བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

(cancer)བོད་ལུགས་གསོ་རིག་ལས་འབྲས་ནད་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༡།༢༧ཉིན་སྤེལ། ཕོ་བའི་འབྲས་ནད་ཀྱི་དཀའ་ངལ་ནི་དེང་སྐབས་ཙམ་མིན་པར་མི་རབས་མང་པོའི་གོང་ནས་གཡུ་ཐོག་ཡོན་ཏན་མགོན་པོས་མན་ངག་ཡོན་ཏན་རྒྱུད་ནང་དུ། ཕལ་ཆེ་ཕོ་ལོང་མིད་པའི་འབྲེལ་མཚམས་མང༌། །དེ་ཕྱིར་ཕོ་བའི་ཁ་འཛིན་གཅེས་པ་ཡིན།།ཞེས་གསུངས་འདུག

༢༠༡༥།༠༡།༢༧ཉིན་སྤེལ། ཕོ་བའི་འབྲས་ནད་ཀྱི་དཀའ་ངལ་ནི་དེང་སྐབས་ཙམ་མིན་པར་མི་རབས་མང་པོའི་གོང་ནས་གཡུ་ཐོག་ཡོན་ཏན་མགོན་པོས་མན་ངག་ཡོན་ཏན་རྒྱུད་ནང་དུ། ཕལ་ཆེ་ཕོ་ལོང་མིད་པའི་འབྲེལ་མཚམས་མང༌། །དེ་ཕྱིར་ཕོ་བའི་ཁ་འཛིན་གཅེས་པ་ཡིན།།ཞེས་གསུངས་འདུག

དྲི་བ། ཨེམ་ཆི་རྣམ་རྒྱལ་ལགས་བཀྲ་ཤིས་བདེ་ལེགས། ཐོག་མར་ཨེམ་ཆི་ལགས་འདི་ག་ནོར་བུ་གླིང་ཁའི་ཉེ་འདབས་ལ་བོད་ལུགས་སྨན་ཁང་ཕྱེས་ནས་ལོ་ག་ཚོད་ཕྱིན་པ་དང་སྨན་ཁང་འདིའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན།  བོད་ལུགས་སྨན་ཁང་འདི་༢༠༠༡ལོར་མགོ་འཛུགས་བྱས་པ་དང༌། སྨན་ཁང་འདི་གཙོ་བོ་བོད་ཀྱི་སྲོལ་རྒྱུན་གསོ་རིག་གི་ལག་ལེན་མན་ངག་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཐུབ་ཆེད་ནོར་གླིང་ཉེ་འདབས་ལ་གྲོང་གསེབ་སྨན་པའི་ངོ་བོར་ལག་ལེན་ཞུས་པ་ཡིན།

དྲི་བ།  ཨེམ་ཆི་ལགས་ནས་སྨན་ཁང་འདི་བཙུགས་ནས་ད་བར་ཉམས་མྱོང་གང་དང་གང་ཐོབ་སོང༌།
ལན། སྨན་ཁང་འདི་བཙུགས་ནས་རང་ཉིད་ལ་ཉམས་མྱོང་མང་པོ་ཐོབ་པའི་ནང་ནས་གལ་ཆེ་ཤོས་ནི་བོད་ཀྱི་གསོ་བ་རིག་པའི་གཞུང་དང་ལག་ལེན་ལ་ཡིད་ཆེས་བརྟན་པོ་ཐོབ་པ་མ་ཟད། ད་དུང་བོད་ཀྱི་གསོ་བ་རིག་པའི་གཞུང་དང་ལག་ལེན་ལ་སྦྱོང་བྱེད་འདོད་སྐོམ་པ་ཆུ་འདོད་ལྟར་ཡོང་གི་འདུག

དྲི་བ། དེང་སང་རྒྱ་གར་ནད་པ་མང་པོ་ཨེམ་ཆི་ལགས་ལ་བསྟེན་གཏུགས་ཆེད་ཡོང་གི་ཡོད་པ་མ་ཟད་ཨེམ་ཆི་ལགས་ནས་ཀན་སར(cancer)ནད་པ་མང་པོ་བཅོས་ཐུབ་ཡོད་པའི་གནས་ཚུལ་གོ་ཐོས་འདུག་པ་འདིའི་སྐོར་གསུངས་རོགས།
ལན། རེད། གཡས་གཡོན་གྲོང་གསེབ་ཀྱི་རྒྱ་གར་དང་གཞན་ཡང་ཁོ་ཚོ་བརྒྱུད་པཱན་ཇབ་དང་ཇཱ་མུ་སོགས་ནས་རྒྱ་གར་གྱི་ནད་པ་བསྟེན་གཏུགས་ཆེད་ཡོང་གི་འདུག མངའ་སྡེ་གཞན་ནས་ཀྱང་འགའ་ཤས་ཡོང་གི་འདུག ཀན་སར་སྐོར་རང་ཉིད་དེ་སྔ་སྨན་རྩིས་ཁང་དུ་ཉམས་ཞིབ་ཀྱི་འགན་འཁྱེར་བའི་སྐབས་ནས་དོ་སྣང་བྱེད་མགོ་བཙུགས་པ་དང་དེ་ནས་མུ་མཐུད་འབྲས་ནད་ཀན་སར་སྐོར་ཕྱི་རྒྱལ་ཁག་ཏུ་ཚོགས་འདུ་དང་གཏམ་བཤད། སྨན་བཅོས་མང་པོ་བྱས་དང་བྱེད་བཞིན་པ་དང་ཉམས་ཞིབ་ཀྱང་བྱེད་མུས་ཡིན། འདི་གའི་སྨན་ཁང་དུ་དམིགས་བསལ་རྒྱ་གར་བ་ཀན་སར་ནད་པ་འགའ་ཤས་ལ་སྨན་བཅོས་བྱས་ནས་དྲག་བསྐྱེད་བྱུང་སོང་བ་དང་གཞན་ཡང་ཡུ་རོབ་དང་ཨུ་རུ་སུའི་ཀན་སར་ནད་པ་མང་པོ་དྲག་བསྐྱེད་བྱུང་སོང༌།

དྲི་བ། ཨེམ་ཆི་ལགས་ནས་ཀན་སར་མ་ཡིན་པའི་ན་ཚ་གཞན་ལ་སྨན་བཅོས་ཡག་པོ་གནང་ཐུབ་པ་ཡོང་གི་འདུག་གམ།
ལན། རེད། མཁལ་མའི་རྡོ། མཆིན་པའི་ན་ཚ། མ་ཞུ་བའི་ནད་རིགས། བད་ཀན་སྨུག་པོ། ཡ་མ་དང་མི་འཕྲོད་པའི་རིགས། དབུགས་བསགས་དང་གློ་ནད་རྙིང་པའི་རིགས། རྩ་དཀར་དང་རྩི་གྲིབ་རིགས། དྲེག་དང་གྲུམ་བུ། མཁྲིས་པ་མིག་སེར་སོགས་ལ་བོད་སྨན་གྱིས་དྲག་བསྐྱེད་གང་ལེགས་ཡོང་གི་འདུག

དྲི་བ།   ཀན་སར་ཞེས་པར་བོད་ལུགས་གསོ་རིག་གི་སྒོ་ནས་ནད་ག་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་ཀྱི་ཡོད་དམ།
ལན།    ཀན་སར་(cancer) ནི་ཕྱི་ལུགས་ཀྱི་སྒོ་ནས་བཏགས་པའི་ཐ་སྙད་ཅིག་རེད། དེ་ལ་བོད་ལུགས་གསོ་རིག་གི་སྒོ་ནས་འབྲས་ནད་ལ་ངོས་འཛིན་བྱེད་དགོས་ཀྱི་རེད།

དྲི་བ།   བོད་ལུགས་གསོ་བ་རིག་པའི་སྒོ་ནས་གསུངས་པའི་འབྲས་ནད་དེ་ཀན་སར་ཡིན་པའི་རྒྱུ་མཚན་གང་དང་གང་ཡོད་དམ།
ལན།    རྒྱུ་མཚན་མང་པོ་ཡོད་པ་རེད།    འབྲས་ནད་ཀྱི་རྒྱུ་དང་རྐྱེན། དབྱེ་བ་དང་རྟགས། བཅོས་ཐབས་རྣམས་ཀན་སར་སྐོར་འགྲེལ་བཤད་བྱེད་པ་དང་གཅིག་མཚུངས་ཡོད་པ་རེད།

དྲི་བ།    འབྲས་ནད་དེ་རྒྱུ་རྐྱེན་ག་རེ་ལ་བརྟེན་ནས་ཡོང་གི་ཡོད་དམ།
ལན།    རྒྱུ་ནི་འགྲམས་འཁྲུགས་ཁ་ཟས་མ་སྨིན་པས། ངན་ཁྲག་རྒྱས་ཏེ་རླུང་གིས་འདྲིལ་ལས་བྱུང༌། ཞེས་བོད་ལུགས་གསོ་རིག་ནང་ནས་འབྲས་ནད་ཀྱི་རྒྱུ་རྐྱེན་གཙོ་བོ་བཞི་གསུངས་ཀྱི་ཡོད་པ་འདི་དེང་དུས་ཚན་རིག་གི་སྒོ་ནས་ཀན་སར་སྐོར་ཞིབ་འཇུག་བྱེད་པའི་གྲུབ་འབྲས་བརྙེད་ཡོད་པ་ཚང་མ་རྒྱུ་རྐྱེན་བཞི་འདི་ལས་ད་དུང་བརྒལ་ཐུབ་མེད་པ་ནི་བོད་ལུགས་གསོ་རིག་གི་འབྲས་ནད་སྐོར་ཀྱི་སྡོམ་ཚིག་ཆེན་པོ་ཞིག་རེད། འབྲས་ནད་དམ་ཀན་སར་གྱི་ནད་ཡོང་བར་རྒྱུ་རྐྱེན་བཞི་ཚང་དགོས་པ་ཡིན།

དྲི་བ། འབྲས་ནད་ཀྱི་རྒྱུ་རྐྱེན་བཞིའི་སྐོར་འགྲེལ་བཤད་ཐུང་ཐུང་ཞིག་གསུངས་རོགས།
ལན། ང་ཚོས་དུས་རྒྱུན་ཟས་སྤྱོད་ཚུལ་མཐུན་མ་བསྟེན་པ་ལ་བརྟེན་ནས་ཁ་ལག་གང་ཟོས་པ་རྣམས་ཕོ་བའི་གནས་སུ་མ་ཞུ་བ་དེ་ལོང་གི་གནས་ནས་ཁ་ལག་རང་འཇགས་ཕྱིར་ཐོན་པ་དང་ཡང་ན་ཁ་ལག་ཡག་པོ་ཞུ་མ་ཐུབ་པ་དེ་རིམ་པས་ཁྲག་དང་ཤ་སོགས་ལུས་ཟུངས་སུ་ཡག་པོ་གྱུར་མ་ཐུབ་པའམ་སྨིན་མ་ཐུབ་པ་དེ་ལོ་མང་པོ་ཕྱིན་པའི་རྗེས་ལ་རིམ་པས་ཁྲག་སོགས་གཙང་མ་མེད་པ་ཆགས་པ་དེ་ལ་ངན་ཁྲག་ཟེར་བ་དང༌། ངན་ཁྲག་དེ་ཡང་རིམ་པས་གཟུགས་པོའི་ཆ་ཤས་གཅིག་ནས་ཆ་ཤས་གཞན་ལ་འགྲམས་འགྲོ་གི་ཡོད་པ་དང༌། ད་དུང་རྐྱེན་མང་པོ་ཚོགས་ན་ལུས་ལ་འགྲམས་པའི་ངན་ཁྲག་རྣམས་འཁྲུགས་ནས་ལུས་ལ་གནོད་པའི་བླ་གཉན་ནད་ཅན་གྱི་འབྲས་ནད་དུ་གྱུར་འགྲོ་བ་ཡིན།

དྲི་བ། དེང་སང་མི་མང་ཆེ་བར་གཟུགས་པོ་རྡོག་རྡོག་ཅིག་ཐོན་ན་ལམ་སེང་ཀན་སར་ཡིན་པའི་ཞེད་སྣང་བྱེད་ཀྱི་འདུག་པས་ཀན་སར་ཡིན་ན་རྡོག་རྡོག་ཡིན་དགོས་ཀྱི་ཡོད་དམ།
ལན།    གཟུགས་པོར་རྡོག་རྡོག་སོགས་སྐྲངས་པོ་ཐོན་ཚད་འབྲས་ནད་མ་རེད། འོན་ཀྱང་དེ་ལ་སྣང་མེད་མ་བཞག་པར་དོ་སྣང་བྱེད་རྒྱུ་གལ་ཆེན་པོ་རེད། རྡོག་རྡོག་ཙམ་ཐོན་པ་དེ་ལ་བོད་ལུགས་གསོ་རིག་གཞུང་ལས་སྐྲན་ནད་ཟེར་བ་རེད། ལུས་ཕྱི་ནང་དང་ལུས་ཀྱི་སྟོད་སྨད་གང་ཡང་རུང་བར་གོང་བུར་འདྲིལ་བའི་ནད་ལ་སྐྲན་ནད་ཙམ་ཟེར་བ་དང༌།    ཕྱི་ལུགས་ཀྱི་སྒོ་ནས་དེ་ལ་སྦི་ན་ཡིན་ཀྲུ་མར་(benign tumor) ཟེར་གྱི་ཡོད།

འབྲས་ནད་ནི་ལུས་ཀྱི་གནས་ཕྱི་ནང་གང་ཡང་རུང་བར་རྩ་བ་ཆེ་ལ་ནད་ཚབས་ཆེ་ཞིང་དབྱིབས་ཟླུམ་པོའམ་འཇོང་བར་གནས་པའི་སྲ་མཁྲེགས་ཅན་གྱི་སྐྲངས་པོ་ཞིག་ལ་འབྲས་ནད་ཅེས་བརྗོད། ཕྱི་ལུགས་ཀྱིས་དེ་ལ་མེ་ལིག་ནེན་ཀྲུ་མར་(malignant tumor) ཟེར་གྱི་རེད།

དྲི་བ།  དེ་འདྲ་ཡིན་ན་སྐྲན་ནད་དང་འབྲས་ནད་གཉིས་ལ་མི་འདྲ་བའི་ཁྱད་པར་གཙོ་བོ་གང་དང་ཡོད་དམ།
ལན།    ཁྱད་པར་མང་པོ་ཡོད་པ་རེད། དཔེར་ན་སྐྲན་ཙམ་ཡིན་ན་གཟུགས་པོའི་གནས་གཅིག་ལ་ཐོན་ནས་གནས་གཞན་ལ་མི་བྱེར་བ་དང་ལུས་ལ་གནོད་ཚབས་ཆུང་བ། སྐྲངས་པོ་དེ་ག་ལེར་ཆེ་རུ་ཕྱིན་པ་དང་སྐྲངས་པོ་དེའི་མཐའ་འཁོར་གཞན་དང་མ་འདྲེས་པ་ལ་བརྟེན་ནས་གཤག་བཅོས་སོགས་བྱེད་བདེ་བ་དཔེར་ན་མཁྲིས་པ་དང་མཁལ་མའི་ནང་རྡོ་ཆགས་པ་ལྟ་བུ་རེད། གཤག་བཅོས་སོགས་བྱས་ཚར་བའི་རྗེས་སྐྲན་ཙམ་ཡིན་ན་བསྐྱར་ལོག་བྱེད་ཀྱི་མེད་པ་རེད།

འབྲས་སྐྲན་ནི་གོང་དུ་ཞུས་པ་ལྟར་དང་པོ་སྐྲན་དེ་རིགས་ཀྱི་མཐའ་མཚམས་གསལ་པོ་མེད་པ་དང་ལུས་ཀྱི་གནས་གཞན་ལ་ཁྱབ་སླ་བ། ཁྱབ་ན་གནོད་ཚབས་ཆེ་བ་དང་གཤགས་བཅོས་སོགས་བྱེད་ཀྱང་བསྐྱར་ལོག་བྱེད་སླ་བ་ཡོད་པ་རེད།

དྲི་བ། རྡོག་རྡོག་སོགས་སྐྲངས་པོ་རིགས་མེད་ན་འབྲས་ནད་མེད་པ་ཡིན་ནམ།
ལན།  འབྲས་ནད་ཡིན་པ་ཚང་མ་རྡོག་རྡོག་ཡིན་པའི་ཁྱབ་པ་མེད། དཔེར་ན་ཁྲག་གི་འབྲས་ནད་ལྟ་བུ་ལ་སྐྲན་ཆགས་ཀྱི་མེད་པ་རེད།

དྲི་བ།    དེ་འདྲ་ཡིན་ན་འབྲས་ནད་ཡིན་མིན་ཤེས་རྟོགས་ག་འདྲ་ཐུབ་ཀྱི་ཡོད་དམ།
ལན།  སྤྱིར་བཏང་དེང་སྐབས་ཚན་རིག་གི་སྒོ་ནས་བརྟག་དཔྱད་བྱེད་ཐབས་སྣ་ཚོགས་ཡོད་པར་བརྟེན་ལོ་རེའི་མཚམས་གཟུགས་པོར་བརྟག་དཔྱད་བྱེད་ཐུབ་ན་འབྲས་ནད་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད།  ཡིན་ནའང་འབྲས་ནད་ག་དུས་ན་གི་ཡོད་མེད་དེང་དུས་ཚན་རྩལ་ཧ་ཅང་མཐོ་པོ་ཡོད་ནའང་སྔོན་དཔག་ཡག་པོ་ཐུབ་ཀྱི་མེད་པ་རེད། དེར་བརྟེན་འབྲས་ནད་ནི་འཛམ་གླིང་ནང་གི་དཀའ་ངལ་ཆེ་ཤོས་འཕྲད་བཞིན་པའི་ནད་ཅིག་རེད།

དྲི་བ།    དེ་འདྲ་ཡིན་ན་འབྲས་ནད་དེ་ལས་ནད་རེད་དམ།
ལན།  བོད་ལུགས་གསོ་རིག་གཞུང་ནང་འབྲས་ནད་དེ་ལྷན་སྐྱེས་རྨའི་ཁོངས་སུ་བཞག་ཡོད་པ་ལས་ལས་ནད་ཡིན་པ་དངོས་སུ་གསུངས་མེད། འོན་ཀྱང་ལས་སྐྱེས་རྒྱུ་མེད་པ་ལ་དཀྱེལ་ཆེ་བ།ཞེས་གསུངས་པ་བཞིན་མཚམས་རེར་འབྲས་ནད་ནི་དེ་སྔའི་རྒྱུ་རྐྱེན་གང་ཡང་རྩད་གཅོད་མ་ཐུབ་པའི་སྒོ་ནས་གློ་བུར་དུ་ནད་ཚབས་ཆེན་པོ་ཡོང་གི་ཡོད་པའི་དཔེ་མཚོན་མང་པོ་བཞག་ཡག་ཡོད་པར་བརྟེན་འབྲས་ནད་དེ་ལས་ནད་རེད་ཅེས་བཤད་ཆོག་པ་ཡིན།

དྲི་བ།    འབྲས་ནད་ཀྱི་སྔོན་འགོག་ཆེད་དོ་སྣང་གང་དང་གང་བྱེད་དགོས་སམ།
ལན།  བོད་ལུགས་གསོ་རིག་ལ་བརྟེན་ནས་འབྲས་ནད་ལ་སྔོན་འགོག་བྱེད་པའི་ཐབས་ལམ་མང་པོ་ཡོད་པ་རེད།   
དང་པོ།    གོང་གི་རྒྱུ་རྐྱེན་རྣམས་མ་ཡོང་བའི་ཐབས་ལམ་འཚོལ་དགོས་པ་རེད།
གཉིས་པ།    ཚ་བ་འཕར་བ། རྔུལ་ནག་མང་བ། ཐང་ཆད་སླ་བ། ཟས་ལ་དང་ག་མེད་པ། ཟུངས་ཁྲག་ཞན་པ། རྨེན་བུ་སྐྲངས་པ། ལྗིད་ཚད་ཆག་པ། མགོ་གཟེར་རྒྱབ་པ།མགོ་ཡུ་འཁོར་བ། ལུས་བྱིངས་ལ་ན་ཟུག་བཏང་བ། གློ་རྒྱབ་པ། དབུགས་བཏང་དཀའ་བ། བཤལ་སྐྱུགས་བྱེད་པ། ཡང་ན་འཕྱེན་དང་བཙོག་པ་དགག་པ། གཅིན་ཁ་སྙི་བའམ་གཅིན་པ་དགག་པ་སོགས་ཀྱི་ནད་རྟགས་རིགས་བདུན་ཕྲག་གཉིས་ལྷག་མུ་མཐུད་བསྡད་ན་ངེས་པར་ནད་ཀྱི་རྒྱུ་རྐྱེན་གང་ཡིན་པ་རྩད་གཅོད་བྱས་ཏེ་སྨན་པའི་ལམ་སྟོན་ལྟར་སྤང་བླངས་ཚུལ་བཞིན་བསྟེན་པའི་སྒོ་ནས་སྨན་བཅོས་བྱེད་དགོས།
གསུམ་པ། དེང་སྐབས་བོད་པའི་སྤྱི་ཚོགས་ནང་མཆིན་ཚད་ཁ་པ་(hepatitis-B)ན་མཁན་མང་པོ་ཡོད་སྟབས་མཆིན་ཚད་ཁ་པའི་སྔོན་འགོག་གི་ཁབ་ངེས་པར་རྒྱག་དགོས།   
བཞི་བ། བུད་མེད་རྣམས་ཀྱིས་ནུ་མའི་འགྱུར་བ་ལ་དོ་སྣང་དང་བུ་སྣོད་འབྲས་ནད་ཀྱི་སྔོན་འགོག་ཁབ་ངེས་པར་རྒྱག་དགོས།
ལྔ་པ།    སྨེ་བ། ལྤགས་ནད་རིགས་ཀྱི་འགྱུར་བ་ལ་དོ་སྣང་དང་དོགས་པ་བྱུང་ཚེ་སྨན་པར་བསྟེན་དགོས།
དྲུག་པ། རྒྱུན་དུ་བད་ཀན་དང་མ་ཞུ་བའི་ནད་གཞི། སྐྲན་ནད། གློ་གཅོང་དང་སྨུག་པོ་སོགས་མི་ན་བའི་ཆེད་སྔོན་འགོག་བྱེད་དགོས་པ་དང་ན་གི་ཡོད་ན་སྨན་བཅོས་མཐར་ཕྱིན་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན།
བདུན་པ། ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང༌། ཞེས་གསུངས་པ་ལྟར་ཐོག་མར་སྒེར་གྱི་གཙང་སྦྲ་འཕྲོད་བསྟེན་ཆེད་རྒྱུན་དུ་ཟས་སྤྱོད་གཉིས་ཀྱི་སྤང་བླངས་མཐའ་གཉིས་སུ་མ་ལྷུང་བར་ཚུལ་བཞིན་བསྟེན་དགོས་པ་དང༌། དེ་ནས་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཆེད་ཕྱིའི་འབྱུང་ལྔའི་འཁོར་ཡུག་ལ་འབག་བཙོག་མ་ཤོར་བ་བྱེད་དགོས་པ་དང༌། རང་གཞན་རོགས་གསུམ་ཚང་མ་ཞི་བདེ་བག་ཕེབས་ངང་གནས་ཐབས་ཆེད་ནང་སེམས་ཀྱི་ཁོར་ཡུག་ལའང་འབག་བཙོག་མ་ཤོར་བ་ཚང་མས་དོ་འཁུར་བྱེད་ཐུབ་ན་འབྲས་ནད་སྔོན་འགོག་གི་ཐབས་ལམ་ཡག་ཤོས་དེ་ཡིན།

དྲི་བ། དམིགས་བསལ་ཟས་སྤྱོད་ཀྱི་སྒོ་ནས་འབྲས་ནད་ཀྱི་སྔོན་འགོག་ག་འདྲ་བྱེད་དགོས་སམ།
ལན།    གསོ་བ་རིག་པའི་གཞུང་ནང༌།    མངར་སྐྱུར་ལན་ཚྭ་ཚ་བ་དུག་འདྲ་སྤང། ཞེས་གསུངས་པ་ལྟར་འབྲས་ནད་ན་བའི་སྐབས་ཁ་ཟས་རོ་མངར་བ། སྐྱུར་བ། ལན་ཚྭ་བ་དང་ཚ་བའི་རིགས་ཤིན་ཏུ་གནོད་ཚབས་ཆེ་བ་གསུངས་འདུག་པས་དེ་དག་སྤང་དགོས་པ་གལ་ཆེ་བ་དང༌། དེ་བཞིན་ཐ་མག ཆང་རག ཚིལ་དང་སྣུམ་རིགས་མང་དྲགས་པ། འཚིག་ཇ། ཇ་གར་པོའི་རིགས། གྲོ་ཞིབ་དཀར་པོའི་ཟས་རིགས། རྒྱུ་མ་སོགས་བཅོས་བསྒྱུར་བྱེད་པའི་ཟས་རིགས། རྫས་སྦྱོར་ལས་བཟོས་པའི་བཟའ་བཏུང༌། ཤ་དམར་པོའི་རིགས། མགྱོགས་ཟས་རིགས། འཐུང་ཆུ་ཛོར་པོའི་རིགས། ཁེངས་པོའི་རིགས། གཟུགས་པོ་འཁྱགས་པ། ཆུ་ལས་མང་བ། འགྲངས་དྲགས་པ། ཉིན་གུང་གཉིད་མང་བ། མྱ་ངན་དང་སེམས་ལས་ཆེ་བ། དལ་བར་བསྡད་པ་བཅས་སྤང་དགོས།

དྲི་བ། འབྲས་ནད་ལ་ཕན་པའི་ཟས་གང་དང་གང་བསྟེན་དགོས་སམ།
ལན། དེང་སང་མིའི་འཚོ་བའི་མཐུན་རྐྱེན་བཟང་དུ་ཕྱིན་ཡོད་པའི་དུས་ཚོད་འདིར་བཟའ་བཏུང་འདྲ་མིན་སྣ་ཚོགས་སྤྱོད་པའི་གོ་སྐབས་ཡོད་པ་རེད། དེར་བརྟེན་རྒྱུན་དུ་ཤུན་ལྤགས་ལྡན་པའི་འབྲུ་རིགས། གྲོའི་སྙེ་མའི་ཉིང་ཁུ། ཉ་ཤ་སོས་པ། ལོ་སྒོ་པད་ཚལ། མེ་ཏོག་པད་ཚལ།    ཏོ་ཕུ་སོགས་སྲན་མའི་རིགས། ཞོ་དང་དར་བ་སོལ་བ། བཅའ་སྒ ཡུང་བ། བཙོང་སྒོག་སྟར་ཁ། བ་དམ། འུ་སུ། ཚལ་དང་ཤིང་ཏོག་སོས་པའི་རིགས། སེ་འབྲུ་དང་འབྲི་རྟ་ས་འཛིན། པཱ་ལག ཉེ་ཤིང༌། ཤ་མོང༌། ཉ་སྣུམ།  ཨོ་ལིབ་སྣུམ། གོང་ལ་ཕུག་ཁུ་བ། ཀྲོ་མ་ཀྲོ ཉི་མ་མེ་ཏོག་གི་འབྲུ རྫས་སྦྱོར་གྱིས་འབག་བཙོག་མེད་པའི་ཟས་རིགས། མདོར་ན་ཟས་སྤྱོད་ཡང་ཞིང་འཇམ་ལ་དྲོ་བའི་རིགས་བསྟེན་དགོས།

དྲི་བ། གོང་དུ་འབྲས་ནད་དང་ཀན་སར་གཅིག་པ་རེད་གསུངས་ཀྱི་འདུག་པས་ཀན་སར་ལ་དེང་དུས་ཚན་རིག་གི་སྒོ་ནས་འགྲེལ་བཤད་ག་འདྲ་རྒྱག་གི་རེད།
ལན། དེང་དུས་ཚན་རིག་གི་སྒོ་ནས་འགྲེལ་བཤད་རྒྱག་སྟངས་ནི་མིའི་གཟུགས་པོ་འདི་སེལ་ (cells) ཞེས་པའི་ཕྲ་ཕུང་དུང་ཕྱུར་མང་པོ་ཚོགས་པ་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་པ་དང༌།  རྒྱུན་ལྡན་ཕྲ་ཕུང་དེ་རྣམས་ང་ཚོའི་གཟུགས་པོར་མཁོ་གལ་ཡོད་ཚེ་ཕྲ་ཕུང་གཅིག་ནས་ཕྲ་ཕུང་གཞན་རྣམས་འཕེལ་འགྱུར་བྱེད་པ་དང༌། མཁོ་གལ་མེད་ཚེ་ཕྲ་ཕུང་དེ་རྣམས་འཆི་འགྲོ་བ་ཡིན། ཕྲ་ཕུང་འཕེལ་འགྱུར་གྱི་སྟངས་འཛིན་ལ་སྐྱོན་ཆ་བྱུང་ན་ཕྲ་ཕུང་དེ་རྣམས་འབྲས་ནད་དུ་འགྱུར་བ་ཡིན།

སྐྱོན་ཆར་སོང་བའི་ཕྲ་ཕུང་དེ་རྣམས་རིམ་པས་སྐྲན་དུ་འདྲིལ་ན་མིའི་གཟུགས་པོར་གནོད་སྐྱོན་བྱེད་ཀྱི་ཡོད།    འབྲས་སྐྲན་དེ་རིམ་པས་ཆེ་རུ་ཕྱིན་ནས་ཧོར་མོ་ནས་(hormones)ཞེས་པའི་གཤེར་ཁུ་འདྲ་མིན་བཏང་སྟེ་འཇུ་བྱེད་མ་ལག རྩ་དཀར་མ་ལག    ཁྲག་གི་འཁོར་རྒྱུག་མ་ལག་བཅས་ཀྱི་བྱ་བར་འགྱུར་བ་བཏང་ནས་ལུས་ལ་གནོད་སྐྱོན་བྱེད་ཀྱི་ཡོད།       

འབྲས་སྐྲན་གྱི་ཕྲ་ཕུང་རྣམས་ཁྲག་དང་ཆུ་སེར་གཉིས་བརྒྱུད་དེ་ལུས་ཡོངས་ལ་ཁྱབ་ནས་རིམ་པས་ལུས་ཟུངས་ལ་གནོད་སྐྱོན་གཏང་ན་སྐྲན་དེ་ཉེན་ཚབས་ཆེ་བའི་འབྲས་སྐྲན་དུ་འགྱུར་འགྲོ་བ་ཡིན། མཚམས་རེར་འབྲས་ནད་ཅན་གྱི་ཕྲ་ཕུང་དེ་རྣམས་དུམ་བུར་ཕྱིན་ནས་རིམ་པས་འཕེལ་འགྱུར་བྱེད་ཅིང༌། ཁྲག་རྩ་གསར་པ་ཆགས་ཏེ་ཉེན་ཚབས་ཆེ་བའི་འབྲས་སྐྲན་དུ་འགྱུར་འགྲོ་བ་ཡིན།

འབྲས་སྐྲན་དེ་རྣམ་པ་མ་གྱུར་བའི་ལུས་ཟུངས་ཀྱི་གནས་ལ་ཁྱབ་པ་དང་ཆེ་རུ་ཕྱིན་ཏེ་ལུས་ཀྱི་གནས་གཞན་ལ་བཙན་འཛུལ་དང་གཏོར་སྐྱོན་གཏང་ན་མེ་ཏྲ་སཏྲ་སིས་(metastatis)    ཞེས་བཅོས་དཀའ་བའི་བླ་གཉན་ཅན་གྱི་འབྲས་ནད་དུ་འགྱུར་འགྲོ་བ་ཡིན་ཞེས་འགྲེལ་བཤད་བྱེད་ཀྱི་ཡོད།   

དྲི་བ། ང་ཚོའི་བོད་པའི་སྤྱི་ཚོགས་ཁྲོད་ཀན་སར་ནད་ཀྱི་དཀའ་ངལ་ཆེ་ཆུང་ག་འདྲ་ཡོད་དམ།
ལན། བོད་པའི་སྤྱི་ཚོགས་ཁྲོད་ཀན་སར་གྱི་དཀའ་ངལ་ཆེ་ཤོས་ནི་ཕོ་བའི་འབྲས་ནད་དེ་རེད། ཕོ་བའི་འབྲས་ནད་ཀྱི་དཀའ་ངལ་ནི་དེང་སྐབས་ཙམ་མིན་པར་མི་རབས་མང་པོའི་གོང་ནས་གཡུ་ཐོག་ཡོན་ཏན་མགོན་པོས་མན་ངག་ཡོན་ཏན་རྒྱུད་ནང་དུ། ཕལ་ཆེ་ཕོ་ལོང་མིད་པའི་འབྲེལ་མཚམས་མང༌། །དེ་ཕྱིར་ཕོ་བའི་ཁ་འཛིན་གཅེས་པ་ཡིན།།ཞེས་ཕོ་བའི་འབྲས་ནད་ན་མཁན་མང་པོ་ཡོད་པའི་ངོས་འཛིན་གསལ་པོ་གནང་ཡོད་པ་མ་ཟད་སྨན་པ་ཚོར་ནད་པའི་ཕོ་བའི་མེ་དྲོད་སྲུང་སྐྱོབ་བྱེད་དགོས་པའི་བཀའ་སློབ་མང་པོ་གནང་ཡོད་པ་རེད།

དྲི་བ། མཐའ་སྡོམ་རྒན་ལགས་ནས་བོད་རིགས་ཚོར་འབྲས་ནད་དང་འབྲེལ་བའི་དམིགས་བསལ་གང་གསུངས་ཡ་ཡོད་དམ།
ལན། དེང་སྐབས་ཕྱིའི་མཐུན་རྐྱེན་ག་ཚོད་མང་བ་དེ་ཙམ་དུ་ནད་ཀྱི་རྒྱུ་རྐྱེན་ཡང་མང་དུ་འགྲོ་རྒྱུ་ཡིན་པ་ནི་ཆོས་ཉིད་ཅིག་རེད། དེར་བརྟེན་དང་པོ་རྒྱུན་དུ་གཟུགས་པོར་མི་འཕྲོད་པའི་རིགས་སྤང་དགོས་པ་དང་འཕྲོད་པའི་རིགས་བསྟེན་ཏེ་མཐའ་གཉིས་སུ་མ་ལྷུང་པའི་ཟས་སྤྱོད་ཚུལ་བཞིན་བསྟེན་པའི་སྒོ་ནས་སྨན་པའི་ལམ་སྟོན་གང་གནང་བ་བཞིན་དུས་ཐོག་བརྟག་དཔྱད་དང་སྨན་བཅོས་བྱེད་རྒྱུར་ལྷོད་གཡེང་དུ་མ་འགྲོ་བ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།།

ཐུགས་རྗེ་ཆེ། མཐའ་དོན་༧གོང་ས་མཆོག་སྐུ་ཚེ་རྡོ་རྗེའི་རང་ཁམས་སུ་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཞུ།

འོད་ཐིག་ཚགས་ཤོག་ཐོག་ནོར་གླིང་མཐོ་སློབ་ཀྱི་གསོ་རིག་སློབ་དཔོན་རྣམ་རྒྱལ་ཁྱུ་གསར་མཆོག་ལ་ཀན་སར་ནད་གཞིའི་སྐོར་བཅར་འདྲི་ཞུས་པ་ཞིག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།