བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

མེ་ལོང་མའི་ཉམས་བརྒྱད་ཁོ་ནས་གཞལ་དགོས་དོན་མེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༡།༢༡ཉིན་སྤེལ། རྩོམ་རིགས་ཀྱང་བཟའ་བཏུང་དང་འདྲ་བར་རྩམ་པ་དང་ཤ་མར་ཁོ་ན་སྤྱོད་ན་དེ་ལས་གཞན་ མི་འབྱུང་ལ་སྔོ་ཚལ་རིགས་དང་ཉ་དང་འབུ་སོགས་ཟོས་ན་དེ་བཞིན་རྣམ་གྲངས་མང་བར་ འགྱུར་བ་རེད།

༡༽ཡོངས་གྲགས་ལྟར་ན་སྙན་ངག་མེ་ལོང་མ་རྒྱལ་པོ་པུ་ལ་ཀེ་ཤའི་སྲས་ཀྱི་ཆེད་བརྩམས་པར་བཤད་པ་ལ་ཁྱེད་རང་དགོངས་ཚུལ་ཅི་ཞིག་ཡོད།
ལན། ཡོངས་སུ་གྲགས་མིན་ཇི་ལྟར་ཡང་བདག་གིས་དེ་ལྟར་མི་འདོད། རྒྱུ་མཚན་ནི་བསྟན་བཅོས་རྩོམ་པའི་དགོས་པའི་སྐབས་ཀྱང་དེ་ལྟར་བསྟན་མེད་པར་མ་ཟད་གཞུང་གི་མགོ་མཇུག་བར་གསུམ་གང་རུང་ལའང་རྒྱལ་པོ་དེའི་མཚན་ཙམ་ཡང་སྨོས་པ་མེད། གཞུང་ཧྲིལ་བོར་ལེགས་པར་བརྟགས་ན་བསྟན་བཅོས་འདི་ཉིད་ལྷོ་ཤར་ཐུན་མོང་དང་བཅས་པའི་སྦྱང་གཞིའི་སློབ་དེབ་ལྟ་བུ་ཞིག་ཏུ་བརྩམས་པ་ཡིན་པར་རིགས་པས་ཀྱང་དཔོག་ཐུབ།

༢༽དེང་གི་འཛམ་གླིང་རྩོམ་རིག་ཁྲོད་སྙན་ངག་མེ་ལོང་མར་བསྟན་པའི་ཉམས་ལྡན་གྱི་རྒྱན་ནི་ཚད་ཅི་འདྲ་ཞིག་ལ་ངོས་འཛིན་བྱེད།
ལན། ཉམས་ལྡན་གྱི་རྒྱན་ནི་ཟློས་གར་གྱི་ཉམས་བརྒྱད་གཞིར་བྱས་ཀྱི་མི་སྣའི་ལུས་ངག་གི་ཉམས་འགྱུར་ཞིབ་འབྲི་བྱེད་ཐབས་ཀྱི་དཔེ་མཚོན་ཙམ་ཞིག་ཡིན། མེ་ལོང་མའི་ལེའུ་དང་པོའི་སྐབས་སུ་སྙན་ངག་ཆེན་པོ་དག་ལ་ཉམས་དང་འགྱུར་བ་དག་གིས་གཏམས་དགོས་པར་གདམས་ཡོད་ལ། ལྷག་པར་སྙན་ངག་གི་ཡོན་ཏན་བཅུའི་ནང་དུ་‘དོན་གྱི་ཉམས་དག་ཀུན་ལ་སྦྱིན’་ཞེས་སྤྱིར་སྙན་ངག་ཡིན་ན་ཉམས་དང་ལྡན་དགོས་པར་གསུངས་པ་འདིས་གནའ་སྔ་མོའི་རྒྱ་གར་བའི་སྙན་ངག་པ་དེ་དག་གིས་སྒྱུ་རྩལ་རྩོམ་རིག་གི་སྣང་བརྙན་ལ་གདེང་འཇོག་ཚད་མཐོ་བྱས་པ་མཐོང་ཐུབ། གནའ་དེང་གི་རྩོམ་རིགས་ཉམས་འགྱུར་གཤིབ་བསྡུར་བྱེད་དགོས་ན་གནའ་རྩོམ་བསྟན་བཅོས་དེ་དག་དང་དེང་གི་བརྩམས་ཆོས་གཉིས་བསྡུར་དགོས་པ་ལས། མེ་ལོང་མའི་ཉམས་བརྒྱད་ཁོ་ནས་གཞལ་དགོས་པ་ཞིག་མིན་ལ་དེས་མཚོན་ཐུབ་པ་ཞིག་ཀྱང་མ་རེད།

༣༽མཚོན་ཐབས་རང་བཞིན་ཅན་གྱི་སྙན་ངག་དང་སྒྲུང་རྩོམ་སོགས་དང་སྙན་ངག་མེ་ལོང་མར་བསྟན་པའི་དཔེ་རྒྱན་དང་གཟུགས་རྒྱན་སོགས་ཀྱི་བར་མཚོན་ཐབས་ཀྱི་ཆ་ནས་ཁྱད་པར་ག་འདྲ་འདུག
ལན། སྤྱིར་ན་སྙན་ངག་མེ་ལོང་མ་ནི་ལོ་ཆིག་སྟོང་སྔོན་གྱི་རྒྱ་གར་བའི་རྩོམ་གཞུང་རྙིང་བ་ཞིག་ཡིན་པས་ད་ལྟའི་རྩོམ་རིག་གི་འགྲན་ཟླར་བླངས་ནས་བལྟས་ན་དེ་ནི་ཚན་རིག་གི་དཔྱད་ཐབས་ཤིག་མིན་པར་འདོད། འོན་ཀྱང་ཞིབ་ཚགས་པོས་དཔྱད་ན་མེ་ལོང་མའི་ནང་ལ་དཔེ་རྒྱན་དང་གཟུགས་ཅན་རྒྱན་ཙམ་མིན་པར་ཏིང་ངེ་འཛིན་གྱི་བྱ་ཚིག་སྤྱོད་ཚུལ་གྱིས་མཚོན་སྐད་ཆའི་སྒྱུ་རྩལ་གྱི་རྣམ་གྲངས་ཕུན་སུམ་ཚོགས་པར་མ་ཟད་ཕྲ་མོའི་རྒྱན་དང་ཆ་རྒྱན། བསྡུས་བརྗོད་ཀྱི་རྒྱན་སོགས་བརྗོད་བྱ་མཚོན་ཐབས་ཀྱི་རྩོམ་ལུས་ཀྱི་རྒྱན་ཡང་མང། ད་དུང་ཟློས་གར་གྱི་སྐབས་སུ་དམངས་ཁྲོད་རང་བཞིན་གྱི་ཡུལ་སྐད་སྤྱོད་དགོས་ཚུལ་ཡང་བསྟན་ཡོད་པས་འདྲ་སའི་ཆ་ཧ་ཅང་མང། མི་འདྲ་ས་ནི་ལེགས་སྦྱར་སྐད་ཡིག་གི་སྡེབ་སྦྱོར་སྤེལ་སྟངས་དང་སྒྲ་རྒྱན་མང་ཆེ་བ་བོད་ཀྱི་སྙན་ངག་ལ་ཇི་བཞིན་མི་འབྱོར། གཞན་ཡང་དེང་རབས་ཀྱི་ལྷུག་རྩོམ་དང་སྒྲུང་རྩོམ་སྐོར་སྐབས་དེ་དུས་དར་མེད་པས་མེ་ལོང་མར་ཡང་དེའི་སྐོར་གྱི་ས་བཅད་སྟོང་བ་ཡིན།

༤༽སྙན་གཞུང་མེ་ལོང་མ་བོད་བསྒྱུར་བྱས་པས་བོད་རང་གི་ཁྱད་ཆོས་ལྡན་པའི་སྙན་ངག་འཕེལ་རྒྱས་ལ་གེགས་བྱས་སོང་ཞེས་པའི་ལྟ་ཚུལ་འདིའི་ཐད་ལ་དགོངས་ཚུལ་ཅི་ཞིག་ཡོད།
ལན། སྐབས་དེ་དུས་བོད་ལ་དམངས་ཁྲོད་རྩོམ་རིག་ཙམ་ལས་མཁས་པས་སྦྱང་གཞིའི་རྩོམ་དེབ་གང་ཡང་མེད་པས་འདི་ཉིད་མཁས་པ་འཇུག་པའི་སྒོ་ཞིག་ཆགས་ཡོད། གལ་ཏེ་གེགས་སུ་གྱུར་ཡོད་ན་ཡོད་སྟངས་དཔེ་མཚོན་དང་བཅས་གསལ་བཤད་གནང་ཐུབ་དགོས། སྙན་གཞུང་མེ་ལོང་མ་འདིས་དམངས་ཁྲོད་རྩོམ་རིག་ལ་ཐད་ཀར་ཤུགས་རྐྱེན་གང་ཡང་ཐེབས་ཐུབ་མེད་པས་དམངས་ཁྲོད་རྩོམ་རིག་དང་མཁས་པའི་རྩོམ་རིག་གཉིས་ད་དུང་ཡང་བར་ཁྱད་ཆེན་པོར་གནས་ཡོད། སྤྱིར་གཞུང་འདི་སྦྱངས་པ་དང་བརྒྱུད་ནས་རྩོམ་གཞུང་གསར་བ་ཞིག་རྩོམ་དགོས་ཀྱང་དེ་ད་དུང་ཡང་འཁྱོངས་མེད། དེ་མ་འཁྱོངས་པ་གཞུང་འདི་ཡོད་པའི་སྐྱོན་གྱིས་མིན། གལ་ཏེ་འདི་བསྒྱུར་མེད་ན་ང་ཚོར་རྩོམ་རིག་གི་ཐད་ནས་ཚད་འདི་འདྲ་ཞིག་ལ་སླེབས་མེད་པར་ངེས། རྒྱུ་མཚན་སྙན་གཞུང་འདི་ལས་གཞན་གང་ཡང་ནང་འདྲེན་བྱེད་ཐུབ་མེད་ལ་འདིས་རྩོམ་ཚུལ་གཞན་དག་ལ་བར་ཆད་བཟོས་པའི་ལོ་རྒྱུས་ཀྱང་མེད། ཐ་ན་དེང་སང་གི་རྩོམ་པ་པོ་གྲགས་ཅན་རིགས་ཀྱང་ཐོག་མར་སྙན་ངག་མེ་ལོང་མ་སྦྱངས་ནས་ཡོང་བ་ཞིག་ཡིན་པས་གཞུང་འདིས་རྩོམ་འབྲིའི་རྨང་གཞིའི་ནུས་པ་ཐོན་ཡོད་པར་བདེན་ཁ་སྟེར་ཐུབ་པ་རང་གི་མྱོང་བས་ཀྱང་གྲུབ།

༥༽སྙན་ངག་མེ་ལོང་མ་འདི་སྙན་ངག་གི་གཞུང་ལུགས་ཆ་ཚང་ཞིག་ཡིན་ནམ། སྙན་ངག་མེ་ལོང་མའི་བོད་འགྲེལ་དེ་དག་སློབ་དཔོན་དབྱུག་པ་ཅན་གྱི་དགོངས་གཞི་དང་ཡོངས་སུ་མཐུན་པ་ཞིག་ཡིན་ནམ།
ལན། སྤྱིར་བཏང་གཞུང་འདིར་ཚིགས་བཅད་ཀྱི་སྡེབ་སྦྱོར་དང་ཚིགས་བཅད་དང་ཚིག་ལྷུག སྤེལ་མ་ཟློས་གར་དང་བཅས་པའི་སྙན་ངག་གི་ལུས་དང་རྒྱན་དང་སྐྱོན་སེལ་ཚང་མ་གསལ་སྟོན་གནང་ཡོད་པས་སྐབས་དེ་དུས་ལ་མཚོན་ན་རྩོམ་རིག་གི་གཞུང་ཆ་ཚང་ཤོས་དེ་ཡིན་པར་འདོད། འོན་ཀྱང་ད་ལྟ་དང་མ་འོངས་པའི་གསར་རྩོམ་མམ་སྙན་ངག་ཡོད་དོ་ཅོག་གི་གཞུང་ཞིག་ཏུ་གྲུབ་ཐབས་མེད་ལ་གྲུབ་དགོས་པ་ཡང་ག་ལ་ཡོད།
གཉིས་པ་གཞུང་འགྲེལ་མང་པོ་ཞིག་གིས་དབྱུག་པ་ཅན་གྱི་དགོངས་པ་ཇི་བཞིན་མ་ལོན་པའི་ཞན་ཆ་ཡོད་པར་མཐོང། དཔེར་ན་བསྡུས་བརྗོད་ཀྱི་རྒྱན་ལྟ་བུ་རྩོམ་ལུས་རྐྱང་བ་དེང་གི་མཚོན་བྱེད་ཅན་གྱི་རྩོམ་རིག་དང་གཅིག་ཚུལ། ཡང་དགོངས་པ་ཅན་གྱི་རྒྱན་ལྟ་བུ་རྒྱན་རྐྱང་བར་འདོད་ཚུལ་དང་རྩོམ་ལུས་གང་ཞིག་གི་ལུས་ཧྲིལ་བོར་གོ་དགོས་པ་ལྟ་བུའི་རྩོད་པ་བྱུང་ཡོད། དགོངས་པ་ཅན་ནི་དཔེ་རྒྱན་སོགས་རྒྱན་སྣ་ཚོགས་ཀྱིས་སྤྲས་པའི་སྙན་ངག་གང་ཞིག་གི་བརྗོད་སྙིང་ངམ་ཡང་ན་སྙན་ངག་མཁན་པོའི་དགོངས་པ་རང་ལ་གོ་དགོས་ཚུལ་རྩ་བ་རང་ན་གསལ་སྟོན་གནང་ཡོད། དེ་བཞིན་རྒྱན་གཞན་དག་ཀྱང་དཔེར་བརྗོད་ཙམ་དུ་གོ་ནས་རིགས་འགྲེས་གསར་རྩོམ་བྱེད་དགོས་ཚུལ་མ་གོ་བར་བསྐྱར་ཟློས་རང་བྱེད་དགོས་པར་གོ་བ་བཅས་ནི་མ་རྟོག་དང་ལོག་རྟོག་གང་རུང་དུ་ངེས་སྙམ།

༦༽རྒྱ་གར་ཤར་པ་དང་ལྷོ་པ་གཉིས་ཀྱི་འབྲི་སྟངས་ལ་ཁྱད་པར་ཤོར་བ་དེའི་རྒྱུ་རྐྱེན་གཙོ་བོ་ལོ་རྒྱུས་ཀྱི་ངོས་ནས་གླེང་གཞི་ཡོད་དམ།
ལན། དེ་ནི་གནའ་སྔ་མོའི་རྒྱ་གར་ལྷོ་ཤར་གྱི་ཚིགས་བཅད་སྙན་ངག་རྩོམ་ཚུལ་གྱི་ཁྱད་པར་ཞིག་རེད། དེ་ཡང་ལྷོ་བའི་མཁས་པ་ཞིག་གིས་ཚིག་རྒྱན་ནམ་སྙན་ངག་གི་ཡོན་ཏན་གྱི་སྤྱི་ཁོག་གི་སྡོམ་ཚིག་ལ་ཡོན་ཏན་བཅུ་ཟེར་བ་ཞིག་བསྒྲགས་རྗེས། ཤར་ཕྱོགས་པའི་སྙན་ངག་པ་ཞིག་གིས་དེ་ནི་གོ་སླ་བའི་ཚིག་སྦྱོར་སྤེལ་སྟངས་ཤིག་ཡིན་པར་མཐོང་ནས་དེའི་ལྡོག་ཕྱོགས་ཀྱི་རྩོམ་སྟངས་ཀྱང་སྙན་ངག་གི་ཡོན་ཏན་ཡིན་པའི་ལྟ་ཚུལ་བཀོད་པ་ཞིག་ཡིན་པ་ཚོད་དཔག་ཐུབ་པ་ཞིག་རེད།
མ་གཞི་ནས་ཁ་དམ་དང་མི་དམ་པའི་རྩོམ་གཤིས་དེ་ནི་རྩོམ་པ་པོ་སོ་སོའི་རང་ངོས་ནས་ཁྱད་པར་ཡོང་ངེས་པ་ཞིག་རེད། ཁྱད་པར་འདི་མི་རིགས་གཞན་དག་གི་སྙན་ངག་ལ་ཡང་ཡོད་པ་ཞིག་རེད། རང་མོས་སྙན་ངག་ནང་ན་ཡང་རིགས་འདི་ཡོད་ཡོད་པ་ཞིག་རེད། དཔེར་ན་སྐུ་ཞབས་དོན་གྲུབ་རྒྱལ་དང་སྐུ་ཞབས་ལྗང་བུ་རྣམ་པ་གཉིས་ཀྱི་སྙན་ངག་ལ་ཡང་གོ་སླ་དཀའི་ཁྱད་པར་ཡོད་པ་ལྟ་བུ་རེད།

༨༽རྒྱ་གར་དང་བོད་ཀྱི་སྒྱུ་རྩལ་གཞུང་ལུགས་བར་འདྲ་འདྲེས་གྱི་གནད་ཀ་ཅི་ཞིག་ཡོད།
ལན། སྙན་ངག་མེ་ལོང་དང་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་དང་སྐྱེས་རབས་སོ་བཞི་བ། མི་རོ་རྩེ་སྒྲུང་དང་ཤེས་རབ་བརྒྱ་བ་དང་སྐྱེ་བོ་གསོ་ཐིག་སོགས་བོད་བསྒྱུར་གྱིས་སློབ་ཁྲིད་དང་ལག་ལེན་ཡུན་རིང་བརྒྱུད་པའི་ལོ་ཟླའི་ནང་ལ་དེ་ཉིད་བོད་ཀྱི་སྒྱུ་རྩལ་རྩོམ་རིག་གི་ཆ་ཤས་ཤིག་ཏུ་གྱུར་བ་རེད། དཔེར་ན། རྒྱ་གར་བའི་མཛེས་མ་ཞིག་བོད་ཀྱི་མནའ་མར་གྱུར་ནས་མི་རབས་དུ་མ་འགོར་བ་ལྟ་བུ་ཞིག་རེད། འདིའི་ཐོག་ནས་རིག་གཞུང་གཉིས་མཉམ་བསྲེས་ཀྱི་ཡོན་ཏན་གྱི་ཆ་དེ་གཙོ་ཆེ་ལ་དེས་མི་རིགས་བར་གྱི་མཛའ་བརྩེ་ལ་ཡང་ཤུགས་རྐྱེན་དམིགས་བསལ་བཞག་ཡོད་པར་འདོད། རིག་གནས་མེད་པའི་མི་ཞིག་གིས་མཁས་པ་ཞིག་ལ་བརྟེན་ནས་རང་ཉིད་ཡོན་ཏན་ཅན་དུ་བསྒྱུར་བར་དགེ་མཚན་ཆེ་བ་དེ་བཞིན་མི་རིགས་ཤིག་གིས་མི་རིགས་གཞན་ཞིག་གི་རིག་གནས་དང་སྒྱུ་རྩལ་སྦྱངས་ལེན་བྱས་པར་ཡང་ཡར་རྒྱས་ཀྱི་དགེ་མཚན་ཆེ་ངེས་རེད། མདོར་ན་དེ་ལ་བདག་གིས་སྐྱོན་གྱི་གནད་ཅང་མི་མཐོང།

༩༽སྒྲིག་གཞི་ཅན་གྱི་གཞུང་ལུགས་དེས་མིའི་སེམས་ཁམས་ལ་གཅིག་གྱུར་རང་བཞིན་གྱི་ལྟ་ཚུལ་བསྐྲུན་པས་ཕྱིར།གསར་གཏོད་ཀྱི་ཚོར་ཤེས་ཉམ་པ་དང། མདུན་སྐྱོད་ཀྱི་བཀག་རྡོར་འགྱུར་བར་བཤད་པར་ཁྱེད་རང་ལ་དགོངས་ཚུལ་ཅི་ཞིག་ཡིན།
ལན། སྒྲིག་འཛུགས་དམ་པོ་ལ་ལ་ཞིག་དེ་འདྲ་ཡིན་ན་ཡང། སྤྱིར་སྒྲིག་གཞི་མེད་པའི་སྤྱི་ཚོགས་ཤིག་མེད་ལ་རྩོམ་རིག་ཅིག་ཀྱང་མེད། ཡང་གཅིག་བཤད་ན་སྒྲིག་གཞི་ནི་ལག་ལེན་བརྒྱུད་དེ་ཕྱིར་ལག་ལེན་ལ་ཕན་པར་བཟོས་པ་ཞིག་ཡིན། གལ་ཏེ་མེ་ལོང་མས་གནོད་ཡོད་ན་བོད་གངས་ཅན་གྱི་མཁས་དབང་དེ་དག་ལ་གནོད་ཡོད་པ་ལས་ཡིག་རྨོངས་ཀྱི་མི་དམངས་ལ་ཕན་གནོད་ཅི་ཡང་བྱས་མེད། ཡིན་ན་ཡང་ཡིག་རྨོངས་རང་བཞིན་གྱི་དམངས་ཁྲོད་རྩོམ་ཡིག་དེ་ཡར་རྒྱས་ཆེན་པོ་ཕྱིན་མེད།
མདོར་བསྡུས་ནས་བཤད་ན་སྙན་ངག་མེ་ལོང་མ་ཟེར་བ་ཞིག་བོད་ལ་དར་བ་འདིས་བོད་ཀྱི་རྩོམ་རིག་ལ་གཞུང་ལམ་ཞིག་ཕྱེས་པ་ལྟ་བུ་ཆགས་ཡོད། ང་ཚོར་རྩོམ་རིག་གི་འབྲི་ཐབས་གཞན་དག་ཞན་སོང་བའམ་ཡུན་རིང་མེད་སོང་བ་དེ་ང་ཚོས་རྩོམ་རིག་གཞན་དག་ཚུར་ལེན་བྱེད་པ་འགྱངས་དྲགས་པས་ཡིན་པ་ལས་སྙན་ངག་མེ་ལོང་མ་དར་སྔ་སོང་བའི་སྐྱོན་གཏན་ནས་མིན། དེའི་རྒྱུ་མཚན་དེང་རབས་ཀྱི་རྩོམ་རིག་པ་དོན་གྲུབ་རྒྱལ་དང་ལྗང་བུ། འཇུ་སྐལ་བཟང་སོགས་ཀྱིས་ར་སྤྲོད་ཐུབ། རྩོམ་རིགས་ཀྱང་བཟའ་བཏུང་དང་འདྲ་བར་རྩམ་པ་དང་ཤ་མར་ཁོ་ན་སྤྱོད་ན་དེ་ལས་གཞན་མི་འབྱུང་ལ་སྔོ་ཚལ་རིགས་དང་ཉ་དང་འབུ་སོགས་ཟོས་ན་དེ་བཞིན་རྣམ་གྲངས་མང་བར་འགྱུར་བ་རེད།

འོད་ཐིག་ཚགས་ཤོག་སྤྱིའི་འདོན་ཐེངས་བཅུ་བའི་ཐོག་རྩོམ་པ་པོ་རྒན་ཆབ་བྲག་ལྷ་མོ་སྐྱབས་ལགས་སུསྐོར་ལ་བཅར་འདྲི་བྱས་པ།


Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༥༢༠༡༥༡༡༡༦

ལེགས་སོ།




བརྗོད་གཞི་གཞན་ཁག་ལ་གཟིགས།