བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

སེམས་གཏིང་གི་དམ་བཅའ་དང་དཀའ་སྡུག་དེ་བཤད་ཐུབ་བྱུང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡།༦ཉིན་སྤེལ། འདི་ག་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་ལ་ཁོ་མོའི་མི་ཚེ་ནང་མངོན་སུམ་གྱི་དཀའ་སྡུག་གང་འདྲ་མྱངས་མིན་དང་། བཙན་བྱོལ་དུ་འབྱོར་ནས་ཕན་ཐོགས་ག་འདྲ་བྱུང་མིན་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་ཞིག་གཤམ་དུ་བཀོད་ཡོད་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དགྱེས་གཟིགས་ཡོད་པ་ཞུ།

༡ ཐོག་མར་ཁྱེད་རང་གི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས་གནང་།
ལན། ངའི་མིང་ལ་ཨ་བདེ་ཟེར་གྱི་ཡོད། ད་ལོ་ལོ་༨༣ལ་སླེབས་ཡོད། ཕ་ཡུལ་བོད་ཁམས་དཀར་མཛེས་ཕྱོགས་ནས་ཡིན། ངའི་ཨ་ཕའི་མིང་ལ་རྡོ་རྗེ་རབ་རྟེན་དང་ཨ་མའི་མིང་ལ་བསོད་ནམས་སྒྲོལ་མ་ཟེར་གྱི་ཡོད། ང་ལ་སྤུན་མཆེད་བུ་གསུམ་དང་བུ་མོ་ཆུང་བ་གཅིག་བཅས་ནང་མི་བདུན་ཡོད་རེད། ངའི་ཨ་ཕ་ཐོག་མར་དམག་རྟ་འཚོ་མཁན་ཞིག་རེད།

དེ་ནས་དམག་མིའི་བློན་དཔོན་དང་ཁྲིམས་དཔོན་བཅས་རིམ་བཞིན་གོ་གནས་འཕར་བ་དང་ལྷན་ཁྱིམ་ཚང་ཡང་ཕྱུག་པོར་གྱུར་བ་རེད། སྐབས་དེ་དུས་ང་རང་ཡང་རྒྱ་སེ་མེ་ཏོག་ནང་བཞིན་མཛེས་སྡུག་ལྡན་ལ་ལོ་༢༢སྐབས་ཆང་ས་བརྒྱབ་པ་ཡིན། ང་རང་ལ་ཕྲུ་གུ་གཉིས་ཡོད་པ་མ་ཟད་སེམས་ལ་དཀའ་ངལ་སོགས་གང་ཡང་མེད། མཛེས་སྡུག་རྣམ་པར་བཀྲ་བའི་ཕ་ཡུལ་གྱི་ཞིང་ས་དེར་ཚེ་སྟོད་ཀྱི་དུས་བདའ་བར་བྱས་པ་ཡིན།

༢ ཁྱེད་རང་ཆབ་སྲིད་བཙོན་པ་ཆགས་པའི་བརྒྱུད་རིམ་ངོ་སྤྲོད་ཞིག་གནང་རོགས་གནང་།

ལན། ༡༩༥༠ཐམ་པའི་ལོར་རྒྱ་ནག་གཞུང་གིས་དམག་ཁྲི་ཚོ་གསུམ་བོད་ལ་བཙན་འཛུལ་བྱེད་པར་བཏང་ཡོད་འདུག ཐོག་མར་རྒྱ་དམག་ཚོས་བོད་མི་རིགས་ཀྱི་བླ་མ་དང་། སྤྲུལ་སྐུ། ཤེས་ཡོན་ཅན། ཕྱུག་བདག་མི་སྣ་དག་སུ་ཡིན་མིན་རྒྱུས་མངའ་ལོན་པ་བྱས་ཏེ། དེ་ནས་རིམ་བཞིན་བཙོན་དུ་འཇུ་བཟུང་བྱས་ཤིང་སྡུག་སྦྱོང་ཚད་མེད་མྱངས་བཅུག་པ་དང་། ངའི་ཨ་ཕ་དང་ཁྱོ་ག་གཉིས་ཡང་ཡ་ང་སྙིང་རྗེ་མེད་པའི་གུང་ཁྲན་རིང་ལུགས་པའི་རྒྱ་མི་ཚོས་དུག་སྤྲད་ནས་སྡུག་གསོད་བཏང་བ་རེད།

དེ་རྗེས་ངས་མི་རིང་བར་བོད་ཀྱི་བུ་མེད་གསང་བའི་ཚོགས་ཆུང་ཞིག་བཙུགས་པ་ཡིན། དེའི་ནང་བུ་མེད་༥༠ལྷག་འདུ་འཛོམས་བྱུང་ནས་བོད་ཀྱི་འཇབ་དམག་རྣམས་ལ་ལྟོ་ཆས་སྐྱེལ་འགྲེན་དང་རྒྱ་དམག་གི་གནས་ཚུལ་ག་རེ་བྱུང་མིན་ལན་སྐྱེལ་མཁན་བྱས་པ་ཡིན། མཐར་འཇུག་རྐྱེན་ངན་འཕྲད་ནས་ལམ་ལྷོང་མ་བྱུང་བར་རྒྱ་དམག་གིས་ཤེས་ཏེ། རྒྱུ་མ་ཕུ་འདེད་བྱས་ནས་ང་རང་འཛིན་བཟུང་བྱས་བྱུང་།

༣ བཙོན་པ་བྱེད་སྐབས་དཀའ་སྡུག་ག་རེ་མྱངས་མིན་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས།
ལན། དེ་རྗེས་ང་རང་རྒྱ་དམག་གིས་འཛིན་བཟུང་བྱས་ནས་གསར་བརྗེའི་ངོ་ལོག་པའི་མིང་བཏགས་པ་ཐོག་མའི་གྲལ་ཡིན་བྱུང་། སྒོ་བྱང་ཞིག་གི་སྟེང་གསར་བརྗེའི་ངོ་ལོག་པ་རེད་ཟེར་བའི་ཡི་གེ་ཞིག་སྐེ་ལ་གཡོགས་ནས་སྡུག་སྦྱོང་སྣ་དགུ་བཏང་བྱུང་། དེ་ཡང་གལ་གནད་ཆེ་བ་གསུམ་ཞུས་ན། སེན་མཛུབ་བར་དུ་སྨྱུག་མ་བཙུགས་ནས་གསར་བརྗེའི་ངོ་ལོག་པ་ཞེས་ཁྱེད་ལ་བརྒྱུད་སྐུལ་བྱེད་མཁན་སུ་རེད་ཅེས་དྲིལ་བསྒྲགས་བྱས་ཤིང་མནར་གཅོད་བཏང་བ་དང་།

གསར་བརྗེའི་ངོ་ལོག་པ་བྱས་ན་ཡོང་རྒྱུ་འདི་རེད་ཟེར་ནས། མེ་རོའི་ནང་དུ་སེ་པན་བདུགས་ནས་དུ་བ་དག་ཁ་མིག་སྣ་གསུམ་གྱི་ནང་འཛུལ་བཅུགས་ཏེ། རང་དབང་མེད་པར་ཁ་ཆུ་དང་སྣ་ཆུ་འཛར་བ་དང་། སྡུག་སྦྱོང་ཁྲིམས་མེད་བཏང་རྐྱེན་དྲན་མེད་དུ་བརྒྱལ་འགྲོ་བ། སྐབས་དེ་དུས་ངའི་རྣ་ཅོག་གཅིག་བེད་མེད་དུ་ཆགས་པ་རེད།
ཡང་ལོ་ཁ་ཤས་ཀྱི་རྗེས་སུ་བཙོན་པ་ཚང་མ་ངལ་རྩོལ་བསྒྱུར་བཀོད་བྱེད་བཅུག་སྟེ། བཙོན་པ་༡༢༠༠༠ནང་ནས་ཁ་ཤས་མ་གཏོགས་ལྟོག་ཤི་ཐེབས་བཅུག་ནས་གྲོངས་པ་རེད།

༤ དུས་བཀག་བཙོན་འཇུག་ལོ་ག་ཚོད་དང་བཙོན་པའི་ནག་ཉེས་གང་རེད་དམ།
ལན། དུས་བཀག་བཙོན་འཇུག་ལོ་༢༧དང་། ནག་ཉེས་གཙོ་བོ་གསར་བརྗེའི་ངོ་ལོག་པ་ཞིག་དང་། ཏཱ་ལའི་བླ་མིའི་རྗེས་འབྲངས་པ་རེད་ཟེར་གྱི་ཡོད་པ་རེད།

༥ བཙན་བྱོལ་ལ་འབྱོར་བའི་བརྒྱུད་རིམ་ཇི་ལྟར་ཡིན་ནམ།
ལན། སྐབས་དེར་རྒྱ་ནག་སྲིད་འཛིན་ཏིང་ཞའོ་ཕིང་གི་སྐབས་སུ་སྲིད་བྱུས་གུ་ཡངས་ཕྲན་བུ་ཕྱིན་ཡོད་པ་རེད། ངས་སྐབས་དེ་དུས་གཅེན་པོར་ཐུག་ཏུ་བལ་ཡུལ་ལ་འགྲོ་དགོས་པའི་རྒྱུ་མཚན་དང་། གཅེན་པོ་ལོ་ན་བགྲེས་པོ་ཡིན་པས་ཚུར་བོད་ལ་ཁྲིད་ཡོང་རྒྱུ་ཡིན་པ་བཅས་བཤད་པས། རྒྱ་དཔོན་ཚོ་ཡིད་ཆེས་ནས་ང་རང་བལ་ཡུལ་དུ་གཅེན་པོར་ཐུག་ཏུ་བཏང་བྱུང་།

༦ བཙན་བྱོལ་ལ་ཕེབས་པའི་རྗེས་ལ་ཕན་ཐོགས་གང་དང་གང་བྱུང་ཡོད་དམ།
ལན། ང་རང་བཙན་བྱོལ་ལ་སླེབས་པའི་རྗེས་ཕན་ཐོགས་གང་བྱུང་ཞུས་པ་ཡིན་ན། ངས་བཤད་བསམ་པའི་སེམས་གཏིང་གི་དམ་བཅའ་དང་དཀའ་སྡུག་རྣམས་ཏག་ཏག་༧གོང་ས་མཆོག་ལ་ཞུ་རྒྱུའི་གོ་སྐབས་བྱུང་བ་དང་། ཕྱིས་སུ་ཕྱི་རྒྱལ་ཡུལ་གྲུ་ཁག་བཅུ་ལ་བཅར་ནས། ངས་ལོ་མང་རིང་མྱངས་པའི་དཀའ་སྡུག ངའི་སྙིང་ཉེ་བའི་ཕ་མ་སྤུན་མཆེད་དང་བརྩེ་བའི་གྲོགས་ཕོ་མོ་རྣམས་དཀའ་སྡུག་འོག་འདས་གྲོངས་སུ་ཕྱིན་ཞིང་མནར་གཅོད་མྱོང་བཞིན་པ་དེ་བྱིངས་རྣམས་གླེང་དུས། སེམས་སུ་བཟོད་དཀའ་བའི་ན་ཟུག་རྒྱབ་ཏུ་འཁུར་ནས་རྒྱལ་སྤྱིའི་སྡིང་ཆའི་ཐོག་རྒྱུད་བསྒྲགས་བྱེད་ཐུབ་པ་དེ་ཕན་ཐོགས་ཆེན་པོ་ཞིག་བྱུང་སོང་།


༧ ཁྱེད་རང་ལ་གོང་གི་དྲི་བ་དང་མ་འབྲེལ་བའི་དགོངས་འཆར་གང་ཡོད་དམ།
ལན། ངས་བསམ་ཚུལ་གང་བཤད་རྒྱུ་ཡོད་དམ་ཞུས་ན། དངོས་གནས་དྲངས་གནས་མ་འོངས་པར་༧རྒྱལ་བ་རིན་པོ་ཆེའི་བཀའ་གསུངས་སྒྲུབ་དགོས་རྒྱུ་དེ་རེད། ངས་རང་བཙན་གཙང་མ་ཡིན་ཟེར་ཡང་ངའི་གཟུགས་པོས་འཁྱོལ་ཐུབ་ཀྱི་མ་རེད། ལོ་ཆུང་ཆུང་ཚོ་ལ་བཤད་རྒྱུ་གང་ཡོད་ཞུས་ན། དབུ་མའི་ལམ་གྱི་ཐོག་ནས་༧གོང་ས་མཆོག་བོད་ལ་ཕེབས་ཐུབ་པའི་ཆེད་དང་བོད་གཞིས་བྱེས་གཉིས་མཉམ་འཛོམས་ཡོང་རྒྱུར་ཚང་མས་ཤེས་ཡོན་ལྡན་པའི་ངང་རྒྱ་ནག་གཞུང་ལ་བགྲོ་གླེང་བྱས་ཏེ་བོད་རང་བཙན་ཐོབ་ན་ཡག་ཤོས་དང་།

དེ་མིན་ཡང་དབུ་མའི་ལམ་གྱི་ཐོག་ནས་༧གོང་ས་མཆོག་རྩེ་པོ་ཏ་ལར་བཞུགས་པའི་ཐོག་གཞིས་བྱེས་གཉིས་མཉམ་འཛོམས་བྱེད་རྒྱུའི་དུས་བཟང་ཞིག་བྱུང་ན་ང་བོད་པ་ཡིན་བསམ་པའི་སྤོབས་པ་དེ་དུས་དང་རྣམ་པ་ཀུན་ཏུ་གོང་ནས་གོང་དུ་འཕེལ་བའི་སྨོན་ལམ་འདེབས་ཀྱི་ཡོད།

གཞན་ཡང་དབུ་མའི་ལམ་གྱི་ཐབས་ལམ་དེ་སྒྲུབ་ན་འཛམ་བུ་གླིང་གིས་རྒྱབ་སྐྱོར་བྱེད་ཀྱི་འདུག རང་བཙན་གཙང་མ་ཡིན་ཟེར་ན་དགྲ་འཛིན་མཁན་ལས་རྒྱབ་སྐྱོར་བྱེད་མཁན་དཀོན་པོ་རེད་འདུག ང་ཚོ་བོད་པ་དེ་མི་ཉུང་ཉུང་རེད།

དེར་བརྟེན་ཚང་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པ་ཡིན་ན་དགྲ་བོ་ཡོད་མ་རེད་ལ་ཕན་ཚུན་གསོད་རེས་ཡང་བྱེད་དགོས་མ་རེད། འཛམ་བུ་གླིང་གིས་རོགས་པ་བྱེད་ངེས་རེད། ང་རང་སྔོན་མ་ཕྱི་རྒྱལ་ལ་བསྐྱོད་སྐབས་ཤེས་ཡོན་དང་ལྡན་པའི་ཕྱི་རྒྱལ་བུ་མོ་ཞིག་དང་ཐུག་རྒྱུའི་གོ་སྐབས་བྱུང་སོང་། དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད། རང་བཙན་རྩོད་པ་ཡིན་ན། དགྲར་འཛིན་མཁན་ལ་ང་ཚོས་རོགས་པ་བྱེད་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན། དམག་རྒྱག་པའི་ལག་ཆ་གང་ཡང་མེད།

དབུ་མའི་ལམ་ལ་ཁོང་ཚོས་རོགས་སྐྱོར་ཡོད་འཛམ་བུ་གླིང་ལ་ཞི་བདེ་དང་བདེ་སྐྱིད་དགོས་རྒྱུ་དེ་རེད། ༧རྒྱལ་བ་རིན་པོ་ཆེ་ཡིས་དབུ་མའི་ལམ་དེ་དཔེ་མི་སྲིད་པའི་ཡག་པོ་དང་གཞན་དང་མི་འདྲ་མཁན་ཞིག་རེད། རྒྱ་མི་ཁོང་ཚོ་ཡང་བདེ་སྐྱིད་ཡོད་རེད་མི་ཤི་ནི་མ་རེད་ལ། བོད་པ་ཚང་ལ་ཡང་བདེ་སྐྱིད་ཐོབ་སྟེ་ཕ་ཡུལ་ལ་ཕྱིན་ནས་རང་དབང་ཐོབ་ཀྱི་རེད་ཅེས་བཤད་ཀྱི་འདུག

འཛམ་བུ་གླིང་ལ་བདེ་སྐྱིད་ཐོབ་ནས་བདེ་ལ་འཁོད་ཀྱི་ཡོད་དུས་ཕྱི་རྒྱལ་བ་ཚང་མས་རྒྱབ་སྐྱོར་བྱེད་ཀྱི་འདུག ཚང་མས་བསམ་པ་གཅིག་མཐུན་གྱི་ཐོག་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ང་མ་རྒས་མ་ཤི་གོང་གི་རེ་བ་ཆེན་པོ་དེ་ཞུ་རྒྱུ་ཡིན།


 གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།