བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

སྤྱི་སེམས་ཡོད་པ་ཞིག་བསྐྲུན་རྒྱུའི་བསམ་བློ་ཡོད་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༠༡།༢༠ཉིན་སྤེལ། དགེ་རྒན་ཞིག་ཡིན་ན་སློབ་མར་ཤེས་ཡོན་གྱིས་གསོ་སྐྱོང་དགོས་པས་ཤེས་ཡོན་མེད་ན་ ཅི་ཞིག་གིས་སློབ་མ་རྣམས་གསོ་སྐྱོང་བྱེད།

༡ རྒན་ལགས་ཀྱིས་མཐོ་རིམ་སློབ་གྲྭའི་དགེ་རྒན་ཞིག་ལ་མཚོན་ན་ཤེས་ཚད་དང་འགན་འཁྲིའི་འདུ་ཤེས་ག་འདྲ་ཞིག་དགོས་པར་དགོངས་ཀྱིན་ཡོད་དམ།
    ལན།     མཐོ་རིམ་སློབ་གྲྭའི་དགེ་རྒན་ཞིག་ལ་མཚོན་ན། ཤེས་ཚད་ཚད་ལྡན་ཞིག་དགོས་པ་ནི་བརྗོད་མི་དགོས་པའི་གནས་ཚུལ་ཞིག་རེད། ཤེས་ཚད་ཚད་ལྡན་ཞེས་པ་དེ་ནི་ཤེས་ཡོན་སྤྱི་ལ་མ་ཡིན་པར། རང་ཉིད་ཀྱིས་སློབ་ཁྲིད་བྱེད་བཞིན་པའི་གཞུང་ལུགས་གང་ཡིན་པ་དེ་ཡིན། གཞུང་ལུགས་དེར་རང་སྐྱ་ཕེར་བ་ཞིག་མེད་ན་དགེ་རྒན་བྱེད་པའི་རྨང་གཞི་མེད་པར་འགྱུར་བ་ཡིན་པས། དགེ་རྒན་གྱི་ཆ་རྐྱེན་རྣམས་ལས་དང་པོ་བའི་ཤེས་ཚད་ལ་འཇོག་དགོས། དགེ་རྒན་ཞིག་ཡིན་ན་སློབ་མར་ཤེས་ཡོན་གྱིས་གསོ་སྐྱོང་དགོས་པས་ཤེས་ཡོན་མེད་ན་ཅི་ཞིག་གིས་སློབ་མ་རྣམས་གསོ་སྐྱོང་བྱེད། དེ་ལས་སློབ་མ་དེ་དག་སློབ་གྲྭར་འདུ་དགོས་དོན་དང་། སྤྱི་ཚོགས་ནང་དུ་སློབ་གྲྭ་ཞིག་ཡོད་དགོས་དོན། ཕྱོགས་མང་པོ་ཞིག་གིས་མཐུན་རྐྱེན་སྦྱོར་དགོས་དོན་བཅས་ཡོངས་རྫོགས་གཅིག་ཏུ་བསྡུས་ན། སློབ་མ་དེ་དག་ལ་ཤེས་ཡོན་ཕུན་སུམ་ཚོགས་པ་ཞིག་འབྱུང་རྒྱུ་ལ་དམིགས་པ་ལས་གཞན་ཅི་ཡིན་ནམ། དེས་ན་ཤེས་ཡོན་སྦྱིན་མཁན་དགེ་རྒན་ཡིན་ལ། སློབ་མའི་ཤེས་ཡོན་གྱི་སྒོ་མོ་འབྱེད་མཁན་ཡང་དགེ་རྒན་ཡིན་པས། དེ་ལྟ་བུའི་དགེ་རྒན་རང་ཉིད་ལ་རང་གིས་སྦྱིན་དགོས་པའི་ཤེས་ཡོན་ཚད་ལྡན་ཞིག་མེད་ན་ཅི་ཞིག་སྦྱིན། སློབ་མའི་ཤེས་ཡོན་འཕེལ་བར་བྱེད་པའི་ཆ་རྐྱེན་དང་པོ་དེའང་དགེ་རྒན་རེད། གནས་ཚུལ་འདི་དག་ལ་བརྟེན་ནས་ངའི་བསམ་པར་དགེ་རྒན་གྱི་ཆ་རྐྱེན་དང་པོ་ཤེས་ཡོན་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།


    ལས་དོན་གང་ཡིན་ཡང་ལས་དོན་དེ་ལ་དཔོག་པའི་འགན་འཁྲི་རེ་ཡོད་ལ། འགན་འཁྲིའི་འདུ་ཤེས་འཛིན་སྟངས་ཀྱང་མི་འདྲ་བ་ཡོད། དེ་བཞིན་མཐོ་སློབ་ཞིག་གི་དགེ་རྒན་ཡིན་ན་དེ་ལུགས་ཀྱི་འགན་འཁྲི་དང་འགན་འཁྲིའི་འདུ་ཤེས་ཡོད་ལ། གནས་བབ་མི་འདྲ་བའི་འོག་ནས་བྱུང་བའི་མཐོ་སློབ་ཁག་ལའང་འགན་འཁྲིའི་འདུ་ཤེས་མི་འདྲ་བ་རེ་འདུག ང་རང་ཚོ་ལ་མཚོན་ན་ཕྱོགས་གཅིག་ནས་སྐྱབས་བཅོལ་པའི་སྤྱི་ཚོགས་ཤིག་དང་། ཕྱོགས་གཞན་ཞིག་ནས་ང་རང་ཚོའི་རིག་གཞུང་སྲོལ་རྒྱུན་དང་བཅས་པ་མིང་མེད་དུ་གཏོང་བའི་སྲིད་ཇུས་དང་ཐབས་ཇུས་སྣ་ཚོགས་ཤིག་སྤེལ་བཞིན་མཆིས་པ། དེ་ལས་ཀྱང་གོ་ལ་གཅིག་ཏུ་སྒྲིལ་བའི་ལམ་ལུགས་ཁྲོད་ང་རང་ཚོའི་རིག་གཞུང་གོམས་གཤིས་དག་རྒྱུན་འཛིན་དགོས་པའི་མཐོ་སློབ་ཅིག་གི་དགེ་རྒན་ལ་མཚོན་ན་འགན་འཁྲིའི་འདུ་ཤེས་མི་འདྲ་བ་ཞིག་འཛིན་དགོས་པ་ནི་བརྗོད་མི་དགོས་པའི་གནས་ཚུལ་ཞིག་རེད། མཐོ་སློབ་ཀྱི་དགེ་རྒན་ཞིག་ཡིན་པས་སློབ་མ་དེར་ཤེས་ཡོན་མཁོ་སྤྲོད་བྱས་པ་བརྒྱུད། སློབ་མ་དེའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་ཞིག་ཏུ་བསྐྱེད་སྲིང་དགོས་པས། ཕྱོགས་གཅིག་ནས་སློབ་མའི་བསམ་བློ་ཡར་རྒྱས་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ང་རང་ཚོའི་སྲོལ་རྒྱུན་གྱི་འདུ་ཤེས་འཛིན་སྟངས་ཤིག་གིས་བུམ་པ་གང་བྱོའི་ལམ་ལུགས་ཀྱིས། སློབ་མ་རྣམས་ཀྱི་ཕྱིའི་དབྱིབས་མི་འདྲ་བ་ལས། ནང་གི་བསམ་བློའི་འདུ་ཤེས་འཛིན་སྟངས་གཅིག་ཏུ་གྱུར་པ་དེ་ཡིན་ལ། དེང་གི་དུས་ཚོད་འདིའི་ནང་དུ་ཤེས་ཡོན་ལུགས་དེ་ཉིད་མུ་མཐུད་ནས་གནས་མི་ཐུབ་ལ། གནས་ཀྱང་མི་སྣ་སྐྱེད་སྲིང་བྱེད་པའི་ནུས་པ་མི་ཐོན། དེ་ལ་བརྟེན་ནས་སློབ་མ་དེ་དག་ལ་ཡོད་པའི་བག་ལ་ཉལ་བའི་བསམ་བློའི་གནས་བབ་མི་འདྲ་བ་རེ་མཆིས་པ་དེ་དག་སེལ་བའི་ཆ་རྐྱེན་བསྐྲུན་རྒྱུ་ནི་མཐོ་སློབ་ཀྱི་དགེ་རྒན་ཞིག་གི་འགན་འཁྲིའི་འདུ་ཤེས་གཙོ་བོ་ཡིན་པར་སྣང་། དེ་ལ་བརྟེན་ནས་དགེ་རྒན་གྱིས་སློབ་མ་དེ་དག་སྤྱི་ཚོགས་ལ་དགོས་མཁོ་ཡོད་པ། སྤྱི་ཚོགས་ཀྱི་སྣེ་ཁྲིད་བྱེད་ཐུབ་ཕྱིར་ཀུན་སྤྱོད་ལེགས་པ་ཞིག སྤྱི་སེམས་ཡོད་པ་ཞིག་བསྐྲུན་རྒྱུའི་བསམ་བློ་ཡོད་དགོས།
   
༢    མཐོ་སློབ་ཀྱི་དགེ་རྒན་ཞིག་ལ་ངེས་པར་དུ་ཚང་དགོས་པའི་མ་མཐའི་ཆ་རྐྱེན་ཁག་གང་དག་རེད།
    ལན། མཐོ་སློབ་ཀྱི་དགེ་རྒན་ཞིག་ལ་ངེས་པར་དུ་ཚང་དགོས་པའི་མ་མཐའི་ཆ་རྐྱེན་ནི། རང་གིས་བསླབ་དགོས་པའི་གཞུང་ལུགས་ཀྱི་ཤེས་ཚད་ཚད་ལྡན་ཡིན་པ། བསླབ་ཐབས་ལ་བྱང་ཆ་ཡོད་པ། སློབ་མའི་གནས་ཚུལ་རྒྱུས་ལོན་ནུས་པ། ཀུན་སྤྱོད་ལེགས་པ། ལྷག་པར་དགེ་རྒན་རང་ཉིད་ཤེས་ཡོན་ལ་དུང་བ་ཟབ་པ་བཅས་ངེས་ཅན་དུ་དགོས་པར་མངོན།

༣    སློབ་མའི་ཤེས་ཚད་དང་ད་ལྟའི་གནས་བབ་ལ་བསམ་ན་བཙན་བྱོལ་གྱི་མཐོ་སློབ་ཁག་གི་སློབ་ཚན་ཁག་སྒྱུར་བཅོས་ག་འདྲ་གཏོང་དགོས་པར་བསམ་གྱིན་འདུག

    ལན། སློབ་མའི་ཤེས་ཚད་འདི་ལྟ་བུ་ཞེས་སྦོམ་བཤད་བྱེད་རྒྱུ་ཅུང་ཟད་དཀའ་ངལ་ཆེ་བར་མངོན། དེང་གི་དུས་འདིར་རིག་པའི་རྣམ་གྲངས་མང་པ་དང་། གནས་ཡུལ་གྱི་ཆ་དང་། གནས་བབ་སོགས་ལ་ལྟོས་ནས་སློབ་མའི་ཤེས་ཚད་སོ་སོར་འཇོག་དགོས་པས། ད་ལྟའི་སློབ་མའི་ཤེས་ཚད་འདི་ལྟ་བུ་ཞེས་གུས་པས་ངོས་འཛིན་བྱ་ཐབས་བྲལ། འོན་ཀྱང་བོད་ཡིག་དང་སྲོལ་རྒྱུན་རིག་གཞུང་གི་མ་ལག་ལ་མཚོན་ན། བཙན་བྱོལ་ནང་གི་སློབ་མའི་ཤེས་ཚད་འདི་ལྟ་བུ་ཞིག་ཅེས་ངོས་འཛིན་བྱེད་བདེ་བར་བརྟེན། གུས་པས་བོད་ཀྱི་སྐད་ཡིག་དང་། སྲོལ་རྒྱུན་རིག་གནས་ཀྱི་གནས་ཚུལ་ཐོག་ནས་ཚིག་རེ་ཟུང་ཞིག་ཞུ་བར་སྤྲོ།
    དེང་སྐབས་རྒྱ་བལ་འབྲུག་གསུམ་གཙོ་བོར་བྱས་པའི་བཙན་བྱོལ་སྤྱི་ཚོགས་འདིའི་ནང་དུ་བོད་ཀྱི་སྐད་ཡིག་གི་གནས་ཚད་ཤིན་ཏུ་སྐྱོ་བོ་ཡིན་པ་ཚང་མས་ཧ་གོ་དོན་གསལ་ལགས་ཤིང་། འདི་ལྟར་ཆགས་དགོས་པའི་གནས་ཚུལ་ཡང་ཚང་མས་ཤེས་ཐུབ་པ་ལྟ་བུ་ཡིན་པས་དེའང་བཤད་དགོས་དོན་མེད། གནས་བབ་འདིའི་འོག་ནས་འཚར་ལོངས་བྱས་པའི་བོད་ཕྲུག་གི་ཤེས་ཚད་འདི་ལ་ལྟོས་ནས། བོད་ཀྱི་སྐད་ཡིག་དང་། བོད་ཀྱི་སྐད་ཡིག་དང་འབྲེལ་བའི་རིག་པའི་གཞུང་ལུགས། སྲོལ་རྒྱུན་གྱི་ཤེས་ཡོན་ཁག་གི་སློབ་ཚན་ལ་སྒྱུར་བཅོས་གང་འདྲ་ཞིག་གཏོང་དགོས་ཤེ་ན། ཐོག་མར་སློབ་མའི་བློ་སྒོ་འབྱེད་ཀྱི་ལྡེ་མིག་ལྟ་བུ་སྐད་ཡིག་ཡིན་པས། སྐད་ཡིག་དང་པོར་བཞག་པའི་སློབ་ཚན་སྒྲིག་དགོས། དེང་སྐབས་མཐོ་སློབ་མང་དག་ཅིག་ན། ནང་རིག་གཙོ་བོ་དང་། ཡང་ན་གསོ་རིག་གཙོ་བོ་དང་། དེ་ལས་གཞན་པའི་རིག་ཚན་ཞིག་གཙོ་བོར་བཞག་ནས་སྐད་ཡིག་ཕལ་པར་བཞག་པར་བརྟེན། བཙན་བྱོལ་གྱི་སློབ་མའི་གནས་ཚད་ཡར་རྒྱས་མ་ཕྱིན་གཞི་རྩ་དེ་ལ་ཐུག་པར་སྣང་།
    དེ་བཞིན་རིག་པའི་གཞུང་ལུགས་དང་པོ་དང་། ལག་ལེན་གཉིས་པར་འཇོག་པའི་ཤེས་ཡོན་ལམ་ལུགས་དེ་ལའང་འགྱུར་བ་གཏོང་དགོས། རིག་པའི་གཞུང་ལུགས་གལ་ཆེ་བ་བརྗོད་མི་དགོས་མོད། དེ་ནི་མི་རབས་ནས་མི་རབས་བརྒྱུད་པ་ལས་བྱུང་བའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་ཞིག་ཡིན་པས་གལ་ཆེ། འོན་ཀྱང་སློབ་མས་སྦྱོང་བརྡར་བྱེད་སྐབས་ཁྲིམས་མང་དྲགས་པས། སློབ་མའི་སེམས་ཁམས་བཙོན་དུ་ཚུད་པར་བརྟེན། སྦྱོང་བརྡར་གནད་དུ་སྨིན་པ་ཞིག་བྱེད་མ་ཐུབ་པ་རེད། གནས་ཚུལ་འདི་ལ་བརྟེན་ནས་སློབ་ཚན་འགྱུར་བ་གཏོང་སྐབས། རིག་པའི་གཞུང་ལུགས་ནི་སྐྱོར་ར་ལྟ་བུ་དང་། ལག་ལེན་ནི་རྨང་གཞིའི་ཁོར་ཡུག་ལྟ་བུ་ཞིག་ཏུ་བསྒྱུར་ཐུབ་ན། གཞི་ནས་བཙན་བྱོལ་གྱི་བོད་ཕྲུག་རྣམས་ཀྱི་ཤེས་ཚད་ཡར་རྒྱས་འགྲོ་ཐུབ་པ་དང་། དོན་དང་མཐུན་པའི་མཐོ་སློབ་ཁག་ཅིག་འབྱུང་ཐུབ་པར་སེམས།

༤    རྒན་ལགས་ཀྱིས་ལོ་མང་པོའི་རིང་མཐོ་སློབ་ཏུ་ཕྱག་ལས་གནངས་པའི་ཁྲོད། ཁྱེད་རང་འཕྲད་པའི་དཀའ་ངལ་ཆེ་ཤོས་གང་དག་ཡིན་ནམ།
    ལན། མཐོ་སློབ་འདིར་ངས་ལས་ཀ་བྱེད་པ་ནས་བཟུང་འཕྲད་པའི་དཀའ་ངལ་ཆེ་ཤོས་ནི། སློབ་མའི་ཤེས་ཚད་མི་སྙོམ་པ་དེ་ཡིན་ཞིང་། དགེ་རྒན་ཞིག་ལ་མཚོན་ན་དེ་ནི་དཀའ་ངལ་ཆེ་ཤོས་རེད། སློབ་གྲྭ་འདིར་ཤེས་ཚད་མི་སྙོམ་པའི་གནས་ཚུལ་དེ་ད་ལྟའང་ཐག་གཅོད་མ་ནུས་པར་ལྷག་ཡོད། དགེ་རྒན་ཞིག་ཡིན་ན་ཉིན་རེ་ལས་དོན་དང་འབྲལ་མེད་དུ་གནས་པ་ནི་སློབ་མ་རྣམས་ཡིན་ཞིང་། དེ་དག་དང་འབྲེལ་འདྲིས་བྱེད་རྒྱུ་དེ་རེད། ཤེས་ཚད་ངེས་ཅན་ཡོད་པའི་སློབ་མ་རྣམས་ཀྱི་ཚད་དང་མཐུན་པ་ཞིག་བཤད་ན། ཤེས་ཚད་དམའ་བའི་སློབ་མ་རྣམས་ཀྱིས་མ་གོ་བར་དོ་སྣང་ཉམས་འགྲོ་བ་དང་། ཤེས་ཚད་དམའ་བའི་སློབ་མའི་ཚད་དང་མཐུན་པར་བཤད་ན། ཤེས་ཚད་ཅུང་མཐོ་བའི་སློབ་མའི་འདོད་པ་མ་ཁེངས་པར་དོ་སྣང་ཉམས་འགྲོ་བ་དེ་རེད།

༥    དེ་དག་ལ་གདོང་ལེན་ཇི་ལྟར་བྱས་པ་ཡིན།
    ལན། གནས་ཚུལ་འདིར་ངས་ཤེས་ཚད་དམའ་བའི་སློབ་མ་རྣམས་དང་བསྟུན་ཐབས་བྱ་རྒྱུ་དང་པོར་བརྩིས་ནས་འགྲོ་བཞིན་ཡོད། ཤེས་ཚད་དམའ་བའི་སློབ་མའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དང་པོ་དང་། ཤེས་ཚད་མཐོ་བའི་སློབ་མ་རྣམས་དོ་སྣང་མི་ཉམས་པའི་ཆེད་དུ། ཁོང་ཚོའི་ཆེད་དུ་ཆ་ཤས་ལེན་རྒྱུ་གཉིས་པ། དེ་གཉིས་ཀ་དོ་སྣང་མི་མཐུན་ནས་གནས་ཐབས་སུ་རྣམ་འགྱུར་སྒམ་པོ་དང་། སྐབས་རེ་དྲག་གཅུན་ཡང་བྱེད་བཞིན་ཡོད། དེ་བཞིན་སློབ་ཚན་ཆེ་ས་ནས་ཆུང་སར་འབབ་ཐབས་བྱེད་པ་དང་། དོག་ས་ནས་ཡངས་པར་ཁྲིད་ཐབས་བྱེད་རྒྱུ་འདི་རིགས་ཀྱིས་ཅུང་ཟད་ཕན་ཐོགས་སྣང་།

༦    དྲི་བ་འདི་དག་ནང་མ་ཐེ་བའི་དགོངས་ཚུལ་ཅི་ཡོད་གསུངས་རོགས།
    ལན། རང་ཉིད་ཀྱིས་དགེ་རྒན་ཞིག་ལ་ལྟ་ཚུལ་ནི། དང་པོ་རང་ཉིད་དགེ་རྒན་མ་བྱས་པའི་སྔོན་དང་། དགེ་རྒན་བྱས་ནས་རྒྱུན་རིང་པོ་མ་སོང་བའི་དབར། དེང་སྐབས་བཅས་སོ་སོར་མི་འདྲ་བ་རེ་བྱུང་། རང་ཉིད་དགེ་རྒན་མ་བྱས་པའི་སྔོན་ལ། དགེ་རྒན་གྱིས་སློབ་མའི་ཤེས་ཡོན་གནས་ཚུལ་ཁོ་ནར་དམིགས་མཁན་ཞིག་དགོས་པར་མཐོང་བ་དང་། དགེ་རྒན་དང་པོ་བྱས་པའི་གནས་སྐབས་སུ། དགེ་རྒན་གྱིས་སློབ་མའི་ཤེས་ཡོན་གནས་ཚུལ་མ་ཟད། སློབ་མའི་མ་འོངས་པའི་འཚོ་གནས་ཐུབ་པའི་ཕྱོགས་སུ་འཁྲིད་དགོས་པ་ཤེས་རྟོགས་བྱུང་ལ། དེ་ནས་རིམ་པར་སློབ་མ་སྐྱེད་སྲིང་བྱ་སྐབས། མི་རིགས་དང་། རྒྱལ་ཁབ། མ་འོངས་པའི་ཆེད་སོགས་རིམ་པ་གསལ་ལ་མི་གསལ་བ་མང་པོ་ཞིག་ལ་བསམ་གཞིགས་བྱེད་དགོས་པའི་གནས་ཚུལ་དེ་དག་རིམ་པར་ར་སྤྲོད་བྱུང་། གནས་ཚུལ་འདི་དག་ནི་མཐོ་སློབ་ཀྱི་དགེ་རྒན་ཞིག་གི་རྒྱབ་ཏུ་ཡོད་པའི་ཁུར་པོ་ལྗིད་ཤོས་ཤིག་ཡིན་པའང་ར་འཕྲོད། དེས་ན་མཐོ་སློབ་ཀྱི་དགེ་རྒན་ཞིག་ཡིན་ན། རང་ཉིད་ཅིའི་ཕྱིར་དུ་དགེ་རྒན་བྱེད་ཀྱིན་ཡོད་པ་དང་། མི་རིགས་འདིའི་གནས་བབ། མི་རིགས་འདི་ཉིད་མུ་མཐུད་ནས་གནས་ཆེད། དེ་ཙམ་དུ་མ་ཟད་རིག་གཞུང་ཡང་མུ་མཐུད་ནས་གནས་ཐུབ་པ། དགོས་མཁོ་ཡོད་པ། བེད་སྤྱོད་ཡོད་པ། མུ་མཐུད་ནས་མི་རིགས་འདི་ལ་ཞབས་འདེགས་ཞུ་ཐུབ་པའི་ནུས་ལྡན་དུ་བསྒྱུར་བ་སོགས་ལས་དོན་མང་པོ་ཞིག་གི་སྣེ་ན་འགྱིངས་ཡོད་པས། ད་ལྟའི་བོད་ཀྱི་མཐོ་སློབ་ཁག་གི་དགེ་རྒན་བྱེད་རྒྱུ་དེ་ལས་སླ་བོ་ཞིག་རྩ་བ་ནས་མིན། དེ་ལ་བརྟེན་ནས། དགེ་རྒན་ཞིག་ན། སློབ་སྦྱོང་ལ་དགའ་ཙམ་དུ་མ་ཟད། མུ་མཐུད་ནས་སློབ་སྦྱོང་བྱེད་མཁན་ཞིག་དང་། དབྱེ་ཞིབ་བྱེད་མཁན་ཞིག ཆུ་སྣ་གར་ཁྲིད་མ་ཡིན་པར་རང་ཚུགས་ཡོད་མཁན། རང་ཚུགས་བཟུང་བ་དེ་ཡང་དོན་དངོས་དང་འཚམ་པ། དེ་བཞིན་གཞན་གྱི་བསམ་ཚུལ་དང་ལེན་བྱེད་ཕོད་པ་བཅས་ནི་དེང་སྐབས་བཙན་བྱོལ་བོད་ཀྱི་མཐོ་སློབ་ཁག་གི་དགེ་རྒན་རྣམས་ལ་དགོས་པར་མངོན། གནས་ཚུལ་འདི་ལ་བརྟེན་ནས་འགན་འཁུར་བའི་དགེ་རྒན་ཞིག་བྱེད་འདོད་ན་རང་ཉིད་ལ་བསམ་གཞིགས་ཡག་པོ་ཞིག་གཏོང་རྒྱུ་ནི་གལ་ཤིན་ཏུ་ཆེ།

        ཞེས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་མིང་འཛིན་པ་བསོད་ནམས་རྒྱལ་མཚན་གྱིས་༢༠༡༢།༡༢།༧ཉིན་རང་ཤག་ཏུ་གང་དྲན་དུ་བྲིས།


གསལ་བཤད།  བཅར་འདྲི་འདི་ནི་་འོད་ཐུགས་གསར་ཤོག་འདོན་ཐེངས་ནང་འོད་ཐིག་རྩོམ་སྒྲིག་པས་བཀོད་ཅིང་དེ་ནས་དྲ་ལམ་དུ་བཀོད་པ་ཞིག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།