙང་ང་ཚོ་བོད་མི་རིགས་ལ་མཚོན་ན་ཕ་སྐད་ཡོད་བཞིན་དུ་སྐད་ཡིག་གཞན་དག་བེད་སྤྱོད་བྱས་པ་ཡིན་ན་དེ་ཧ་ཅང་གི་ཉེན་ཁ་ཆེན་པོ་རེད། 

གང་ཡིན་ཟེར་ན་བོད་མི་རིགས་དང་སྐད་ཡིག་ལ་དགའ་ཞེན་ཡོད་ཟེར་གྱི་ཡོད་རེད་ལ་ཡོད་ཡང་ཡོད་རེད། འོན་ཀྱང་ལག་ལེན་དངོིས་ཀྱི་སྟེང་ལ་སྤྱི་ཚོགས་ཀྱི་དབང་གིས་བསམ་བློའི་ནང་གི་གནས་བབ་ཞིག་བསྐྲུན་ཡོང་བའི་སྐབས་སུ་བོད་ཀྱི་སྐད་དང་ཡི་གེ་དེ་ཉམས་ཆགས་སུ་ཕྱིན་པ་ཡིན་ན་རང་བཞིན་གྱིས་དབྱིན་སྐད་ལ་འཇུག་པ་ཞིག་ཆགས་འགྲོ་ཡི་ཡོད་རེད། 

དེ་ད་ལྟའི་མི་རབས་འདི་ལ་དེ་འདྲ་ཆགས་ཡོང་དུས་མི་རབས་རྗེས་མ་དེ་སླེབས་ཡོང་བའི་སྐབས་སུ་དབྱིན་སྐད་རང་བེད་སྤྱོད་བྱེད་དགོས་པའི་ཉེན་ཁའི་གནས་ཤིག་ལ་ཆགས་རྒྱུ་དེ་རང་ཉིད་ཀྱི་གདོང་པ་མེ་ལོང་ནང་བལྟས་པ་དང་གཅིག་པ་རེད། བོད་ཀྱི་ཆོས་དང་རིག་གཞུང་ཟེར་བའི་རིག་གནས་རྩ་ཆེན་པོ་དང་གཞུང་གཏིང་ཟབ་པོ་ཞིག་ཡོད་པ་དེའི་བརྟེན་ས་དེ་ཡང་བོད་མིའི་སེམས་ཁམས་དང་བོད་ཀྱི་སྐད་དང་ཡི་གེ་གཉིས་པོ་དེ་ལ་བརྟེན་ཡོད་པ་རེད།
བོད་མི་ཡི་སེམས་ཁམས། སྐད་དང་ཡི་གེ་དེ་ལ་ཉམས་ཆགས་ཕྱིན་པ་ཡིན་ན། བོད་ཀྱི་ཆོས་དང་རིག་གཞུང་ཞེས་འཛམ་བུ་གླིང་ལ་ངོམ་རིན་ཡོད་པ་དེ་ཉམས་ཆགས་ལ་འགྲོ་རྒྱུ་ཡིན་པ་གཏན་འཁེལ་རེད་ལ། ཉེན་ཁ་ཆེན་པོ་ཞིག་ཏུ་མཐོང་སོང་བ་དེ་ང་རང་གི་གུང་གསེང་སྐབས་ཀྱི་ཚོར་སྣང་ཡིན།

༧ མ་འོངས་པར་ཁྱེད་རང་དགོན་པ་ནས་སློབ་མཐར་ཕྱིན་རྗེས་ག་རེ་གནང་རྒྱུའི་འཆར་གཞི་ཡོད་དམ།

ལན། ང་རང་གི་དེ་སྔོན་ནས་ད་བར་དུ་སློབ་སྦྱོང་དེ་ནང་དོན་རིག་པའི་སྐོར་ལ་བྱས་པ་རེད། དེ་མ་གཏོགས་ངས་ཚན་རིག་གི་ཕྱོགས་སུ་གང་ཡང་ཤེས་ཀྱི་མེད། ངས་ལོ་མང་པོ་ཞིག་གི་རིང་ལ་ནང་དོན་རིག་པར་སློབ་སྦྱོང་བྱས་པ་དང་འབྲེལ་ནས་གློག་ཀླད་སྐོར་ལ་དོ་སྣང་སྤྲད་ཀྱི་ཡོད། དེ་འདྲ་སོང་ཙང་ང་རང་གི་མི་ཚེའི་རྒྱབ་ལྗོངས་སམ་ཡང་ན་དེ་སྔོན་སོང་ཟིན་པའི་སློབ་སྦྱོང་གི་བརྒྱུད་རིམ་དེ་ལ་བརྟེན་ནས་མ་འོངས་པར་ལས་ཀ་བྱེད་དགོས་རེད་བསམ་གྱི་ཡོད། དེར་བརྟེན་མ་འོངས་པར་བོད་ཀྱི་སྐད་ཡིག ཆོས་དང་རིག་གཞུང་ཐོག་ལ་ཞབས་འདེགས་ཏོག་ཙམ་ཞུ་རྒྱུ་ཐུབ་ན་བསམ་གྱིན་འདུག

༨ གློག་ཀླད་དེ་བོད་ཀྱི་ཆོས་དང་རིག་གཞུང་དེ་མི་ཉམས་རྒྱུད་འཛིན་དང་། ཉམས་པ་སླར་གསོ་བྱེད་རྒྱུར་འབྲེལ་བ་གང་དང་གང་ཡོད་རེད་དྲན་གྱི་ཡོད་དམ།

ལན། སྔོན་མ་ཡིན་ན་འབྲེལ་བ་མེད་པ་རེད། དེང་སང་འབྲེལ་བ་གྲུབ་སོང་བ་རེད་མ་གཏོགས་སྔོན་མ་ཡིན་ན་གློག་ཀླད་མེད་པ། བོད་ཀྱི་ཆོས་དང་རིག་གཞུང་ཟེར་བ་དེ་གཏིང་ཟབ་པ་རྒྱ་ཆེན་པོ་ཞིག་གནས་ཐུབ་པ་རེད། འོན་ཀྱང་སྤྱི་ཚོགས་དང་དུས་ཀྱི་འགྱུར་བ་ལ་བརྟེན་ནས་དེང་སང་དུས་རབས་དེ་ཡང་ག་པར་སླེབས་ཡོད་རེད་ཟེར་ན་དུས་རབས་ཉེར་གཅིག་པ་དེ་ལ་བརྡ་འཕྲིན་གྱི་དུས་རབས་ཟེར་གྱི་ཡོད་པ་རེད། 

ཕྱོགས་གཅིག་ནས་བཤད་པ་ཡིན་ན་མིའི་རང་བཞིན་དེ་སྒྱིད་ལུགས་ཀྱི་རང་བཞིན་ཅིག་རེད། མི་སུ་ཡིན་ཡང་ལས་ཀ་མ་བྱས་རང་བྱས་ཤིག་ལ་ཐུག་ན་བྱེད་ཀྱི་རེད་མ་གཏོགས་ལས་ཀ་དགའ་ཞིང་སྤྲོ་ཞིང་བྱེད་མཁན་ཞེ་དྲག་ཡོད་མ་རེད། དེར་བརྟེན་ག་ཚོད་སྟབས་བདེ་བདེ་དང་ག་ཚོད་ཀྱིས་ལས་སླ་བོ་ཡོད་པ་དེ་སྒྲུབ་ཀྱི་རེད། གློག་ཀླད་དེ་བོད་ཀྱི་ཆོས་དང་རིག་གཞུང་བཅས་ཀྱིས་མཚོན་པའི་གཞུང་ལུགས་ཀྱི་ཐད་ལ་འབྲེལ་བ་ཆེན་པོ་ཆགས་ཚར་བ་རེད་དྲན་གྱི་ཡོད། དེང་འདིར་མི་ཚང་མས་ལས་ཀ་དེ་གློག་ཀླད་ཀྱི་ལམ་ནས་ཧ་ཅང་གི་མགྱོགས་པོ་དང་སྟབས་བདེ་བའི་ལས་ཀ་མང་པོ་ཞིག་བྱས་ཡོང་དུས། ང་ཚོས་དེ་ལ་འབྲེལ་བ་མ་བྱས་པར་ཟུར་དུ་བསྡད་བཞག་པ་ཡིན་ན། ང་ཚོའི་རིག་གནས་ཀྱི་འཕེལ་རིམ་དེ་འགོར་པོ་ཞེ་དྲག་ཆགས་ཀྱི་རེད་ལ་དེ་ག་ནང་བཞིན་ཁྱབ་སྤེལ་བྱེད་རྒྱུའི་ཚད་གཞི་དེ་ཡང་འགོར་པོ་ཆགས་ཀྱི་ཡོད་པ་རེད། གློག་ཀླད་དང་བརྡ་འཕྲིན་གྱི་ལམ་བུ་དེ་ང་ཚོས་ལག་ཆ་ཞིག་ལ་རྩིས་ནས་བེད་སྤྱོད་གཏོང་དགོས་པ་རེད་དྲན་གྱི་ཡོད།

དཔེ་ཆ་བཞག་ན། སྔོན་མའི་སྐབས་བཀའ་འགྱུར་དང་བསྟན་འགྱུར་ཚང་མ་ཡིག་ཐོག་ལ་ཡོད་དུས་དེའི་ནང་ནས་ཚིག་གཅིག་བཙལ་དགོས་པ་ཡིན་ན་པོད་རེ་རེ་བཞིན་ཁ་སྔོགས་དེ་ནས་གཞི་ནས་འཚོལ་དགོས་རེད། དེ་བཙལ་སྐབས་ཉུང་མཐར་སྐར་མ་ལྔ་འགོར་གྱི་རེད། དེང་སང་བརྡ་འཕྲིན་གྱི་དུས་རབས་འདི་ལ་སླེབས་ཚར་བའི་རྗེས་ལ་བོད་ཀྱི་ཡི་གེ་ཚང་མ་གློག་ཀླད་ཀྱི་ངོ་བོའི་ཐོག་ལ་ཡོད་དུས་གཅིག་བཙལ་བ་ཡིན་ན་ཡང་སྐར་མ་གཅིག་ནང་འཚོལ་ཐུབ་ཀྱི་ཡོད་རེད། གློག་ཀླད་དང་བརྡ་འཕྲིན་གཉིས་པོ་དེ་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུད་འཛིན་བྱེད་རྒྱུར་མེད་ཐབས་མེད་པའི་ལག་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

༩ ཁྱེད་རང་བོད་པའི་དགེ་འདུན་པ་ཞིག་ཡིན་པའི་ཆ་ནས་བོད་གཞིས་བྱེས་གཉིས་ཀའི་ནང་བཞུགས་ཡོད་པའི་དགེ་འདུན་པ་ཚོ་ལ་རེ་བ་དང་འབོད་སྐུལ་ག་རེ་ཞུ་རྒྱུ་ཡོད་དམ།

ལན། ད་ལྟའི་ཆར་བོད་ནང་ཡིན་ན་དཀའ་ལས་ཞེ་དྲག་ཡོད་རེད། ས་གནས་ཁག་སོ་སོ་ལ་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། དཔེར་ན། གྲོང་སྡེ་ཁག་ལ་མཚོན་ན་ཁྱིམ་ཚང་བདུན་རེའི་བར་ལ་གུང་ཁྲན་ཚོགས་པའི་མི་རེ་རེ་བསྐོས་ཡོད་པ་དང་། དགོན་སྡེ་རེ་རེའི་ནང་ལ་ཡང་གུང་ཁྲན་ཚོགས་པའི་མི་བཞི་ནས་ལྔ་བར་བཅར་བསྡོད་བྱས་ནས་དེའི་སྟངས་འཛིན་གྱི་འོག་ལ་འགྲོ་དགོས་ཀྱི་ཡོད་པ་སོང་ཙང་ཧང་སང་དགོས་པའི་གཞན་དབང་སྟབས་བསྟུན་བྱེད་དགོས་པ་རེད།

ཆོས་རྩ་བ་ནས་མཁས་མི་ལེན་མཁན་གྱི་སྲིད་གཞུང་གི་མིའི་སྟངས་འཛིན་འོག་ལ་འགྲོ་ནས་བོད་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོ་བྱས་ནས་སློབ་སྦྱོང་བྱེད་དགོས་རེད་ཟེར་བ་དེ་དཀའ་ལས་ཁག་པོ་རེད། བོད་ཕྱི་ནང་གཉིས་ལ་བཞུགས་པའི་དགེ་འདུན་པ་རྣམས་ཀྱིས་བྱེད་དགོས་པ་གཙོ་བོ་དེ་ག་རེ་རེད་ཞུས་ན་ཆབ་སྲིད་དང་དེ་ཙམ་འབྲེལ་བ་མེད་པར་གང་ལྟར་བོད་ཀྱི་ཆོས་དང་རིག་གནས་དེ་ཐབས་མཁས་པོ་བྱས་ནས་འཛིན་དགོས་ཀྱི་རེད་དྲན་གྱི་འདུག དཔེར་ན། ལྷག་པར་དུ་བོད་ནང་ལ་ཡིན་ན་ང་ཚོས་ཆོས་དང་རིག་གནས་སྦྱང་ཡོང་བའི་སྐབས་སུ་ང་ཚོའི་མི་རིགས་དང་ང་ཚོའི་བོད་མི་རིགས་ལ་མ་སྦྱར་བ་བྱེད་རྒྱུ་དེ་གལ་ཆེན་པོ་རེད།

གལ་ཏེ་དེ་འདྲ་བྱས་པ་ཡིན་ན་རྒྱ་ནག་གཞུང་གིས་བཀག་སྡོམ་བྱེད་པ་དང་། ཐ་ན་དགོན་པ་དང་བཤད་གྲྭ་ཁག་སྒོ་རྒྱབ་གྱི་ཡོད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་ཁོ་རང་གི་སྲིད་ཇུས་ཞིག་ཡོད་རེད། སྲིད་ཇུས་དེའི་འོག་ནས་ལམ་བུ་ཞིག་བཙལ་ནས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་དེ་གཏན་པོར་གནས་ཐུབ་པ་ལ་ཆབ་སྲིད་ཀྱི་ཐོག་ནས་འཇུ་ས་མེད་པ་ཞིག་བཟོ་ཐུབ་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད་དྲན་གྱི་འདུག

དེ་འདྲ་བྱས་པ་ཡིན་ན་ང་ཚོས་སྙིང་པོ་དེ་ཉར་ཚགས་བྱེད་ཐུབ་ཀྱི་ཡོད་པ་རེད། གཞན་ཡང་གནས་སྐབས་ཀྱི་བྱ་བ་ཆུང་ཚགས་དེ་ཚོ་ལ་འཁོན་ནས་བྱ་བ་ཆེན་པོ་དེ་ཚོ་མ་བསྒྲུབ་པ་ཡིན་ན་དགག་བྱ་དང་དགོས་པ་བྱེད་དུས་དགག་བྱ་ཆེ་བ་ཆགས་འགྲོ་ཡི་ཡོད་རེད། དགག་བྱ་དང་དགོས་པ་ལ་བལྟ་ཡོང་དུས་དགོས་པ་ལ་བལྟས་ནས་ང་ཚོས་བྱ་བ་ཆེན་པོ་བོད་ཀྱི་ཆོས་དང་རིག་གཞུང་ལ་བལྟས་ནས་མི་ཉམས་རྒྱུད་འཛིན་དང་ཉམས་པ་བསླར་གསོ་བྱེད་ཆེད་ཀྱི་བྱ་བ་དེ་ཆབ་སྲིད་ཀྱི་འཁོན་འཁོན་ཐོགས་ཐོགས་མེད་པའི་གཞི་ལ་མི་འགྱུར་བར་ཐབས་མཁས་པོ་ཞིག་གི་ཐོག་ནས་བྱེད་དགོས་པ་དེ་གལ་ཆེན་པོ་རེད་འདུག་དྲན་གྱི་འདུག དེ་ངས་དུས་རྒྱུན་ནས་དྲན་བསྡད་ཀྱི་ཡོད།

གསར་འགོད་པ་ཟླ་བ་ཕུར་བུ་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།