བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

མི་མང་ལ་ཕན་ཐོགས་ཆེ་ཤོས་སྨན་བཅོས་བལྟ་སྐྱོང་ལས་གཞི་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡།༢༡ཉིན་སྤེལ། ༄༅།། འདི་ག་གསར་ཁང་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ལ་མང་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེནདང་། གཙང་སྦྲ། ཉེན་འཚབ་ཅན་གྱི་འགོད་ནད་ལ་གདོང་ལེན་གནང་སྟངས་མ་འོངས་པར་འཕྲོད་བསྟེན་ལས་ཁུངས་ཀྱི་་ལས་འཆར་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་ཞིག་གཤམ་དུ་བཀོད་ཡོད་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་དགྱེས་གཟིགས་ཡོད་པ་ཞུ།

༡ ཐོག་མར་སྐུ་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས།
ལན། ངའི་མིང་ལ་ཚེ་རིང་དབང་ཕྱུག་ཟེར་གྱི་ཡོད་རེད། ང་སྐྱེ་ས་ལ་དྭགས་ལ་སྐྱེས་པ་རེད། ལོ་བདུན་སྐབས་ང་ཚོའི་ཁྱིམ་ཚང་ངྷ་རམ་ས་ལ་གནས་སྤོས་གནང་བ་རེད། ང་རང་ཆུང་དུས་སྐབས་པཱ་ལགས་སྐུ་གཤེགས་པ་རེད། ང་ལ་སྤུན་མཆེད་ཆུང་བ་ལྔ་ཡོད་རེད། ཚང་མ་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བཀའ་དྲིན་གྱིས་བོད་གཞུང་གཏན་འཇགས་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་བྱུང་བ་རེད། 

ང་རང་ལ་ཆ་བཞག་པ་ཡིན་ན་ཊལ་ཧོར་གཏན་འཇགས་སློབ་གྲྭ་འཛིན་གྲྭ་དང་པོ་ནས་བཅུ་པ་བར་ཕྱིན་པ་ཡིན། དེ་ནས་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་མ་སུ་རུ་གཏན་འཇགས་སློབ་གྲྭ་ལ་ཕྱིན་པ་ཡིན། དེ་ནས་སློབ་གྲྭ་ཐོན་ནས་ལོ་གཅིག་དང་ཕྱེད་ཀ་ལྷག་དྷི་ལི་ལ་སློབ་སྦྱོང་བྱས་ནས་བསྡད་པ་ཡིན། སྐབས་ཤིག་བོད་གཞུང་ཤེས་རིག་ལས་ཁུངས་ནས་གོ་སྐབས་ཤིག་ཐོབ་པ་བརྒྱུད་པོ་ལན་ཌིའི་(Poland)རྒྱལ་ས་ཝར་སའུ་(Warsaw)ལ་སྨན་གྱི་སློབ་སྦྱོང་བྱེད་པ་ཕྱིན་པ་ཡིན། ༢༠༠༣ལོར་སློབ་གྲྭ་མཐར་ཕྱིན་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་འོག་གཞིས་ཆགས་ཁག་མི་འདྲ་བ་ཁ་ཤས་ནང་སྨན་པའི་ལས་འཆར་གྱི་གོ་སྒྲིག་འོག་ལས་ཀ་བྱས་པ་ཡིན། 

༢༠༡༡ཕྱི་ཟླ་༩པ་ནས་སྐུ་ངོས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་འདམས་པ་ནང་བཞིན་འཕྲོད་བསྟེན་བཀའ་བློན་བྱེད་རྒྱུར་གྲོས་ཚོགས་ནང་ཚང་མས་མང་མོས་བྱུང་བ་རེད། ༢༠༡༡ཕྱི་ཟླ་༩ཚེས་༡༦ནས་ངྷ་རམ་ས་ལའི་འཕྲོས་བསྟེན་བཀའ་བློན་གྱི་འགན་འཁུར་ནས་ལས་ཀ་བྱེད་བཞིན་པ་ཡིན།

༢ སྐུ་ཉིད་འཕྲོས་བསྟེན་བཀའ་བློན་གནང་བའི་དུས་ཡུན་ནང་། འཕྲོས་བསྟེན་ལས་ཁུངས་ཀྱི་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཡོད་དམ། 

ལན། ད་ལྟའི་འཆར་འཕྲོད་བསྟེན་ལས་ཁུངས་དེ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་བདུན་ནང་ནས་ལས་ཁུངས་གལ་ཆེ་ཤོས་ཤིག་ཆགས་ཡོད་རེད།  དུས་རྒྱུན་ང་ཚོས་༼ནང་ཤེས་འཕྲོད་༽ཅེས་བཤད་ཀྱི་ཡོད་པ་རེད། ལས་ཁུངས་གསུམ་དེ་མི་མང་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། 

དེའི་ནང་ནས་མི་མང་གི་བདེ་སྡུག་ལ་བལྟ་མཁན་དེ་འཕྲོད་བསྟེན་ལས་ཁུངས་ཆགས་ཡོད་རེད། དེར་བརྟེན་འཕྲོད་བསྟེན་ལས་ཁུངས་དེ་༡༩༨༡ནས་འགོ་འཛུགས་བྱས་འདུག དེའི་སྐབས་དང་པོ་དེ་དྲུང་ཆེ་བྱུང་འདུག འཕྲོད་བསྟེན་བཀའ་བློན་དང་པོ་དེ་རྒྱ་བཅུ་གྱ་བརྒྱད་ནས་བྱུང་བ་མ་གཏོགས་དེ་སྔོན་མི་འདུག 

སྐབས་དེ་དུས་འཕྲོད་བསྟེན་བཀའ་བློན་བསྐོ་གཞག་གནང་ནས་བློན་ཆེན་ལས་ཁུངས་བདུན་གྱི་ནང་ནས་ཟུར་དུ་གཅིག་ཆགས་འདུག ད་ལྟའི་འཆར་ང་ཚོ་འཕྲོད་བསྟེན་ལས་ཁུངས་དེ་གཙོ་བོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོའི་འཕྲོད་བསྟེན་གྱི་བལྟ་སྐྱོངས་གནང་རྒྱུ་དེ་ང་ཚོའི་ལས་འགན་རེད། 

དེ་ལ་གནད་འགག་ཁ་ཤས་ཤིག་ཡོད་རེད། དང་པོ། སྔོན་འགོག་རེད། མང་ཚོགས་ནང་འགོད་ནད་དང་འགོད་ནད་མ་ཡིན་པའི་རིགས་དེ་མ་ཡོང་བའི་ཆེད་འཕྲོད་བསྟེན་སློབ་གསོ་ལས་འགུལ་མང་པོ་ཞིག་སྤེལ་ཀྱི་ཡོད་རེད།
གཉིས་པ་དེ། འཕྲོད་བསྟེན་གོང་འཕེལ་རེད།  ང་ཚོའི་ནང་འཕྲོད་བསྟེན་ལས་གཞི་ཡག་ཏུ་འགྲོ་བའི་ཆེད་དུ་ལས་གཞི་མང་པོ་སྤེལ་རྒྱུ་ཆགས་བསྡད་ཀྱི་འདུག 

གསུམ་པ་དེ། ནད་གཞི་བཅོས་ཐབས། གོང་གི་ལས་གཞི་གཉིས་པོ་དེ་སྤེལ་ན་ཡང་ན་ཚའི་རིགས་དེ་ཡོང་གི་ཡོད་དུས་སྨན་བཅོས་མཐུན་རྐྱེན་གང་ཐུབ་སྦྱར་རྒྱུ་དེ་རེད། དཔེར་ན། ཀྲི་སྦི་དང་། གཉེན་ནད་རེག་དུག སེམས་ཁམས་འཕྲོད་བསྟེན་བཅས་ཀྱི་ཐད་ལ་སྨན་བཅོས་ཀྱི་མཐུན་རྐྱེན་དང་རྒྱབ་བསྐྱོར་རོགས་རམ་གནང་གི་ཡོད་རེད། 

ཡང་ང་ཚོ་འཕྲོད་བསྟེན་ལས་ཁུངས་ཀྱིས་ལས་གཞི་མང་པོ་ཞིག་སྤེལ་གྱི་ཡོད་པའི་ནང་ནས་གལ་ཆེ་ཤོས་དེ་མ་དང་བྱིས་པའི་འཕྲོད་བསྟེན་དེ་ཆགས་བསྡད་ཀྱི་འདུག བུ་མེད་ཀྱི་ཁོག་པའི་ནང་ཕྲུ་གུ་ཆགས་པ་ནས་བཟུང་ཕྲུ་གུ་སྐྱེས་ནས་ལོ་ལྔ་མན་ཆད་སྔོན་འགོག་ཁབ་རྒྱབ་ཡག་དང་། མངལ་ཆགས་པའི་བུ་མེད་ལ་རྟགས་དཔྱད་བྱེད་ཡག དེ་དག་འཕྲོད་བསྟེན་སྨན་ཁང་ཚང་མ་ལ་རིན་མེད་ཐོག་མཐུན་འགྱུར་སྦྱར་ཡག འཕྲོད་བསྟེན་སྨན་ཁང་ཆུང་ཚག་ཡོད་ས་དེ་དག་ལ་ང་ཚོས་མཐུན་རྐྱེན་ཆ་ཚང་ཞིག་མེད་དུས་རང་གཉིས་ཀྱི་དང་དུ་བླངས་ནས་རྟགས་དཔྱད་དང་སྨན་བཅོས་བཅས་སོ་སོ་རང་གི་མཐུན་འགྱུར་བྱས་རྗེས་དེ་དག་ལ་ཐོབ་པའི་བྱུང་འཛིན་རྣམས་འཕྲོད་བསྟེན་ལས་ཁུངས་ལ་བཏང་པ་ཡིན་ན་ང་ཚོས་མར་དངུལ་སློག་གི་ཡོད་རེད། 

དེ་ག་ནང་བཞིན་རྒྱང་བཅོས་ཀྱི་ལས་གཞི་དེ་གཞིས་ཆགས་ས་གནས་དགའ་ཤས་ལ་སྨན་པ་རགས་ཡག་ཁག་པོ་ཡོད་པར་རྟེན། ཆ་འཕྲིན་གྱི་ལས་གཞི་སྤྱད་པའི་ཐོག་ནས་གློག་འཕྲིན་དང་། དྲྭ་རྒྱ། འཕྲིན་ལམ་བཅས་བརྒྱུད་ནས་ས་གནས་ས་ཐོག་ལ་བལྟ་ཡི་ཡོད་རེད། ད་ལྟའི་འཆར་ལས་གཞི་དེ་གཞིས་ཆགས་མཱན་པ་དྲི་གཞིས་ཆགས་ལ་བཙུགས་ཐུབ་པ་བྱུང་བ་དང་ལས་གཞི་དེ་འགྲོ་དང་འགྲོ་མུས་རེད། ལས་གཞི་གསར་ཤོས་དང་གལ་ཆེ་ཤོས་དེ་ང་ཚོས་སྨན་བཅོས་བལྟ་སྐྱོང་ལས་གཞི་དེ་རེད།

སྨན་བཅོས་བལྟ་སྐྱོང་ལས་གཞི་དེ་ད་ལྟའི་འཆར་ང་རང་ཚོ་བཙན་བྱོལ་མང་ཚོགས་ནང་བོད་མི་མང་ཆེ་བ་ཞིག་ལ་འཕྲོད་བསྟེན་གྱི་ཉེན་སྲུང་མེད་འདུག དཔེར་ན། དུས་རྒྱུན་ང་ཚོས་མོ་ཊ་དང་འཕྲུལ་རྟ་སྤྱོད་སྐབས་ངེས་པར་དུ་ཉེན་སྲུང་བྱེད་དགོས་པ་རེད། འཕྲུལ་ཆས་རིགས་འཕྲོ་བརླག་ཕྱིན་པ་ཡིན་ན་ཁེ་ལས་བཟོ་གྲྭ་ནས་བཟོ་བཅོས་བྱེད་ཀྱི་ཡོད་རེད། དེ་ག་ནང་བཞིན་གཟུགས་པོ་ལ་ཡང་སྐྱོན་ཤོར་རྒྱུ་ཡོད་པ་རེད། ན་ཚ་དང་བརྡབ་སྐྱོན་ག་རེ་ཡིན་ཡང་ཡོང་སྲིད་པ་ཞིག་རེད། དེར་བརྟེན་སོ་སོའི་གཟུགས་པོ་དེ་ལ་ཡང་འཕྲོད་བསྟེན་གྱི་ཉེན་སྲུང་བྱེད་རྒྱུ་ཡོད་པ་རེད། བྱས་ཙང་མི་མང་བརྒྱ་ཆ་༨༠ལྷག་ཙམ་ལ་འཕྲོད་བསྟེན་ཉེན་སྲུང་མེད་འདུག དེ་འདྲ་ཡིན་དུས་མང་ཚོགས་ལ་མཐུན་རྐྱེན་སྦྱར་ཡག་ཆེད་དུ་སྨན་བཅོས་བལྟ་སྐྱོང་ལས་གཞི་དེ་བཙུགས་པ་རེད།

ང་རང་ཚོའི་མི་མང་ནང་བལྟ་ཡོང་དུས་འཕྲོད་བསྟེན་ཉེན་སྲུང་ཡོད་པ་ནང་བཞིན་གྱི་སྨན་བཅོས་མཐུན་རྐྱེན་ཡོད་པ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་། མཛད་གཙོ་རྣམ་པ། ལས་བྱེད་འབྲེལ་ཡོད་རྣམ་པ་བཅས་སྨན་གྲོན་བསྡུ་མཁན་རིགས་དེ་ཆགས་ཀྱི་འདུག དེ་དག་ལ་སོ་སོའི་གསོལ་ཕོགས་ནས་སྨན་གྲོན་བསྡུས་པའི་ཐོག་ནས་སྨན་བཅོས་ཀྱི་མཐུན་རྐྱེན་ཆ་ཚང་ཞིག་རགས་ཐུབ་ཀྱི་ཡོད་པ་རེད།
 དེ་ཡང་ཚད་མེད་པ་ཞིག་རེད། མ་ཟད་ལམ་གྲོན་དང་ཟུར་ཕོགས་ཆ་ཚང་ཞིག་ཐོབ་ཀྱི་ཡོད་རེད། གཉིས་པ་དེ། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོས་བསྟེན་ལས་ཁུངས་བརྒྱུད་ནས་བལྟ་སྐྱོང་གནང་ཡག་དེ་ཉམས་ཐག་༣༠༠༠ལྷག་ཡོད་པ་དེ་དག་ལ་སྨན་གྲོན་བསྡུ་དགོས་མ་རེད། སྨན་བཅོས་ཀྱི་འགྲོ་གྲོན་ཆ་ཚང་ནར་གཏོང་རེད། འཆམ་པའི་སྨན་ཞིག་ཡིན་ཡང་ང་ཚོས་འབུལ་གྱི་ཡོད་རེད། ཉམས་ཐག་ཚོའི་སྨན་བཅོས་ནར་གཏོང་བྱེད་རྒྱུ་དེ་ཡང་ཚད་མེད་པ་ཞིག་རེད།

བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་། མཛད་གཙོ་རྣམ་པ། ལས་བྱེད་འབྲེལ་ཡོད་རྣམ་པ་ལ་སྨན་བཅོས་དེ་ཚད་མེད་པ་དང་ཉེན་སྲུང་ཆ་ཚང་ཡོད་པ་རེད། དེ་མ་ཡིན་པའི་མི་མང་བྱིངས་རྣམས་སྨན་བཅོས་ཀྱི་ཉེན་སྲུང་ནང་བཞུགས་ཐུབ་མཁན་མེད་འདུག དེར་བརྟེན་དེ་འདྲིའི་མཐུན་རྐྱེན་སྦྱར་རྒྱུའི་ཆེད་དུ་སྨན་བཅོས་བལྟ་སྐྱོང་ལས་གཞི་དེ་བཙུགས་ཡོད་པ་རེད། 

སྨ་བཅོས་ཀྱི་བལྟ་སྐྱོང་ལས་གཞི་དེའི་ནང་མི་མང་གི་བསྡུ་ཆ་ཕྲན་བུ་ཞིག་བསྡུས་པའི་ཐོག་ནས་ན་ཚ་ཛ་དྲག་དེ་འདྲ་བྱུང་སོང་ན་ལོ་གཅིག་ནང་སྨན་བཅོས་ཀྱི་འགྲོ་སོང་ནང་མི་རྩིས་པ་ཡིན་ན་འབུམ་གཅིག་དང་། ༡༠༠༠༠༠ མི་ཧྲེང་ཡིན་ན་ཁྲི་༥༠༠༠༠མཐུན་རྐྱེན་སྦྱར་གྱི་ཡོད་རེད།

ད་ལྟ་བར་འཕྲོད་བསྟེན་ལས་ཁུངས་ནས་ལས་གཞི་སྣ་ཚོགས་ཤིག་སྤེལ་བའི་ཐོག་ནས་ཡག་ཐོག་ཡག་རྩིས་ངང་འགྲོ་བཞིན་པ་དང་། འཕྲོད་བསྟེན་ལས་ཁུངས་ཀྱི་དཔལ་འབྱོར་གནས་སྟངས་ཀྱི་ཐོག་ལ་ཡིན་ཡང་ཐོག་མར་ང་རང་འཕྲོད་བསྟེན་ལས་ཁུངས་ལ་ཡོང་བའི་སྐབས་སུ་བཀའ་ཤག་སྐབས་༡༤པ་འགོ་བཙུགས་ཡོང་དུས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་རྩིས་ཞིབ་སྙན་ཐོ་ནང་ལས་ཁུངས་བདུན་ནང་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་མ་དངུལ་གནས་སྟངས་དེ་ཧ་ཅང་གཞན་པོ་རེད་ཅེས་རྩིས་ཞིབ་སྙན་ཐོ་ནང་དེ་འདྲ་དོན་འདུག 

འབྱུར་འགྱུར་ལོ་གཉིས་ནང་ལ་དངུལ་རྫོགས་ཀྱི་རེད་ཅེས་འཁོད་ཡོད་པ་རེད། འོན་ཀྱང་ང་ཚོ་འགན་འཁུར་མཁན་ཚང་མས་དེ་ལ་ཧ་རུབ་སྦ་རུབ་ཀྱི་ཐོག་ནས་གཙོ་བོ་གལ་ཆེ་ཤོས་དེ་སྐུ་ངོ་སྲིད་སྐྱོང་རང་གི་རྒྱབ་བསྐྱོར་གནང་བའི་ཐོག་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ལ་དཔལ་འབྱོར་གྱི་ཐོག་ནས་རྒྱབ་རྟེན་ཤུགས་ཆེན་པོ་ཞིག་ཨ་རིའི་སྲིད་གཞུང་ནས་མ་དངུལ་ས་ཡ་གསུམ་དང་འབུམ་གཉིས་༣༢༠༠༠༠༠ཐོབ་པ་བྱུང་ཡོད་རེད། དཔལ་འབྱོར་གནས་སྟངས་རེད། གང་སྤྱིའི་ཐོག་ནས་ཡག་ཐག་ཆོད་འགྲོ་དང་འགྲོ་བཞིན་པ་ཞིག་ཆགས་བསྡད་ཡོད་ཅེས་ཞུ་རྒྱུ་ཡིན།

༣ བོད་ཀྱི་གནའ་སྲོལ་སྨན་གྱི་ཐོག་ལ་ཕྱག་ལས་དང་ཡར་རྒྱས་གཏོང་ཐབས་ཐད་འགྱུར་བ་གང་དང་གང་ཕྱིན་ཡོད་དམ།

ལན། སྤྱི་ཡོངས་ཀྱི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཐོག་ནས་གོང་དུ་ཞུས་པ་ནང་བཞིན་རེད། ང་ཚོའི་དམིགས་ཡུལ་དང་ལས་གཞི་སྤེལ་ཡག་དེ་སྔོན་འགོག འཕྲོད་བསྟེན་གོང་འཕེལ། བཅོས་ཐབས་དེ་དག་ལ་གཞི་བཞག་པའི་ཐོག་ནས་མི་མང་གི་འཕྲོད་བསྟེན་མཐུན་འགྱུར་གནང་བསྡད་ཀྱི་ཡོད་རེད། 

འཕྲོད་བསྟེན་གནང་སྟངས་དེ་ཕྱི་ལུགས་དང་། བོད་ལུགས་སྨན་གྱི་ཐོག་ནས་རེད། སྲོལ་རྒྱུན་གྱི་སྨན་གྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྨན་རྩིས་ཁང་ཆགས་བསྡད་ཀྱི་ཡོད་རེད། དེའི་ཡན་ལག་༥༤ལྷག་བརྒྱུད་ནས་མང་ཚོགས་ལ་བོད་ཀྱི་གསོ་བ་རིག་པའི་སྨན་གྱི་ཐོག་ནས་འཕྲོད་བསྟེན་གྱི་མཐུན་འགྱུར་སྦྱར་བཞིན་ཡོད་རེད།
དེ་ག་ནང་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་ཐད་ཀར་སྟངས་འཛིན་འོག་ལ་ཡོད་པའི་ཡན་ལག་སྨན་ཁང་༥༠ལྷག་ཙམ་ཡོད་རེད། དེ་དག་བརྒྱུད་ནས་ཕྱི་ལུགས་སྨན་གྱི་ཐོག་ནས་མང་ཚོགས་ཀྱི་འཕྲོད་བསྟེན་མཐུན་རྐྱེན་སྦྱར་གྱི་ཡོད་རེད། 

འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་ཁག་གཅིག་བདེ་ལེགས་སྨན་ཁང་དེ་ཆགས་བསྡད་ཀྱི་འདུག ངྷ་རམ་ས་ལར་འཕྲོད་བསྟེན་ལས་ཁུངས་ཀྱི་ཐད་ཀར་སྟངས་འཛིན་འོག་ལ་ཡོད་པའི་སྨན་ཁང་ཡོད་མ་རེད། བདེ་ལེགས་སྨན་ཁང་དེ་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་ཡིན་པ་གང་ཞིག་དུས་རྒྱུན་དུ་ཕྱག་ལས་གནང་སྟངས་དེ་གསང་བ་ཡིན་པ་རེད། བདེ་ལེགས་སྨན་ཁང་དང་སྨན་རྩིས་ཁང་གཉིས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ནང་ལ་འཕྲོད་བསྟེན་བཀའ་བློན་དང་དྲུང་ཆེ་ཡོད་པ་དང་། འཕྲོད་བསྟེན་བཀའ་བློན་དེ་བདེ་ལེགས་སྨན་ཁང་དང་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། འཕྲོད་བསྟེན་དྲུང་ཆེ་དེ་དེ་གཉིས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་གྱི་འགན་བཞེས་པའི་ཐོག་ནས་སྤྱི་ཡོངས་ཀྱི་བདེ་ལེགས་སྨན་ཁང་གཙོས་པའི་ཐད་ཀར་སྟངས་འཛིན་འོག་ལ་ཡོད་པའི་སྨན་ཁང་༥༠ལྷག་དེ་ཕྱི་ལུགས་སྨན་གྱི་ཐོག་ནས་མཐུན་འགྱུར་སྦྱར་གྱི་ཡོད་རེད། 

དེ་ག་ནང་བཞིན་འཕྲོད་བསྟེན་གྱི་ཁྱབ་ཁོངས་དེ་དམིགས་བསལ་ཞིག་ཆགས་བསྡད་ཀྱི་འདུག འཕྲོད་བསྟེན་ལས་ཁུངས་ལ་དམིགས་བསལ་གྱི་སློབ་གྲྭ་ཞིག་ཡོད་རེད། སློབ་གྲྭ་དེའི་མིང་ལ་སྔོན་དགའ་སློབ་གྲྭ་ཞུ་ཡི་ཡོད་རེད། དྷ་ར་རྡུན་ཕྱོགས་ལ་ཡོད་རེད། དེ་སློབ་གྲྭ་ཡིན་ན་ཡང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་ཀྱི་ལས་གཞི་དམིགས་བསལ་ཞིག་ཡིན་པ་རེད། 

དེ་ཡང་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་ཐོག་ནས་བཙུགས་པ་ཞིག་རེད། སློབ་གྲྭ་དེ་བཙུགས་ནས་ད་བར་ལོ་༡༥ལྷག་འགྲོ་ཡི་འདུག ང་ཚོས་དེ་ལ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ་ཞུ་ཡི་ཡོད་རེད། ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་དབང་པོ་སྐྱོན་ཅན་དེ་འདྲ་ཡོད་པ་ཡིན་ན་ཕྲུ་གུ་ལོ་དྲུག་ནས་བཅོ་བརྒྱད་བར་དེ་ལ་བདག་པོ་བརྒྱབ་ཀྱི་ཡོད་རེད། ཆ་ཚང་རིན་མེད་ཐོག་ནས་དེ་ལ་མཐུན་འགྱུར་སྦྱར་གྱི་ཡོད་རེད། ཕྲུ་གུ་དེ་དག་གི་ཤེས་ཡོན་དང་འཕྲོད་བསྟེན་སྤྱི་ཡོངས་ཀྱི་འཚོ་བའི་ཐོག་ལ་ལྟ་རྟོགས་དེ་དག་ཆ་ཚང་ལོ་གཅིག་ལ་ཟླ་བ་༡༠ཆ་ཚང་ཞི་བལྟ་ཡི་ཡོད་རེད།

ཟླ་བ་གཉིས་རིང་དེ་སོ་སོའི་ནང་ལ་གུང་སེང་འགྲོ་ཡི་ཡོད་རེད། ཕྲུ་གུའུ་ཕ་མའི་ལག་ནས་ཨ་ན་གཅིག་སློབ་ཡོན་བསྡུ་ཡི་ཡོད་མ་རེད། ཉམས་ཐག་ཡིན་མིན་ལ་མ་ལྟོས་པ་ཕྲུ་གུ་དབང་པོ་སྐྱོན་ཅན་ཡིན་པ་ཡིན་ན་སློབ་གྲྭ་དེ་ལ་བཞག་གི་ཡོད་རེད།
 ༤ སྐུ་ཉིད་འཕྲོད་བསྟེན་བཀའ་བློན་གནང་བའི་དུས་ཡུན་ནང་དམིགས་བསལ་གྱི་གྲུབ་འབྲས་ཆེ་བ་གང་བྱུང་ཡོད་དམ། 

ལན། ངས་གྲུབ་འབྲས་ཆེ་ཤོས་དེ་གང་ཡིན་ཞུས་པ་ཡིན་ན། ཕྱི་ལུགས་སྨན་རང་གི་ཐོག་བཤད་ན། བདེ་ལེགས་སྨན་ཁང་རྩིས་ནས་འཕྲོད་བསྟེན་ཁྱབ་ཁོངས་ཡན་ལགས་སྨན་ཁང་༥༠ལྷག་ཙམ་ཞིག་ཡོད་རེད། ཐོག་མར་ང་འདི་ལ་ཡོང་བའི་སྐབས་སྨན་ཁང་ནང་སྨན་པ་འདང་ངེས་མེད་འདུག གཞིས་ཆགས་ཁག་གི་སྨན་ཁང་ནང་ལ་སྨན་པ་གསུམ་བཞི་ལས་མི་འདུག དེ་ནས་བདེ་ལེགས་སྨན་ཁང་ནང་སྨན་པ་གསུམ་ལས་མི་འདུག 

དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ལས་མི་ཚང་མས་ཧ་རུབ་སྦ་རུབ་བྱས་པའི་ཐོག་སློབ་ཕྲུག་དངསློབ་ཕྲུག་ཚོའི་ཕ་མ་ཐུག་ནས་འབྲེལ་བ་གང་ཐུབ་བྱས་པའི་ཐོག་ད་ལྟའི་འཆར་སྨན་པ་༢༠ཡོད་བསྡད་པ་རེད། ང་རང་ཚོའི་འཕྲོད་བསྟེན་ཁྱབ་ཁོངས་ཁག་གི་སྨན་ཁང་དང་། སློབ་གྲྭ་ཁག་སྨན་ཁང། བདེ་ལེགས་སྨན་ཁང་། དེ་བཞིན་དགོན་སྡེ་ཁག་ཁ་ཤས་ལ་བོད་རིགས་སྨན་པ་དེ་འདྲ་ཡོད། དེ་དག་ཚང་མ་ཁྱོན་སྡོམ་པ་ཡིན་ན་ཕྱག་ལས་གནང་བསྡད་མཁན་སྨན་པ་༢༠ཡོད་པ་རེད།

གཉིས་པ། འཕྲོད་བསྟེན་ལས་ཁུངས་ཀྱི་གྲུབ་འབྲས་དེ་ལམ་སེང་བྱུང་ཐུབ་པ་དེ་འདྲ་རེད་མི་འདུག ང་ཚོས་ལོ་ནས་ལོ་མཐུད་ལས་གཞི་སྤེལ་ནས་འགྲོ་ཡི་ཡོད་རེད། དེར་བརྟེན་ན་ནིང་ང་ཚོས་ལོ་གསུམ་རིང་ལས་གཞི་དེ་སྤེལ་བ་ཡིན། ལས་གཞི་དེ་སྤེལ་བའི་ཐོག་ནས་འཕྲོད་བསྟེན་ངོས་ནས། མི་ན་མཁན་དེ་ཙམ་བྱུང་འདུག་ཟེར་ནས་རྡོག་རྡོག་བསྟན་རྒྱུ་གལ་མེད་འདུག 

འོན་ཀྱང་སྤྱི་ཡོངས་ཀྱི་གྲངས་ཚད་ཐོག་ནས་བལྟ་བ་ཡིན་ན་ཀྲི་སྦི་ན་ཚ་དེ་གང་ལ་གང་ཙམ་ཉུང་དུ་འགྲོ་ཡི་ཡོད་པ་ཞིག་མཐོང་ཡོང་གི་འདུག དེའི་གྲུབ་འབྲས་དེ་ང་ཚོ་གཅིག་པུའུ་སྐབས་སུ་རེད་ལབ་ན་དེ་ཞུ་ཁག་པོ་རེད། མུ་མཐུད་ནས་ལོ་མང་རིང་ལས་གཞི་སྤེལ་བཞིན་པ་ཡིན་དུས་དེའི་ནུས་པའི་ཐོག་ནས་མང་ཚོགས་ནང་ལ་ཀྲི་སྦི་ན་ཚའི་གོ་རྟོགས་དང་འཕྲོད་བསྟེན་སྐོར་ལ་ཡག་ཏུ་ཕྱིན་ཡོང་དུས་རང་བཞིན་གྱི་མེད་པ་ཆགས་འགྲོ་ཡི་འདུག ཀྲི་སྦི་ན་ཚ་ཉུང་དུ་འགྲོ་ཡི་ཡོད་རེད་ཞུས་ན་མ་འགྲིགས་པ་ཡོད་མ་རེད་དྲན་གྱི་འདུག

གསུམ་པ། རྒྱང་བཅོས་ཀྱི་ལས་གཞི་དེ་གསར་གཏོད་ཅིག་ཆགས་བསྡད་ཀྱི་ཡོད་རེད། རྒྱང་བཅོས་ལས་གཞིའི་ཐོག་ནས་སྨན་པ་མེད་སའི་ཕྱོགས་ལ་དྲ་རྒྱ་དང་། གློག་ཀླད་བེད་སྤྱོད་བྱས་པའི་ཐོག་ནས་སྨན་པས་ནད་པ་ལ་བལྟ་ཡི་ཡོད་རེད། ཛ་དྲག་གནས་སྟངས་སྐབས་ལ་མཐུན་རྐྱེན་སྦྱར་རྒྱུ་ཁག་པོ་རེད་མ་གཏོགས་དེ་མིན་གང་ལ་གང་ཙམ་ཞིག་མཐུན་རྐྱེན་སྦྱར་ཐུབ་ཀྱི་འདུག 

བཞི་པ། སྤྱི་ཡོངས་ཀྱི་སྨན་བཅོས་བལྟ་སྐྱོང་ལས་གཞི་དེ་རེད། སྔོན་མ་ཡིན་ན་སྨན་བཅོས་བལྟ་སྐྱོང་ལས་གཞི་འགོ་མ་བཙུགས་པའི་ལོ་གསུམ་སྔོན་ལ་ཛ་དྲག་སྨན་བཅོས་ལས་གཞི་ཞིག་ཡོད་རེད། གོང་དུ་ཞུས་པ་ནང་བཞིན་ཉམས་ཐག་ཚོ་དང་། ལས་བྱེད། སྲི་ཞུ་བ། འབྲེལ་ཡོད་རྣམ་པ་ལ་ཟུར་དུ་སྨན་བཅོས་ཀྱི་མཐུན་རྐྱེན་ནར་གཏོང་ཚད་མེད་ཞིག་ཡོད་པ་ཡིན་དུས་དེ་ཁག་ཁག་རེད། 

དེ་མ་ཡིན་པ་མི་མང་བྱིངས་ལ་ཛ་དྲག་སྨན་བཅོས་ཟེར་བའི་ལས་གཞི་ཞིག་འདུག ལས་གཞི་སྒོ་རྒྱབ་པ་ལ་རྟེན་ནས་ང་ཚོས་སྨན་བཅོས་བལྟ་སྐྱོང་ལས་གཞི་དེ་འགོ་བཙུགས་པ་རེད། སྔོན་མ་ཛ་དྲག་སྨན་བཅོས་ཡོད་པའི་སྐབས་སུ་མི་མང་གི་འབུལ་བྱ་གལ་མེད་ན་ཡང་ན་ཚ་བྱུང་བ་ཡིན་ན་མི་ཚང་མས་འཕྲོད་བསྟེན་ལས་ཁུངས་ལ་ཞུ་སའི་ལམ་ཁ་ཞིག་ཡོད་རེད། 

འོན་ཀྱང་མར་ང་ཚོས་མཐུན་རྐྱེན་ག་ཚོད་སྦྱར་ཐུབ་ཀྱི་ཡོད་རེད་དམ་ཞུས་པ་ཡིན་ན། ནང་མི་ཞིག་གིས་འགྲོ་གྲོན་འབུམ་གཅིག་ཕྱིན་ནས་འཕྲོད་བསྟེན་ལས་ཁུངས་ལ་ཞུས་པ་ཡིན་ན། སྙན་ཞུ་རྒྱབ་འཛིན་སྐྱོང་འཚོགས་ཐག་གཅོད་གནང་ནས་སྒོར་མོ་འབུམ་གཅིག་ཕྱིན་ཡོད་ས་ལ་སྒོར་མོ་ཁྲི་གཅིག་གཉིས་མ་གཏོགས་མཐུན་རྐྱེན་སྦྱར་ཐུབ་ཀྱི་ཡོད་མ་རེད།

ད་ལྟའི་འཆར་སྨན་བཅོས་བལྟ་སྐྱོངས་ལས་གཞི་དེ་བཙུགས་པའི་ཐོག་ནས་ང་ཚོས་ཛ་དྲག་སྨན་བཅོས་སྒོ་རྒྱབ་པ་རེད། སྨན་བཅོས་བལྟ་སྐྱོངས་ལས་གཞི་དེ་བཙུགས་ནས་ནང་མི་ཞིག་ཛ་དྲག་གི་ན་ནས་སྒོར་མོ་འབུམ་གཅིག་འགྲོ་སོན་ཕྱིན་པ་ཡིན་ན་སྨན་བཅོས་བལྟ་སྐྱོངས་དེ་དང་མཐུན་པའི་སྒྲིག་གཞི་ཡོད་རེད། 

དེ་དག་མ་འགལ་བ་བྱས་ནས་རྩིས་ཐོ་ཆ་ཚང་ཡོད་ན་སྒོར་མོ་འབུམ་གཅིག་གི་སྨན་བཅོས་ཀྱིས་འགྲོ་སོན་ཆ་ཚང་ཐོབ་རྒྱུའི་ལམ་ཁ་ཞིག་བཟོས་ཡོད་རེད། ཛ་དྲག་སྨན་བཅོས་ལས་ལྷག་སྨན་བཅོས་བལྟ་སྐྱོང་གི་ལས་གཞི་དེ་ནས་མང་ཚོགས་ལ་ཏན་ཏན་སྨན་བཅོས་ཐོག་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་ཞིག་གསལ་ལེར་སྔོན་གྱི་འདུག 

འོན་ཀྱང་ད་ལྟའི་འཆར་ང་ཚོ་ལ་དཀའ་ངལ་ཞིག་ག་རེ་ཡོང་གི་ཡོད་རེད་དམ་ཞུས་ན་མི་མང་གི་ངོས་ནས་སྨན་བཅོས་བལྟ་སྐྱོང་གི་ལས་གཞི་དེའི་སྤྱི་ཡོངས་ཀྱི་སྒྲོམ་གཞི་དེ་ཧ་མ་གོ་བ་འམ། མ་ཤེས་པ། དོགས་པ་རྣམ་རྟོག་བཅས་རྒྱུ་མཚན་མང་པོ་ཞིག་གི་རྐྱེན་གྱིས་ད་དུང་དེའི་ནང་མི་མང་གིས་ངོས་ནས་མཉམ་བཞུགས་གནང་རྒྱུའི་འགན་འཁུར་མཁན་དེ་ཉུང་སྐྱོན་ཡིན་པ་གསལ་པོ་རེད་འདུག 

དེར་བརྟེན་ལོ་དང་པོ་དང་། གཉིས་པ། ད་ལྟའི་འཆར་ལོ་གསུམ་པ་འགྲོ་ཡི་ཡོད་པ་རེད། ལོ་གསུམ་པ་དེའི་ནང་མི་མང་མཉམ་བཞུགས་གནང་བ་དེ་སྟོང་ཚོ་༡༣འཛུལ་བཞུགས་བྱས་ཡོད་རེད། ལོ་གཉིས་པ་ལ་མི་ཁྲི་གཅིག ལོ་དང་པོ་ལ་མི་སྟོང་ཕྲག་བརྒྱད། དེར་བརྟེན་ང་ཚོ་རྒྱ་གར་ནང་གི་བོད་མིའི་མི་འབོར་ལ་དཔག་པ་ཡིན་ན་བརྒྱ་ཆ་༡༣ མ་གཏོགས་འཛུལ་བཞུགས་གནང་མི་འདུག 

ད་རེས་ངས་བོད་ཀྱི་ཆ་འཕྲིན་གསར་ཁང་གི་བཅར་འདྲི་བྱས་པའི་གོ་སྐབས་འདི་བརྒྱུད་ནས་མང་ཚོགས་རྣམས་ལ་ཏན་ཏན་སྨན་བཅོས་བལྟ་སྐྱོངས་ལས་གཞི་དེ་མ་འོངས་པར་འཕྲོད་བསྟེན་ལས་ཁུངས་ཟེར་ནའང་འདྲ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་དེས་མི་མང་རྣམས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེ་ཤོས་ཤིག་སྨན་བཅོས་བལྟ་སྐྱོངས་ལས་གཞི་དེ་ཆགས་ཀྱི་རེད་ཅེས་ངས་གདེང་ཚོད་ཡོད་པའི་ངང་ཞུ་ཐུབ་པ་ཞིག་རེད་འདུག 

མི་མང་གི་ངོས་ནས་དེའི་ནང་མཉམ་བཞུགས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག འཛམ་བུ་གླིང་འདེའི་ཐོག་སུ་ཡིན་ཡང་སྐྱེས་པའི་རྗེས་ལ་ན་བ་དང་ཚ་བ་ཡོང་གི་རེད། སུ་ཡིན་ཡང་ཁ་ཆག་སྣ་རལ་ཡོང་སྲིད་པ་ཞིག་ཡོང་གི་རེད། དེ་བརྟེན་ད་ལྟ་སྒོར་མོ་ཕྲན་བུ་ཞིག་བསྡུ་རྒྱུར་བློ་ཕམ་ནས་ས་ཉིན་གནང་ཉིན་སྨན་ཁང་ལ་སྒོར་མོ་འབུམ་གཅིག་ཕྱིན་ནས་དཀའ་ངལ་ཆེན་པོ་ཞིག་གི་ནང་ལ་ལྷུང་གི་ཡོད་པ་གསལ་པོ་ཡིན་དུས། དེ་འདྲ་མི་ཡོང་བའི་སྔོན་ལ་སོ་སོ་རང་ངོས་ནས་རང་གཉིད་འཕྲོད་བསྟེན་དང་གཟུགས་པོ་དེ་ཉེན་སྲུང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་ཤེས་པའི་ཐོག་ནས་སྨན་བཅོས་བལྟ་སྐྱོངས་ལས་གཞི་དེ་རླབས་ཆེན་དང་འཕྲོད་བསྟེ་ལས་ཁུངས་ཀྱི་ངོས་ནས་ལས་གཞི་དེ་བཙུགས་ཐུབ་པ་ཙམ་གྱི་ང་ཚོའི་ངོས་ནས་གྲུབ་འབྲས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། 

༥ གྲུབ་འབྲས་དེའི་སྐོར་ལ་གལ་གནས་ཆེ་བ་གཅིག་ནས་ལྔ་ཡང་ན་བཅུ་བར་གསུང་རོགས་གནང་། 

ལན། གྲངས་ཀ་རྩིས་པ་ཡིན་ན་གོང་ཞུས་སྔོན་ལ་ངས་འཕྲོད་བསྟེན་བཀའ་བློན་གྱི་འགན་འཁུར་བ་ནས་བཟུང་ངའི་དམིགས་ཚད་ལྔ་ཡོད། དེ་ང་ཚོ་འཕྲོད་བསྟེན་ལས་ཁུངས་ཀྱི་གལ་གནད་ཆེ་ཤོས་ལྔ་ཞེས་རྩིས་བསྡད་ཀྱི་ཡོད། དང་པོ་དེ་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་དེ་རེད། འཛམ་བུ་གླིང་ག་པར་ཡིན་ཡང་འཕྲོད་བསྟེན་ལྷན་ཁང་ཞིག་གིས་ཕྱག་ལས་གནང་བའི་སྐབས་སུ་སོ་སོའོ་ལས་ཀ་བྱེད་སའི་གྲངས་ཀ་དེ་ཡག་པོ་དགོས་རྒྱུ་དེ་རེད། དཔེར་ན་འཕྲོད་བསྟེན་ཡིན་ན་ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་ཀྲི་སྦི་ན་མཁན་ག་ཚོད་འདུག

མཆིན་པའི་ན་ཚ་ཡོད་མཁན་ག་ཚོད་འདུག མ་དང་བྱིས་པའི་འཕྲོད་བསྟེན་འབྲེལ་བ་ཡོད་པའི་ཐོག་ནས་ཕྲུ་གུ་སྐྱེ་མཁན་ག་ཚོད་འདུགཕྲུ་གུའི་སྔོན་འགོག་ཁབ་རྒྱབ་ཚར་བ་ག་ཚོད་འདུག་པ་བཅས་གྲངས་ཐོ་དེ་ཚད་ལྡན་དགོས་རྒྱུ་དེ་ཧ་ཅང་གིས་གལ་ཆེན་པོ་རེད་འདུག གྲངས་ཐོ་དེ་ཡག་པོ་ཡོད་ན་དེ་ལ་དཔག་པར་ང་ཚོས་མ་འོངས་པར་འཕྲོད་བསྟེན་གྱི་འཆར་གཞི་བསྒྲིགས་རྒྱུར་ཁྱད་པར་ཆེན་པོ་བཟོ་ཡི་འདུག དེར་བརྟེན་གྲངས་ཐོ་དེ་ཡག་པོ་ཡོང་བའི་ཆེད་དུ་ང་ཚོས་མཆེད་མངགས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཚན་པ་དེའི་ནང་དམིགས་བསལ་གྱི་གྲངས་ཐོ་ཚན་པ་ཟེར་ནས་བཟོས་འདུག དེའི་ནང་ལ་ལས་བྱེད་གོ་སྐབས་ཐོབ་པ་དང་འཕྲོད་བསྟེན་གྱི་གྲངས་ཐོ་དང་འབྲེལ་བ་ཡོད་པའི་ཁྱད་ལས་པ་རང་བཞག་ནས་གྲངས་ཐོ་དེ་ཚག་ཚུད་པོ་དང་ཡག་ཏུ་གཏོང་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་འདུག 

གཉིས་པ། ད་ལྟའི་བར་ང་ཚོ་འཕྲོད་བསྟེན་ལས་ཁུངས་ཀྱིས་འགྲོ་བཞིན་པ་སྔོན་འགོག་གི་ལས་གཞི་མང་པོ་ཞིག་སྤེལ་གྱི་ཡོད་རེད། མ་དང་བྱིས་པ་དང་། གཉེན་ནད་རེག་དུག ཀྲི་སྦི། སྔོན་འགོག་ལས་གཞི་དེ་དག་སྔར་ལས་ཚག་ཚུད་བཏང་རྒྱུ་ལས་གཞི་མང་པོ་ཞིག་ང་ཚོས་ལོ་ལྟར་རེ་བཞིན་སྤེལ་གྱི་ཡོད་པ་དེ་དག་རྒྱ་ཆེ་རུ་གཏོང་རྒྱུ་དེ་ཆགས་བསྡད་ཀྱི་འདུག 

གསུམ་པ། སྨན་བཅོས་བལྟ་སྐྱོང་ལས་གཞི་དེ་རེད། གོང་དུ་ཞུས་པ་ནང་བཞིན་ང་རང་ཚོ་བོད་མིའི་ནང་ལ་འཕྲོད་བསྟེན་གྱི་ཉེན་སྲུང་མེད་པ་དེ་མི་མང་བརྒྱ་ཆའི་༨༠ཆགས་བསྡད་ཀྱི་འདུག ལས་བྱེད་དང་ཉམས་ཐག་ཕུད་པས་མི་མང་བྱིངས་ལ་འཕྲོད་བསྟེན་གྱི་ཉེན་སྲུང་གཅིག་ཀྱང་མི་འདུག 

ང་ཚོའི་དམིགས་ཡུལ་དེ་སྨན་བཅོས་བལྟ་སྐྱོང་ལས་གཞི་བཙུགས་པའི་ཐོག་ནས་མི་མང་གང་མང་མང་ལ་འཕྲོད་བསྟེན་གྱི་ཉེན་སྲུང་ནང་བཞིན་མཐུན་རྐྱེན་སྦྱར་རྒྱུའི་ཆེད་དུ་སྨན་བཅོས་བལྟ་སྐྱོང་ལས་གཞི་བཙུགས་ཡོད་ཅིང་། ང་ཚོས་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ཐོག་ནས་མི་མང་གང་མང་མང་ལ་ལས་གཞི་དེའི་ནང་ཚུད་ཐུབ་པ་ཞིག་དང་། ད་ལྟའི་འཆར་ལས་གཞི་དེའི་ནང་མི་མང་སྟོང་ཚོ་༡༣ཡོད་རེད། འབྱུང་འགྱུར་ཕྱི་ཟླ་གཉིས་པ་གསུམ་པའི་ནང་ནས་གོ་རྟོགས་སྤེལ་རྒྱུ་འགོ་འཛུགས་གནང་གི་རེད། དེར་བརྟེན་མ་འོངས་པའི་ཉིས་སྟོང་བཅུ་དྲུག་ལོར་མི་མང་ཁྲི་ལྔ་འཛུལ་བཞུགས་ཐུབ་པའི་དམིགས་ཚད་ཟིན་པར་འབད་བརྩོན་བྱེད་ཀྱིན་ཡོད་རེད།

བཞི་པ། འཕྲོད་བསྟེན་ལས་ཁུངས་ནང་ཕྱག་ལས་གནང་མཁན་མགོ་བཀའ་བློན་ནས་རྩིས་པའི་ལས་བྱེད་དེ་བཞིན་ས་གནས་སྨན་ཁང་གི་ལས་བྱེད་སྔོན་དགའ་སློབ་གྲྭའི་ལས་བྱེད་ཚོའི་སྤུས་ཚད་ཡག་ཏུ་བཏང་རྒྱུ་དང་། ལས་བྱེད་ཚོའི་ནུས་པ་ཡག་ཏུ་བཏང་རྒྱུ་དེ་རེད། ཁོང་ཚོའི་ནུས་པ་དང་ཤེས་ཚད་ཡག་ཏུ་སོང་བ་ཡིན་ན་རང་བཞིན་གྱིས་མི་མང་ལ་ཞབས་ཕྱི་ཞུ་བ་ཡར་རྒྱས་འགྲོ་ཡི་ཡོད་པས་ལས་བྱེད་ཚོ་ལ་གསབ་སྦྱོང་སྤྲད་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་རེད།

ལྔ་པ། ས་ཆ་ཁུག་སྐྱོག་དེ་འདྲ་ལ་གཞིས་ཆགས་ཁག་མང་པོ་ཞིག་ཡོད་རེད། དཔེར་ན། ལ་དྭགས་ཀྱི་ས་ཆ་ཁག་དང་། བལ་ཡུལ་ལ་གཞིས་ཆགས་ཁུག་སྐྱོག་ཁག་ཡོད་པ་རེད། བྱས་ཙང་དེ་དག་ནང་ལ་འཕྲོད་བསྟེན་གྱི་གནས་སྟངས་དེ་ངྷ་རམ་ས་དང་བྷེལ་ཀོབ་ལས་ལྡབ་གྱིས་ཞན་པ་འདུག འཕྲོད་བསྟེན་སྨན་ཁང་དེ་དག་ལ་འཕྲུལ་ཆས་ཐོག་ནས་རེད། སྨན་ཞབས་སོགས་ཡར་རྒྱས་སུ་གཏོང་བ་ཞིག་ཆགས་བསྡད་ཀྱི་ཡོད་རེད། དེར་བརྟེན་གལ་གནད་ཆེན་པོ་ལྔ་དེ་སེམས་ལ་བཞག་ནས་ང་ཚོས་ལས་དོན་དང་འཆར་གཞི་སྒྲིགས་ཀྱི་ཡོད།

༦ བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་དང་། འཕྲོད་བསྟེན་གྲངས་ཐོ་ཕྱོགས་བསྡུས། རྒྱང་བཅོས་(Tele-medicine) བཅས་ལས་གཞི་དེ་དག་སྒྲུབ་ཐབས་སུ་འཕྲོད་བསྟེན་ལས་ཁུངས་ནང་སྡེ་ཚན་ཁག་མི་འདྲ་བ་ག་ཚོད་ཡོད་དམ། དེ་དག་གི་ལས་དོན་བྱེད་ཕྱོགས་ཐད་ངོ་སྤྲོད་ཞིག་གནང་རོགས། 

ལན། རྒྱང་བཅོས་ཀྱི་ལས་གཞི་དེ་ད་ལྟའི་འཆར་ང་ཚོས་གཞིས་ཆགས་གཅིག་ལ་མ་གཏོགས་ཚུགས་ཐུབ་ཡོད་མ་རེད། གཞིས་ཆགས་དེ་མཱན་པཱཀྲི་ཟེར་བ་དེ་རེད། ལས་གཞི་དེ་བཙུགས་པར་ཆ་རྐྱེན་གཉིས་འདུག དང་པོ། གློག་གི་མཐུན་རྐྱེན་ཡག་པོ་དགོས་པ།  གཉིས་པ། དྲྭ་རྒྱའི་བརྡ་རྟགས་ཀྱི་ཤུགས་ཚད་ཡག་པོ་དགོས་པ། དེ་གཉིས་མ་ཚང་ན་ང་ཚོས་བཙུགས་ཐུབ་ཀྱི་མི་འདུག དེར་བརྟེན་གོང་དུ་ཞུས་པའི་གཞིས་ཆགས་དེའི་ནང་ང་ཚོས་ཆ་རྐྱེན་དེ་གཉིས་ཀ་སྒྲུབ་ཐུབ་ཡོད་རེད། གཞིས་ཆགས་ཁུག་སྐྱོག་ཆུང་ཆུང་དེ་ཚོ་ལ་རྒྱང་བཅོས་ལས་གཞིའི་ཐོག་ནས་མཐུན་འགྱུར་སྦྱར་བ་དང་། གཞིས་ཆགས་ཆེ་ཁག་དེ་དག་ལ་ང་ཚོས་སྨན་པ་རང་གཏོང་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་རེད།

ང་ཚོས་འཕྲོད་བསྟེན་ལས་ཁུངས་ལ་སྡེ་ཚན་དབྱེ་བ་ཕྱེ་བ་ཡིན་ན། འཛིན་སྐྱོང་སྡེ་ཚན་ཡོད་རེད། དེ་ཡིན་ན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེའི་ལས་ཀའི་འགན་གནང་གི་ཡོད་རེད། སྤྱི་ཡོངས་ཀྱི་འཛིན་སྐྱོང་སྡེ་ཚན་ནང་ཁྱབ་ཁོངས་སྨན་ཁང་ཚང་མ་དང་སྔོན་དགའ་སློབ་གྲྭ་བཅས་དེ་དག་ཆ་ཚང་ལ་གཟིགས་སྐྱོང་བྱེད་མཁན་འཛིན་སྐྱོང་སྡེ་ཚན་ཡིན་པ་དང་། སྨན་བཅོས་བལྟ་སྐྱོང་ལས་གཞི་ཡང་དེའི་ཁུངས་གཏོགས་རེད།
སྤྱི་ཚོགས་འཕྲོད་བསྟེན་གྱི་ཚན་པ། སྡེ་ཚན་དེ་ནི་ཀྲི་སྦི་ནད་གཞི་སྔོན་འགོག གཉེན་ནད་རེག་དུག སྨྱོ་རྫས་ངན་གོམས། སེམས་ཁམས་འཕྲོད་བསྟེན། མ་དང་བྱིས་པ། རྒྱང་བཅོས་ལས་གཞི་བཅས་དེ་དག་ཆ་ཚང་ཚན་པ་དེས་གཟིགས་སྐྱོང་གནང་གི་ཡོད་རེད། གལ་གནད་ཆེ་བ་ཞིག་བོད་ནས་སླེབས་པའི་ཆབ་སྲིད་བརྩོན་ཟུར་དང་འབྲེལ་ཆགས་ཚོ་ལ་འཕྲོད་བསྟེན་དང་། སྨན་བཅོས་བལྟ་སྐྱོང་། ཟླ་བ་ལ་འཚོ་སྣོན་སྤྲད་ཀྱི་ཡོད། དེ་དག་ལ་བལྟ་སྐྱོང་གནང་རྒྱུའི་ལས་འགན་དེ་འཕྲོད་བསྟེན་ལས་ཁུངས་ནས་གནང་གི་ཡོད་རེད།
རྩིས་དང་འཆར་ལས་སྡེ་ཚན། སྡེ་ཚན་དེའི་འོག་འཆར་གཞི་བཟོ་ཡི་ཡོད་རེད། རྩིས་ཀྱི་ཐོག་ལ་སྟངས་འཛིན་བྱེད་རྒྱུ་དང་། སྤྱི་ཡོངས་ཀྱི་ཆ་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་སྡེ་ཚན་གསུམ་ལ་བགོས་ཡོད་རེད།

༧ ཆབ་སྲིད་བཙོན་ཟུར་ཁག་དང་བོད་མིའི་དབུལ་ཕོངས་ནད་གཅོང་རྣམས། སྲི་ཞུ་བ་རྣམས། རིས་མེད་གྲྭ་བཙུན་དང་སློབ་ཕྲུག་བཅས་ལ་དམིགས་བསལ་གྱི་གཟིགས་སྐྱོང་གང་དང་གང་གནང་ཡོད་དམ།

ལན། རེད། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་དམིགས་བསལ་གྱི་གཟིགས་སྐྱོང་གནང་དགོས་པ་གཅིག་ནི་ཀྲི་སྦིའི་ནད་གཞི་རེད། ཀྲི་སྦིའི་རིམ་པ་དང་པོ་དེ་ནི་སྨན་བཅོས་ཡིན་ན། ཉམས་ཐག་ཡིན་མིན་ལ་མ་ལྟོས་པར་ཚང་མར་བརྒྱ་ཆའི་༧༥ཆག་ཡང་གནང་གི་ཡོད། རིམ་པ་གཉིས་པ་དང་གསུམ་པའི་སྨན་བཅོས་ཡིན་བརྒྱ་ཆའི་༢༥ནས་བརྒྱ་ཆའི་༡༠༠བར་ཆག་ཡང་གནང་གི་ཡོད་རེད། གཉེན་ནད་རེག་དུག་གི་ན་ཚ་ཡོད་མཁན་ལ་སྨན་བཅོས་ནར་གཏོང་ཆ་ཚང་འཕྲོད་བསྟེན་ལས་ཁུངས་ནས་གནང་གི་ཡོད། དེ་ནས་ཆབ་སྲིད་བཙོན་པ་ཡིན་ན་སྨན་བཅོས་ཚང་མ་ནར་གཏོང་རེད། འབྲེལ་ཡོད་འབྲེལ་ཆགས་དེ་དག་ལ་བརྒྱ་ཆའི་༨༠དང་༥༠གནང་བསྡད་ཀྱི་ཡོད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། ལས་བྱེད་རྣམ་པ། ལས་བྱེད་འབྲེལ་ཡོད་དེ་དག་ཁོ་རང་ཚོས་སྨན་གྲོན་བསྡུ་ཡི་ཡོད་ན་སྨན་བཅོས་ཚད་མེད་པ་ང་ཚོས་མཐུན་འགྱུར་སྦྱར་གྱི་ཡོད་རེད། དེའི་ཐོག་ལ་ལམ་གྲོན་དང་ཟུར་ཕོགས་ཆ་ཚང་གནང་བསྡད་ཀྱི་ཡོད་རེད།

དེ་ནས་ཉམས་ཐག་༣༠༠༠ལྷག་ཙམ་ཡོད་རེད། དེ་ང་ཚོས་དབྱེ་བ་ཁག་གསུམ་ལ་ཕྱེ་ཡི་ཡོད། ཉམས་ཐག་རྒས་གཅོང་འགུལ་མེད། ཕྲུ་གུ་ལ་བལྟས་པའི་ཉམས་ཐག ལོ་གཞོན་ནད་མནར་ཉམས་ཐག་བཅས་གསུམ་ལ་དབྱེ་ཡོད་རེད། ཉམས་ཐག་རྒས་གཅོང་འགུལ་མེད། ལོ་གཞོན་ནད་མནར་ཉམས་ཐག་གཉིས་དེ་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་སྨན་བཅོས་ནར་གཏོང་གནང་གི་ཡོད་རེད། མི་མང་བྱིངས་ལ་སྨན་བཅོས་བལྟ་སྐྱོང་གནང་བ་ལ་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ནང་འཛུལ་བཞུགས་བྱེད་དགོས་ཀྱི་ཡོད་རེད། དཔེར་ན། ནང་མི་ཞིག་ཡིན་ན། སྒོར་མོ་༣༥༦༥བསྡུ་བྱ་ཕྲན་བུ་ཞིག་བསྡུས་ཏེ་ལོ་གཅིག་ནང་ན་ཚ་བྱུང་ནས་སྨན་ཁང་ལ་བསྙེས་པ་ཡིན་ན་འགྲོ་སོན་དེ་འབུམ་གཅིག༡༠༠༠༠༠བཞེས་རྒྱུ་ཡོད་རེད།

མི་ཧྲེང་ཞིག་ཡིན་པ་ཡིན་ན་ལོ་གཅིག་ལ་སྒོར་མོ་༩༥༠མ་གཏོགས་བསྡུ་དགོས་མེད་ན་ཡང་། ཐོབ་བྱ་དེ་༥༠༠༠༠ཐོབ་ཀྱི་ཡོད་པ་རེད། གཞན་ཡང་ད་དུང་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱར་ཡག་དེ་སེམས་ཁམས་འཕྲོད་བསྟེན་ཆགས་ཀྱི་ཡོད་རེད། སེམས་ཁམས་འཕྲོད་བསྟེན་དེ་ཉམས་ཐག་ཡིན་མིན་ལ་མ་ལྟོས་པར་བོད་མི་ཚང་མར་སེམས་ཀྱི་དཀའ་ངལ་ཀླད་པའི་ན་ཚ་དེ་འདྲ་ཡོད་པ་ཡིན་ན་དེ་དག་གི་སྨན་རིན་བརྒྱ་ཆའི་༥༠ཆགས་ཡང་གནང་གི་ཡོད་རེད།

༨ ཕྱེད་བཅག་གནང་ཟིན་པའི་གྲངས་འབོར་རོབ་རྩིས་ཤིག་གསུང་རོགས་གནང་།

ལན། ལོ་གཅིག་ནང་ཉམས་ཐག་༣༠༠ནས་༤༠༠བར་སྨན་བཅོས་ཀྱི་ཁེ་ཕན་ཐོབ་ཀྱི་ཡོད་པ་རེད། 

༩ འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་མ་འོངས་པར་ལས་འཆར་གང་དང་གང་སྒྲིག་ཡོད་དམ།

ལན། ལས་འཆར་དེ་ངས་གོང་དུ་ཞུས་པ་ནང་བཞིན་རེད། འཕྲོད་བསྟེན་ལས་ཁུངས་ཀྱི་གལ་གནས་ཆེ་བ་ལྔ་ཡོད་པ་ནང་བཞིན། ད་ལྟའི་འཆར་ལས་གཞི་སྤེལ་བཞིན་པ་དེ་དག་རྒྱ་ཆེ་རུ་དང་། ཚག་ཚུད་དུ་གཏོང་རྒྱུ་དེ་ཆགས་ཡོད་རེད། མ་འོངས་པར་ང་ཚོས་ལས་འཆར་གསར་པ་སྤེལ་རྒྱུའི་འཆར་གཞི་ག་རེ་ཡོད་རེད་དམ་ཞུས་ན། ད་ལྟའི་འཆར་ང་རང་ཚོ་འཕྲོད་བསྟེན་སྨན་ཁང་ཁྱབ་ཁོངས་དེ་དག་ནང་ལ་ཕྱི་སྤྱོད་ཀྱི་མཐུན་རྐྱེན་དེ་ཡོད་མ་རེད། ད་རེས་ཨ་རི་ནས་རོགས་དངུལ་ཕོན་ཆེན་ཞིག་རགས་ཀྱི་ཡོད་དུས་དེའི་འོག་གཞིས་ཆགས་ཆེ་ཁག་བདུན་གྱི་སྨན་ཁང་ནང་ལ་ཕྱི་སྤྱོད་ཀྱི་སྨན་པ་རེ་རེ་བསྐོ་བཞག་བྱས་པའི་ཐོག་འཕྲོད་བསྟེན་གྱི་མཐུན་རྐྱེན་སྦྱར་རྒྱུའི་འཆར་གཞི་ཞིག་བང་རིམ་བསྒྲིག་གི་ཡོད། དེ་ང་ཚོའི་ལས་གཞི་གསར་པ་ཞིག་ཡིན།

ད་ལྟའི་འཆར་ང་རང་ཚོ་འཕྲོད་བསྟེན་ཁྱབ་ཁོངས་འོག་ཕྱི་སྤྱོད་སྨན་པ་གཅིག་ཀྱང་ཡོད་མ་རེད། ཕྱི་སྤྱོད་སྨན་པ་བདུན་ཟུར་དུ་བཀོད་ནས་གཞིས་ཆགས་ཆེ་ཁག་བདུན་ནང་གཏོང་རྒྱུ་རེད། ལ་དྭགས་དང་། སྦིར། བདེ་སྐྱིད་གླིང་། སྦེལ་ཀོབ། མོན་ཀོཀྲི། ཁོ་ལིཀ། ཨུམ་རི་ས་དེ་དག་ནང་ཕྱི་སྤྱོད་སྨན་པ་བསྐོ་གཞག་བྱས་པའི་ཐོག་ཕྱི་སྤྱོད་ཀྱི་ལམ་ལུགས་ཐོག་ནས་འཕྲོད་བསྟེན་གྱི་མཐུན་རྐྱེན་སྦྱར་དགོས་པ་རེད། དེ་ག་ནང་བཞིན་ང་ཚོས་སྨན་པ་དཀོན་པོ་ཡོད་སའི་གཞིས་ཆགས་ཁུག་སྐྱོག་ཁ་ཤས་ཤིག་ལ་ང་ཚོས་སྨན་ཞབས་རྒན་པ་བསྐོ་གཞག་བྱེད་རྒྱུ་བང་རིམ་ཞིག་སྒྲིག་ཀྱི་ཡོད། 

འཕྲོད་བསྟེན་ལས་ཁུངས་ཀྱི་འགན་གཙོ་བོ་དེ་མི་མང་ནང་ནད་གཞི་སྔོན་འགོག་བྱེད་རྒྱུ་དང་། ནད་གཞི་སྔོན་འགོག་དེ་གང་འདྲ་བྱས་ནས་བྱེད་དགོས་ཡོད་མེད། འཕྲོད་བསྟེན་གོང་འཕེལ་གང་འདྲ་བྱས་ནས་གཏོང་དགོས་ཡོད་མེད། ན་ཚ་ཡོང་མཁན་ཚོ་ལ་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱར་རྒྱུ་དེ་མི་མང་ལ་ལམ་སྟོན་བྱེད་རྒྱུ་ཞིག་ཆགས་བསྡད་ཀྱི་འདུག

༡༠ མང་ཚོགས་ཀྱི་འཕྲོད་བསྟེན་དང་། སྨན་བཅོས། གཙང་སྦྲ་བཅས་ཀྱི་མཐུན་རྐྱེན་ཐད་སྐུ་ཉིད་བཀའ་བློན་གནང་བའི་རིང་ཡར་རྒྱས་གང་དང་གང་བཏང་ཡོད་དམ། 

ལན། རེད། ངའི་ལས་གཞིའི་འཕེལ་རིམ་གཅིག་དེ་ཆུ་དང་གཙང་སྦྲའི་ལས་དོན་རེད། གཞིས་ཆགས་ཁག་ནང་ཆུ་ཡི་མཐུན་རྐྱེན་གང་ཐུབ་ཐུབ་སྦྱར་རྒྱུ། གཉིས་ནས། གཙང་སྦྲ་འཕྲོད་བསྟེན་གྱི་ཐོག་ལ་མི་མང་ནང་གོ་རྟོགས་སྤེལ་རྒྱུ་དེ་རེད། འཕྲོད་བསྟེན་ལས་ཁུངས་སོང་ནས་གཙང་མ་བཟོ་རྒྱུ་ཁག་པོ་རེད། གཙོ་བོ་དོ་བདག་སོ་སོ་རང་གིས་འགན་འཁུར་བའི་ཐོག་ནས་ས་གནས་འགོ་འཛིན་ལས་ཁུངས་རེད། སྨན་ཁང་འགན་འཛིན་ཚོ་རེད། ཁྱབ་ཁོངས་སྨན་ཁང་དེ་དག་བརྒྱུད་པའི་ཐོག་ནས་མང་ཚོགས་རྣམས་ལ་གཙང་སྦྲ་འཕྲོད་བསྟེན་བྱེད་དགོས་རེད་ཅེས་བརྡ་ལེན་སྤྲད་རྒྱུ་དེ་གལ་ཆེན་པོ་རྩིས་པའི་ཐོག་ནས་ལས་གཞི་སྤེལ་བསྡད་ཀྱི་ཡོད་རེད། དཔེར་ན་ངྷ་རམ་ས་ལར་ཆ་བཞག་ན་ངྷ་རམ་ས་ལའི་གད་སྙིགས་བསྡུ་རུབ་བྱེད་པའི་སྣུམ་འཁོར་གྱི་འགྲོ་སོང་ང་ཚོ་འཕྲོད་བསྟེན་ལས་ཁུངས་ནས་གནང་བསྡད་ཀྱི་ཡོད། 

༡༡ ལྷག་པར་དུ་བཞུགས་སྒར་ཁུལ་དུ་༧གོང་ས་མཆོག་བཞུགས་ཡོད་པར་བརྟེན་གཙང་སྦྲའི་གནད་དོན་དེ་གལ་འགངས་རང་བཞིན་ལྡན་པ་ཞིག་རེད། དེའི་ཐོག་ཐུགས་འཁུར་གང་གནང་ཡོད་དམ།

ལན། བཞུགས་སྒར་ངྷ་རམ་ས་ལའི་གཙང་སྦྲའི་ལས་འགན་གཙོ་བོ་དེ་ངྷ་རམ་ས་ལའི་རྒྱ་གར་གྱི་ས་གནས་གཞུང་ཡོད་རེད། ང་ཚོ་ས་གནས་འགོ་འཛིན་ནས་བཀའ་མངགས་བྱས་པའི་ཐོག་ནས་དེ་དག་ང་ཚོས་འབྲེལ་ལམ་བྱེད་དགོས་པ་དང་རྒྱ་གར་གཞུང་གི་ཐོག་གཙང་སྦྲ་འཕྲོད་བསྟེན་བྱེད་ཆེད་མཐུན་རྐྱེན་ག་རེ་ལེན་རྒྱུ་འདུག དེ་དག་གང་ཐུབ་ཅི་ཐུབ་བྱེད་རྒྱུ་ཞིག་ཆགས་འདུག 

འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་གལ་ཆེ་ཤོས་དེ་མི་མང་རྣམས་ལ་གོ་རྟོགས་སྤེལ་རྒྱུ་དེ་རེད། གད་སྙིགས་གང་བྱུང་དུ་མི་གཡུགས་པ། གཡུགས་སའི་བླུགས་སྣོད་ནང་ཏག་ཏག་བླུགས་པ་ཡིན་ན་ས་གནས་སོ་སོའི་བསྡད་ས་རང་བཞིན་གྱིས་གཙང་མ་ཆགས་ཀྱི་ཡོད་རེད

འདས་པའི་ལོ་རྒྱུས་ནང་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་བཞུགས་སྒར་ངྷ་སའི་གཙུག་ལག་ཁང་འགྲམ་གྱི་གསང་སྤྱོད་དེ་འཕྲོད་བསྟེན་ལས་ཁུངས་ཀྱིས་འགྲོ་སོང་ཆ་ཚང་བཏང་ནས་བརྒྱབ་པ་དང་། འཛིན་སྐྱོངས་དང་སྟངས་འཛིན་བྱེད་རྒྱུ་དེ་ས་གནས་འགོ་འཛིན་ལས་ཁུངས་ལ་སྤྲད་པ་རེད། ང་ཚོས་རྒྱ་གར་གྱི་ས་ཆའི་ནང་བསྡད་ཡོད་དུས་ས་གནས་གྲོང་རྡལ་སོ་སོ་ལ་ས་གནས་གཞུང་ཡོད་དུས་དེས་བལྟ་རྒྱུའི་ལས་འགན་ཆགས་བསྡད་ཡོད་རེད། 

༡༢ ཉེ་བའི་ལོ་ཤས་རིང་བོད་པའི་སྤྱི་ཚོགས་ནང་ཀྲི་སྦི་དང་། མཆིན་པའི་ནད་ཡམས། དེ་བཞིན་གཉེན་དུག་རེག་ནད་འགོས་ཁྱབ་རྒྱ་ཆེར་ཕྱིན་ཡོད་པའི་གནས་ཚུལ་ཞིག་ཡོང་བསྡད་ཡོད་པར་བརྟེན། འཕྲོད་བརྟེན་ལས་ཁུངས་ཀྱི་ངོས་ནས་དེ་ལ་གདོང་ལེན་གང་དང་གང་གནང་ཡོད་དམ།

ལན། རྒྱ་ཁྱབ་ཧ་ལས་དགོིས་པ་དེ་འདྲ་འགྲོ་ཡི་ཡོད་མ་རེད། ལོ་རེ་རེར་ཉུང་དུ་ཉུང་དུ་འགྲོ་ཡི་ཡོད་རེད། མཆིན་ནད་ཞུ་ཁག་པོ་རེད་འདུག
འོན་ཀྱང་ནད་གཞི་དེ་ཚོ་ཉུང་རུ་མ་འགྲོ་ཡང་མང་དུ་མི་འགྲོ་བའི་གནས་སྟངས་ཏག་ཏག་ཅིག་ང་ཚོས་ཞུ་ཡི་ཡོད།

གོང་ཞུས་ལྟར་ང་ཚོས་ལས་གཞི་མང་དག་ཅིག་སྤེལ་བའི་ཐོག་ནས་ན་ཚ་དེ་ཚོའི་རིགས་མི་ཡོང་བར་སྔོན་འགོག་བྱེད་ཆེད་Hepatitis Vཡིན་ན། ཕྲུ་གུ་སྐྱེ་མ་ཐག་Hepatitis Vཡིས་སྔོན་འགོག་ཁབ་རྒྱག་པ་དང་། ཨ་མ་Hepatitis Vཡིན་པ་དེ་དག་ཁབ་དམིགས་བསལ་ཞིག་རྒྱག་རྒྱུ་ཡོདརེད། དེ་ཡང་རིན་མེད་ཐོག་ནས་མཐུན་འགྱུར་སྦྱར་གྱི་ཡོད་རེད། དཔེར་ན། ན་ཚ་ལྟར་རྩ་བ་ནས་མེད་པ་བཟོ་རྒྱུའི་ཐད་འབད་བརྩོན་བྱེད་བཞིན་ཡོད་པ་རེད། གཉེན་ནད་རེག་དུག་སྐོར་ཞུས་པ་ཡིན་ན། བོད་པའི་སྤྱི་ཚོགས་ནང་གཉེན་ནད་རེག་དུག་ན་ཚ་དེ་གྲངས་ཀའི་ཐོག་ནས་རྩིས་པ་ཡིན་ན་ང་ཚོ་འཕྲོད་བསྟེན་ལས་ཁུངས་ཀྱི་ཤེས་པ་དེ་༦༠ཙམ་ཡོད་རེད། འཕྲོད་བསྟེན་ལས་ཁུངས་གཉེན་ནད་རེག་དུག་གི་ཚན་པ་བརྒྱུད་ནས་ན་ཚ་དེའི་རིགས་ཡོད་མཁན་ཚོ་ལ་མཐུན་རྐྱེན་སྦྱར་བསྡད་ཀྱི་ཡོད་རེད། ན་ཚ་ཡོད་མཁན་ཚོས་མཐུན་རྐྱེན་ལེན་མཁན་དེ་བརྒྱ་ཆའི་༣༠ཆགས་བསྡད་ཀྱི་འདུག

བོད་པའི་སྤྱི་ཚོགས་ནང་འབ་སུ་བསྡུ་མ་ཐུབ་པའི་གྲངས་ཀ་དེ་འདྲ་ཡོད་མ་རེད། བོད་པའི་སྤྱོ་ཚོགས་ནང་ན་ཚ་དེ་འགོད་རྒྱུའི་ཉེན་ཁ་ཡོད་པ་དེ་གསལ་པོ་རེད་འདུག གཅིག རང་ཚོས་ན་ཚ་དེའི་ཐོག་ལ་གོ་རྟོགས་ཡག་པོ་ཡོད་དགོས་རྒྱུ་དེ་དཔེ་གལ་ཆེན་པོ་རེད་འདུག གཉིས་ནས་ང་རང་ཚོ་བོད་མི་ཚོ་སྤྱི་ཚོགས་གཞན་དང་མི་འདྲ་བར་སོ་སོའི་འཚོ་བའི་ཐོག་ནས་ལོ་གཅིག་ནང་ཟླ་བ་དྲུག་ཙམ་ཞིག་ཕྱི་ལོག་ལ་ཚོང་རྒྱག་པ་ཡིན་ནའང་འདྲ། སིལ་ཚོང་རྒྱག་པ་ཡིན་ནའང་གང་ལྟར་དེ་ཚོ་ཚང་མ་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་རྐྱང་རྐྱང་འཛུལ་འགྲོ་ཡོད་རེད། དེ་ག་ནང་བཞིན་བོད་ནས་ཕེབས་མཁན་རེད། དམག་སྒར་རེད། གྲོང་ཁྱེར་ནང་མཐོ་སློབ་ཁག་ལ་སློབ་སྦྱོང་བྱེད་པར་འགྲོ་མཁན་ཚོ་ཡིན་ཡང་རེད། ཉེན་ཁ་ཡོད་པ་གསལ་པོ་རེད་འདུག དེར་བརྟེན་ན་ཚ་དེ་ཚོ་ཤེས་པ་བྱེད་རྒྱུ་དང་། ཤེས་པའི་ཐོག་ནས་སྔོན་འགོག་གི་ཐབས་ལམ་མུ་འཐུད་ནས་བྱས་པ་ཡིན་ན་ཏན་ཏན་ང་རང་ཚོའི་སྤྱི་ཚོགས་ནང་ན་ཚ་དེ་ཉུང་དུ་འགྲོ་ཡི་རེད་དྲན་གྱི་འདུག དེ་ག་ནང་བཞིན་བོད་ལ་ཡིན་ཡང་གཉེན་ནད་རེག་དུག་ན་ཚ་ཚབ་ཆེན་པོ་ཡིན་པ་གསལ་པོ་རེད་འདུག རྒྱ་ནག་གཞུང་གིས་སྲིད་ཇུས་འཛིན་པའི་ཐོག་ནས་བོད་ནང་ལ་རྒྱ་དམག་འབོར་ཆེན་ཐོན་ཡོང་བ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུལ་ཞིག་ཆགས་ཡོད་དུས་ཉེན་ཁ་ཚབ་ཆེན་ཡིན་པ་དེ་གསལ་པོ་རེད་འདུག དེར་བརྟེན་འཕྲོད་བསྟེན་འཕྲོད་བསྟེན་ཞུས་པ་མ་གཏོགས་བོད་ཕྱི་ནང་ག་པར་ཡིན་ཡང་འགན་གཙོ་བོ་དེ་སོ་སོ་རང་ཉིད་ལ་ཐུག་ཀྱི་ཡོད་རེད།

༡༣ ཉེན་འཚབ་ཅན་གྱི་འགོས་ནད་དེ་ཚོ་ཡོད་པའི་གྲངས་འབོར་རོབ་རྩིས་ཤིག་གསུང་རོགས། 

ལན། ཀྲི་སྦི་ན་ཚ་ཡིན་ན་ལོ་གཅིག་ནང་གྲངས་འབོར་༤༠༠ནས་༥༠༠བར་ཟིན་གྱི་འདུག གཉེན་ནད་རེག་དུག་ན་ཚ་དེ་ད་ལྟའི་འཆར་ཡོད་པ་༦༠ཡོད་རེད། མཆིན་ནད་དེ་ད་ལྟའི་འཆར་ཞུ་ཁག་པོ་རེད་འདུག འོན་ཀྱང་ན་ནིང་ལོར་ང་ཚོས་གཞིས་ཆགས་གཅིག་གཉིས་ཤིག་ལ་ཞིབ་འཇུག་བྱས་པའི་ཐོག་ནས་བལྟ་ཡོང་དུས་ང་རང་ཚོ་རྒྱ་གར་ལ་ཡོད་པའི་བོད་མིའི་མི་འབོར་ལ་དཔག་པ་ཡིན་ན་མཆིན་ནད་Bཡོད་མཁན་བརྒྱ་ཆའི་༨་ཆགས་བསྡད་ཀྱི་འདུག འཛམ་བུ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ལམ་སྟོན་ཐོག་ནས་རྩིས་པ་ཡིན་ན་མཆིན་པའི་གཉེན་ཚད་དང་ཀྲི་སྦི་ནད་གཞིའི་གྲངས་འབོར་མང་པོ་ཡོད་པའི་སྤྱི་ཚོགས་ཤིག་ཆགས་བསྡད་ཀྱི་འདུག 

༡༤ སྐུ་ཉིད་བཀའ་བློན་གནང་བའི་རིང་ལ་ལས་འཆར་གལ་ཆེན་རིགས་གནང་མ་ཐུབ་པ་དེ་འདྲ་བྱུང་ཡོད་དམ།

ལན། གྲུབ་འབྲས་རྩ་བ་ནས་མ་ཐོན་པ་དེ་འདྲ་བྱུང་མ་སོང་དྲན་གྱི་ཡོད། མ་གཞི་ནས་ད་ལྟའི་འཆར་ལས་གཞི་མང་པོ་ཞིག་འགྲོ་དང་འགྲོ་བཞིན་པ་ཡིན་དུས་ཞུ་རྒྱུ་ཁག་པོ་འདུག 

༡༥ སྐུ་ཉིད་ལ་གོང་གི་དྲི་བ་ཁག་དང་མ་འབྲེལ་བའི་གལ་གནད་ཆེ་བའི་གནད་དོན་རིགས་ལྷག་ཡོད་ན་གསུང་རོགས་གནང་། 

ལན། རེད། ངའི་བསམ་ཚུལ་དང་ལམ་སྟོན་གང་ཡིན་ཡང་ཆོག གཙོ་བོ་འཕྲོད་བསྟེན་དང་འབྲེལ་བ་ཡོད་པའི་ཐོག་ཞུས་པ་ཡིན་ན། མང་ཚོགས་ཀྱི་ངོས་ནས་དོ་བདག་སོ་སོས་འཕྲོད་བསྟེན་ཡག་པོ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་འདུག འཕྲོད་བསྟེན་ཡག་པོ་ཡོང་བ་ལ་ལས་འགན་དང་པོ་དེ་སོ་སོ་རང་ཉིད་ལ་ཡོད་པ་རེད། དོ་བདག་སོ་སོས་འགན་འཁུར་བའི་ཐོག་ནས་འཕྲོད་བསྟེན་ཐོག་ལ་དོ་སྣང་། གཙང་སྦྲ། ཉེན་ཚབ་ཅན་གྱི་ན་ཚ་འདྲ་མིན་ཐོག་གནས་ཚུལ་ཆ་ཚང་ཤེས་པ། འཕྲོད་བསྟེན་གོང་འཕེལ་འགྲོ་རྒྱུ་བཅས་སོ་སོའི་ངོས་ནས་འབད་བརྩོན་བྱེད་རྒྱུ་དེ་གལ་ཆེན་པོ་རེད་འདུག 

གཉིས་པ། འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་འགོག་རེད། འཕྲོད་བསྟེན་གོང་འཕེལ། སྨན་བཅོས་ཀྱི་ལས་གཞི་མང་པོ་ཞིག་སྤེལ་གྱི་ཡོད་རེད། དེ་དག་ཆ་ཚང་ཤེས་པའི་ཐོག་ནས་མཐུན་རྐྱེན་དེ་དག་བཞེས་རྒྱུ་གལ་ཆེན་པོ་རེད་འདུག་ཞུ་རྒྱུ་ཡིན། དབུས་བོད་མིའི་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་མི་མང་གི་འཕྲོད་བསྟེན་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ལས་གཞི་མང་པོ་ཞིག་སྤེལ་བསྡད་ཀྱི་ཡོད་རེད། དཔེར་ན་ང་ཚོས་གཞིས་ཆགས་ཁག་ནང་ཟླ་རེའི་ནང་འཕྲོད་བསྟེན་སློབ་གསོ་ལས་འགུལ་སྤེལ་གྱི་ཡོད་རེད། ག་དུས་ཡིན་ཡང་ལས་འགུལ་དེ་སྤེལ་སྐབས་རྒས་ཁོགས་ཤ་ཤས་ཤིག་མ་གཏོགས་ཡོང་གི་མི་འདུག དམིགས་བསལ་གྱིས་གཞོན་སྐྱེས་ཚོ་མཉམ་བཞུགས་གནང་བའི་ཐོག་ནས་འཕྲོད་བསྟེན་གྱི་གནས་སྟངས་གང་མང་མང་རྟོག་ཐུབ་ཆེད་ཚང་མས་མཉམ་ཞུགས་གནང་རོགས་ཞུ་རྒྱུ་ཡིན། 

གསུམ་པ། དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་གལ་གནད་ཆེ་ཤོས་གཅིག་དེ་སྨན་བཅོས་བལྟ་སྐྱོང་ལས་གཞི་དེ་ཆགས་བསྡད་ཀྱི་ཡོད་རེད། དེའི་ནང་ཚང་མས་ཧ་རུབ་སྦ་རུབ་ཚང་ཁ་ཤིག་ཤིག་ཐོག་ནས་མཉམ་ཞུགས་གནང་རོགས་ཞུ་རྒྱུ་ཡིན།སྨན་བཅོས་བལྟ་སྐྱོང་ལས་གཞིའི་དམིགས་ཡུལ་དེ་མི་མང་ཚང་མ་ལ་འཕྲོད་བསྟེན་ཉེན་སྲུང་ནང་བཞིན་གྱིས་མཐུན་རྐྱེན་ཞིག་སྦྱར་རྒྱུའི་ཆེད་དུ་ལས་གཞི་དེ་བཙུགས་པ་ཡིན་པས་མི་མང་གི་བདེ་རྩ་རང་ལ་གཟིགས་པའི་ཐོག་ནས་བཙུགས་པ་ཡིན་དུས་སེར་མོ་བ་དང་སྐྱ་མོ་བ་ཚང་མས་གང་ཐུབ་མཉམ་ཞུགས་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། 

གསར་འགོད་པ་ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།