བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

འདབ་གཤོག་གཉིས་ལྡན་གྱི་བོད་མི་བཟང་པོ་བཟོ་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༥།༡།༥ཉིན་སྤེལ། ༄༅།།བཞུགས་སྒར་དུ་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་ཆ་འཕྲིན་གསར་ཁང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མི་རྗེ་ཤེས་རིག་བཀའ་བློན་མཆོག་ལ་བཅར་འདྲི་ཞུས་པ་ཞིག་གཤམ་དུ་བཀོད་ཡོད་པར་རྒྱས་གཟིགས་གནང་སྐྱོང་ཡོད་པ་ཞུ།­­­­­

༡ ཐོག་མར་སྐུ་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས་གནང་།

ལན། ངའི་མིང་ལ་དངོས་གྲུབ་ཚེ་རིང་ཞུ་ཡི་ཡོད། སྐྱེས་ས་བོད་ལ་རེད། ཡིན་ན་ཡང་༡༩༥༩ ཕྲུ་གུའི་སྐབས་རྒྱ་གར་ལ་འབྱོར་བ་རེད། དེ་ནས་བོད་གཞུང་སློབ་གྲྭའི་ནང་ལོ་༡༡རིང་སློབ་སྦྱོང་བྱས་རྗེས་ཅཱལ་དྷི་སྒར་མཐོ་རིམ་སློབ་གྲྭའི་ནང་ལ་སློབ་སྦྱོང་བྱས་ནས་སློབ་གྲྭ་ཐོན་པ་དང་བོད་མི་མང་སྤྱི་འཐུས་སྐབས་བདུན་པའི་དབུས་གཙང་སྤྱི་འཐུས་ནང་ལ་འདེམས་ཐོན་བྱུང་བ་རེད། ལོ་གསུམ་རིང་ལ་སྤྱི་འཐུས་ལས་རྒྱུན་ཞབས་ཕྱི་ཞུས་པ་ཡིན། དེ་རྗེས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནང་ལ་དྲུང་གཞོན་གྱི་ལས་ཀའི་ཐོག་ལ་བསྐོ་གཞག་གནང་སོང་། ལོ་ལྔའི་རྗེས་ལ་ནང་སྲིད་ལ་འཕོས་པ་རེད། དེ་རྗེས་གནས་སྤར་དང་སྦྲགས་ཟློས་གར་འགན་འཛིན་ལ་འཕོས་པ་རེད། དེ་ལ་ལོ་ལྔ་མིན་ཙམ་ཞབས་ཕྱི་ཞུས་པ་ཡིན། དེ་ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་བཞག་གནང་བ་རེད།

དེ་ལ་ལོ་བཞི་ལྷག་ཙམ་ཞིག་རིང་དྲུང་ཆེ་བྱས། དེ་ནས་འཁྱུག་ཙམ་ཞིག་ནང་སྲིད་དྲུང་ཆེ་ལ་བསྐོ་བཞག་གནང་སོང་ཡང་དེ་ལ་རྒྱུན་རིང་པོ་བསྡད་རྒྱུ་བྱུང་མ་སོང་། གང་ཡིན་ཟེར་ན། ཨ་རི་ལ་ངའི་ནང་མི་ཚོ་ཕྱིན་པ་རེད།

༢༠༠༠ལོར་ལས་བྱེད་ནས་རྩ་དགོངས་ཞུས་ནས་ནང་མི་ཟླ་སྒྲིལ་བྱས་སྟེ་ཨ་རི་ལ་ཕྱིན་པ་ཡིན། ཨ་རི་ལ་སླེབས་པའི་རྗེས་ལ་བོད་མིའི་སྤྱི་མཐུན་ཚོགས་པའི་ནང་ལ་ཞབས་ཕྱི་མི་ཉུང་བ་ཞིག་ཞུས་པ་ཡིན། ༢༠༡༡ལོར་དཔལ་ལྡན་སྲིད་སྐྱོང་སྐུ་ངོས་བློ་བཟང་སེང་གེ་ལགས་འོས་འདེམས་བྱུང་བ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་ཕལ་ཆེར་༼ངས་དེ་སྔོན་ཤེས་རིག་གི་དྲུང་གཞོན་དང་དྲུང་ཆེ་བྱས་ནས་སྔ་རྗེས་ལོ་ཁ་ཤས་རིང་ཞབས་ཕྱི་ཞུས་པ་ཡིན་ཙང་ཉམས་མྱོང་གཏོགས་ཙམ་ཡོད་རེད། དེ་ཡིན་པའི་ཆ་ནས་མིན་ནམ་༽གང་ལྟར་དབུས་བོད་མིའི་སྒྲིག་འཛུགས་ནང་ཤེས་རིག་གི་དྲུང་ཆེའི་ལས་ཀ་བྱེད་པར་ཡོང་ཐུབ་ན་ཡག་པོ་འདུག་གསུང་གི་འདུགརྒྱུན་གཏན་ང་རང་གི་བསམ་བློའི་ནང་ལ་བོད་པའི་སྤྱི་ཚོགས་ཐོག་ལ་ཞབས་ཕྱི་ཞུ་ཐུབ་ན་བསམ་གྱི་ཡོད། གཙོ་བོ་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་དང་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་བཀའ་དྲིན་ཆེན་པོ་བསྐྱངས་ཡོད་རེད།

བསམ་བློ་དེ་རྟག་པར་འཁོར་ཡོང་དུས་ང་རང་གི་ངོས་ནས་གང་ཐུབ་ཐུབ་ཞབས་ཕྱི་ཞུ་བསམ་པ་ཞིག་དྲན་སོང་། ང་རང་གི་བཟའ་ཟླ་ནས་ཀྱང་མོས་མཐུན་རྒྱབ་སྐྱོར་གནང་བྱུང་། དེར་བརྟེན་ལོ་གཉིས་རིང་ཞབས་ཕྱི་ཞུ་བར་བཅར་བ་ཡིན།  ལོ་གཉིས་ཚར་བའི་རྗེས་ལ་ཡང་བསྐྱར་ལོ་གཅིག་བསྡད་དགོས་ཡོད་གསུངས་ཀྱི་འདུག་ལོ་གཅིག་བསྡད་་རྒྱུའི་མཁས་ལེན་ཞུས་པ་ཡིན། དེའི་རིང་ཤེས་རིག་བཀའ་བློན་གྱི་འགན་འཁུར་བྱེད་དགོས་རེད་ཅེས། སྐུ་ངོས་སྲིད་སྐྱོང་གི་བཀའ་ཕེབས་སོང་། གྲོས་ཚོགས་ནང་ལའང་དེའི་ཐོག་སྤྱི་མོས་ཕྱིན་པ་རེད། ༢༠༡༤་ཟླ་ ༩ ཚེས་ ༡༧ ནས་བཀའ་བློན་གྱི་འགན་འཁུར་ཞུ་བཞིན་པ་ཡིན།

༢ སྐུ་ཉིད་ཤེས་རིག་ཀྱི་ཕྱག་ལས་ནས་དུས་ཡུན་གང་ཙམ་ཕྱིན་པའི་ནང་ལ་ཤེས་རིག་ལས་ཁུངས་ཀྱི་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཡོད་དམ།

ལན། ཤེས་རིག་ལས་ཁུངས་ཁྱབ་ཁོངས་ད་ལྟའི་འཆར་སློབ་གྲྭ་ཁག་༧༦ཡོད་རེད། རྒྱ་གར་གཙོ་བོ་བྱས་བལ་ཡུལ་ལ་སློབ་གྲྭ་༡༢ཡོད། དེའི་ཚོའི་ནང་སློབ་ཕྲུག་སྟོང་ཕྲག་༢༤ཙམ་ཡོད། དེ་ཚོ་ལ་གཞི་རིམ་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་མཐུན་རྐྱེན་སྦྱར་ཡག་ཤེས་ཡོན་གྱི་གོ་སྐབས་ཕུལ་ཡག ཤེས་ཡོན་གྱི་གནད་དོན་རྟོག་ཞིབ་འཇུག་བྱེད་རྒྱུ་བཅས་ལས་འགན་གཙོ་བོ་དེ་རེད། དེ་ནས་གཞི་རིམ་སློབ་གྲྭ་ཐོན་ཚར་བའི་རྗེས་ལ་མཐོ་རིམ་སློབ་གྲྭ་རྒྱ་གར་ནང་དང་ཕྱི་རྒྱལ་ཁག་ལ་སློབ་མ་ཚོ་སློབ་སྦྱོང་གི་གོ་སྐབས་ཆེད་དུ་བཏང་ཡག་གི་སློབ་ཡོན་དང་གོ་སྐབས་འཚོལ་བ་དེ་ཚོ་ཚང་མ་ཤེས་རིག་ལས་ཁུངས་ཀྱི་བྱེད་ཀྱི་ཡོད་པ་རེད། 

ཡང་ཕྱོགས་གཞན་ཞིག་ནས་ཕ་མ་ཉམས་ཐག་གི་ཕྲུ་གུ་སློབ་གྲྭ་ལ་བཏང་མི་ཐུབ་པ་དཀའ་ངལ་ཡོད་མཁན་གྱི་རིགས་ལ་སྦྱིན་བདག་འཚོལ་ནས་འགན་འཁུར་བཞེས་ཀྱི་ཡོད་རེད། ཆབས་གཅིག་སློབ་གྲྭ་དེ་ཚོའི་ནང་ལ་བོད་ཡིག་སྔོན་འགྲོ་ནས་འཛིན་གྲྭ་༡༢་བར་དུ་བསླབ་གཞི་རྩ་འཛིན་གྱི་མཚོན་ཀློག་དེབ་ཡོངས་རྫོགས་ཤེས་རིག་ལས་ཁུངས་ཀྱི་བཟོ་ཡི་ཡོད་རེད། 

དེ་དང་ཆབས་གཅིག་འཛིན་གྲྭ་ལྔ་པ་བར་དུ་དབྱིན་ཡིག་མ་གཏོགས་སློབ་ཚན་ཚང་མ་བོད་ཡིག་གི་ལམ་ནས་བསླབ་ཀྱི་ཡོད་རེད། དེའི་བསླབ་གཞི་རྩ་འཛིན་དང་ཀློག་དེབ་བཟོ་རྒྱུ་ཚང་མ་འགན་འཁུར་བཞེས་ཀྱི་ཡོད་རེད། སྤྱི་ཡོངས་ཀྱི་ཆ་ནས་མདོར་བསྡུས་ན་ཤེས་རིག་གི་ལས་འགན་དེ་མ་འོངས་པའི་མི་རབས་གསར་པ་འཛུགས་བསྐྲུན་བྱེད་ཆེད་ཀྱི་འགན་འཁུར་གྱི་ཡོད་རེད་ཞུ་རྒྱུ་ཡིན། 

ད་ལྟའི་འཆར་གཙོ་བོ་༧སྐྱབས་མགོན་རིན་པོ་ཆེ་ཡི་ཐུགས་རྗེའི་བཀའ་དྲིན་དང་ཡང་རྒོད་སྲིད་སྐྱོང་གིས་དབུ་འཁྲིད་པའི་བཀའ་ཤག་སྐབས་༡༤པའི་ཐོག་ནས་ཤེས་ཡོན་གལ་ཆེ་ཤོས་དེ་བརྩི་ཡི་ཡོད་པ་ཡིན་ཙང་། ཤེས་ཡོན་གྱི་གནས་སྟངས་དེ་ཚོ་གང་ཡག་ཡག་རེད། ང་ཚོ་བཙན་བྱོལ་པའི་ལོ་རྒྱུས་ནང་ལ་ཤེས་ཡོན་གྱི་གྲུབ་འབྲས་དེ་གྲུབ་འབྲས་གལ་ཆེ་ཤོས་ཤིག་བརྩི་ཡི་ཡོད་རེད།

ད་ལྟ་ང་ཚོའི་སྒྲིག་འཛུགས་ཀྱི་འགན་འཁུར་མཁན་ཚོ་ལ་གཟིགས་པ་ཡིན་ན་ཡང་སྐུ་ངོ་སྲིད་སྐྱོངས་རེད། ཚོགས་གཙོ་རེད། དེ་ག་ནང་བཞིན་ཁྲིམས་ཞིབ་པ་ཆེ་བ་རེད། དེས་མཚོན་པའི་ལས་བྱེད་བརྒྱ་ཆ་དགུ་བཅུ་གོ་ལྔ་ནས་གོ་བདུན་བར་སློབ་གྲྭ་དེ་ཚོ་ནས་ཐོན་ཡོང་བའི་སློབ་ཕྲུག་རྐྱང་རྐྱང་ཆགས་ཀྱི་ཡོད་རེད། དེ་དང་ཆབས་གཅིག་སློབ་གྲྭ་ཁག་གི་དགེ་རྒན་དང་དབུ་འཛིན་དང་སློབ་སྤྱི་དེ་ཚོ་མང་ཆེ་བ་སློབ་གྲྭ་དེ་ཚོའི་ནང་ནས་ཐོན་པ་ཤ་སྟག་རེད། སྤྱི་ཡོངས་ཀྱི་ཆ་ནས་ཤེས་ཡོན་གྱི་གྲུབ་འབྲས་དེ་གྲུ་འབྲས་ཧ་ཅང་ཆེན་པོ་རེད་བསམ་གྱི་འདུག 

༣ ཤེས་རིག་ལས་ཁུངས་གསར་འཛུགས་བྱས་ནས་ད་ལྟ་བར་ལོ་ངོ་༥༤ལྷག་འགྲོ་ཡི་ཡོད་པ་རེད། ཤེས་རིག་ལས་ཁུངས་ཀྱི་ལས་དོན་གཙོ་བོ་དེ་ག་རེ་རེད་དམ། ལས་དོན་གཙོ་བོ་དེ་སྒྲུབ་ཕྱོགས་ཀྱི་ཐད་ལ་སྡེ་མཚན་ཁག་མི་འདྲ་བ་ག་ཚོད་ཡོད་དམ། དེ་དག་གི་ལས་དོན་གཙོ་བོ་གང་དང་གང་རེད་དམ།
ལན། ང་ཚོ་ཤེས་རིག་ལས་ཁུངས་ཀྱི་ལས་དོན་གཙོ་བོ་དེ་མི་རབས་གསར་པ་ཚོ་ལ་དེང་རབས་དང་སྲོལ་རྒྱུན་ཟུང་འབྲེལ་གྱི་ཐོག་ནས་༧གོང་ས་མཆོག་གི་དུས་རྒྱུན་བཀའ་གནང་བ་ལྟར།  འདབ་གཤོག་གཉིས་ལྡན་གྱི་བོད་མི་བཟང་པོ་ཞིག་བཟོ་རྒྱུ་དེ་རེད། ཕྱོགས་གཅིག་ལ་དེང་རབས་ཀྱི་སློབ་སྦྱོང་དེ་ཡོད་པ་བྱས་ཕྱོགས་གཅིག་ལ་སྲོལ་རྒྱུན་གྱི་ཤེས་ཡོན་དེ་ཡོད་པ་བྱས་དེ་གཉིས་ཟུང་དུ་འབྲེལ་བའི་ཐོག་ནས་འཛམ་བུ་གླིང་འདིའི་ནང་ལ་ནམ་འཕངས་སྤྱད་ཐུབ་པ་ཞིག་བཟོ་དགོས་པ་རེད། དེ་ང་ཚོའི་ལས་འགན་གཙོ་བོ་དེ་རེད། 

སྡེ་ཚན་དབྱེ་འབྱེད་བྱེད་སྟངས་དེ་ཞུས་པ་ཡིན་ན། ང་ཚོ་ཤེས་རིག་ལས་ཁུངས་ནང་ལ་སྡེ་ཚན་ཆེ་བ་དྲུག་ཡོད་རེད། དེ་དག་ནི། འཛིན་སྐྱོང་སྡེ་ཚན་རེད། འཛིན་སྐྱོང་ཀྱི་ནང་ལ་རྩིས་ཀྱི་ཚན་པ། འཆར་གཞི་ཚན་པ། སྤྱིར་བཏང་ཚན་པ་ཟེར་ནས་སྡེ་ཚན་ཁག་གསུམ་ཡོད་རེད། དེ་ནས་ཤེས་ཡོན་སྡེ་ཚན་ཡོད་རེད། དེའི་ནང་སྲོལ་རྒྱུན་གྱི་ཤེས་ཡིན་ཚན་པ་དང་། དེང་རབས་ཀྱི་ཤེས་ཡོན་ཚན་པ་བྱས་ནས་སྡེ་ཚན་གཉིས་ཡོད་རེད། 

དེ་ནས་མདུན་ལམ་སྡེ་ཚན་ཡོད་རེད། དེ་སློབ་གྲྭ་ཁག་ནང་ལ་སློབ་ཕྲུག་གི་མ་འོངས་མདུན་ལམ་གྱི་སྐོར་ལ་སློབ་གསོ་སྤྲད་ཆེད་དང་། སློབ་སྟོན། ལམ་སྟོན་བཅས་བྱེད་མཁན་གྱི་ཚན་པ་ཞིག་ཡོད་རེད། དེ་ནས་མཐོ་རིམ་དང་གཞི་རིམ་སློབ་ཡོན་གྱི་སྡེ་ཚན་གཅིག་ཡོད་རེད། དེས་མཐོ་རིམ་སློབ་གྲྭའི་ནང་ལ་སློབ་མ་མུ་མཐུད་བཏང་ཐུབ་རྒྱུའི་ཆེད་དུ་འབད་བརྩོན་བྱེད་ཡག གཞི་རིམ་ཉམ་ཐག་ལ་སློབ་ཡོན་སྦྱར་ཡས་བཅས་རེད།

དེ་ནས་ཤེས་ཡོན་ལྷན་ཚོགས་ཀྱི་སྡེ་ཚན་ཞིག་ཡོད་རེད། ཤེས་ཡོན་ལྷན་ཚོགས་ཀྱི་ཐོག་ནས་བོད་ཡིག་ཀློག་དེབ་བཟོ་བ། སློབ་མཚན་གཞན་དག་ཚོ་ཡང་བོད་ཡིག་གི་ལམ་ནས་བསླབ་ཀྱི་ཡོད་དུས་དེའི་ཀློག་དེབ་བཟོ་བ། བསླབ་གཞི་རྩ་འཛིན་བཟོ་བ་སོགས་རེད།  དེ་ནས་བརྡ་ཆད་དང་རྩོམ་སྒྲིག་སྡེ་ཚན་རེད།  ཚན་རིག་དང་སྨན་དང་འཕྲུལ་ཆས་སོགས་ཀྱི་ཐ་སྙད་ཚང་མ་བོད་སྐད་ནང་གསར་གཏོད་དང་གཏན་འབེབ་གནང་གི་ཡོད་རེད། ཁྱོན་སྡོམ་པས་སྡེ་ཚན་ཆེ་བ་དྲུག་ཆགས་ཀྱི་འདུག

༤ སྐུ་ཉིད་ནས་ཤེས་རིག་ལས་ཁུངས་ཀྱི་ཕྱག་ལས་གནང་ནས་དུས་ཡུན་གང་ཙམ་ཕྱིན་པའི་ནང་ནས་དམིགས་བསལ་གྲུབ་འབྲས་ཆེ་བ་གང་དང་གང་བྱུང་ཡོད་དམ། གྲུབ་འབྲས་དེའི་སྐོར་ལ་གནད་འགག་ཆེ་བ་གཅིག་ནས་ལྔ་ཡང་ན་བཅུ་བར་གསུང་རྒྱུ་ཡོད་དམ། 

ལན།    ངའི་ལས་རྒྱུན་རིང་ཤེས་རིག་གི་གྲུབ་འབྲས་ཁག་ཅིག་བྱུང་བ་ནི། ཨ་རི་ནས་ཌོ་ལར་ས་ཡ་གཉིས་ ༢༠༠༠༠༠༠།༠༠ ༼དཔལ་ལྡན་སྲིད་སྐྱོང་ནས་ཐབས་ཤེས་གནང་བ་ཞིག་རེད།༽ འདི་བརྒྱུད་ནས་ལས་འཆར་གལ་ཆེན་མང་པོ་གསར་གཏོད་ཞུས་པ་རེད། དཔེར་མཚོན་ལྟ་བུར་ཞུས་ན། ༡། སྦུན་ཊར་དགེ་འོས་གསར་འཛུགས་ཞུས་ཡོད་རེད། ༢། དགེ་རྒན་ཟབ་སྦྱོང་ཐེངས་མང་འབུལ་ཡོད། ༣། མཐོ་རིམ་སློབ་ཡོན་ཤུགས་ཆེ་འབུལ་ཡོད། སྡ་ལོ་སློབ་ཡོན་གྲངས་ ༥༠༧ འབུལ་ཐུབ་པ་བྱུང་ཡོད། ༤། དགེ་རྒན་ཁྱད་མཁས་ཡར་རྒྱས་ཀྱི་ལས་གཞི་འགོ་འཛུགས་ཀྱིས་ད་ལྟ་སློབ་གྲྭ་མང་བའི་ནང་ལག་བསྟར་ཞུ་གི་ཡོད། ༥། བྱིས་པའི་ཀློག་རྩལ་སྐོར་དགེ་རྒན་ལ་སྦྱོང་བརྡར་ལས་འཆར་ཞིག་འགྲོ་མུས་ཡིན། འདི་བརྒྱུད་ནས།     བྱིས་སྒྲུང་དེབ་གྲངས་ ༤༠ སྐོར་རིང་མིན་གསར་འདོན་བྱ་འཆར་དང་དེབ་གྲངས་ ༡༥ བོད་བསྒྱུར་    འདོན་སྤེལ་བྱེད་འཆར། བྱིས་པའི་ཀློག་རྩལ་སྦྱོང་བརྡར་གྱི་ཁོངས་གཞི་རིམ་འོག་མའི་དགེ་རྒན་    ཡོངས་རྫོགས་སྦྱོང་བརྡར་སྤྲོད་ཐུབ་ཐབས་སོགས་རེད། ༦། སློབ་གྲྭའི་དཔེ་མཛོད་འགན་འཛིན་ལ་ཟབ་སྦྱོང་ཐེངས་གཉིས། ༧། ཚན་རིག་དང་ཨང་རྩིས་གཙོ་འགྱུར་སྐད་ཡིག་སློབ་སྦྱོང་གནད་སྨིན་སྤྲོད་ཐབས། ༨། སྨན་པའི་འཚུད་རྒྱུགས་ཟབ་འཁྲིད་སོགས་སྣེ་མང་བརྩམས།

༥ ༢༠༡༠ཟླ་བ་༩ནང་བཀའ་ཤག་གིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་ཇུས་ཀྱི་འབྲུ་དོན་བཞིན། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་འཛིན་སྐྱོང་སྒྲིག་གཞི་གཏན་འབེབས་དང་འབྲེལ། ལྷན་ཚོགས་ཀྱི་ཚོགས་མི་གསར་བསྐོ་དང་ལས་ཁུངས་དང་ལས་གཞི་གྲ་སྒྲིག་འགོ་འཛུགས་གནང་ནས་ལོ་བཞི་ལྷག་འགྲོ་ཡི་ཡོད་པ་རེད། ད་ལྟའི་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཀྱི་ཡོད་དམ།

ལན། ཤེས་ཡོན་ལྷན་ཚོགས་དེ་བཀའ་ཤག་ནས་མར་བསྐོ་བཞག་གནང་བ་རེད། ད་ལྟའི་འཆར་ཡག་ཐག་ཆོད་འགྲོ་ཡི་ཡོད་རེད། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་རེད། ཤེས་ཡོན་ལྷན་ཚོགས་ཀྱི་ལས་རྒྱུན་དེ་ལོ་གསུམ་ཚང་ནས། བཞི་པ་དེ་འགོ་འཛུགས་ཀྱི་ཡོད་རེད། དེའི་ནང་ལ་ཚོགས་མི་མཁས་པ་ཁ་ཤས་དང་། ཤེས་ཡོན་འགན་འཛིན་རྣམ་པ་བཅས་ཡོད། 
ད་ལྟའི་འཆར་ཚོགས་འདུ་ལོ་རེ་ལ་ཐེངས་རེ་ཚོགས་ཀྱི་ཡོད། དེའི་སྐབས་གྲོས་ཆོད་བཞག་གནང་བ་དེའི་ཐོག་ལ་ལག་ལེན་བསྟར་རྒྱུ་དེ་ཡག་ཐག་ཆོད་འགྲོ་བསྡད་ཀྱི་ཡོད། དཔེར་ན་དགེ་རྒན་གྱི་ལས་འབོར། འཛིན་གྲྭའི་ནང་སློབ་མའི་གྲངས་ཚད།་བསླབ་གཞི་རྩ་འཛིན་བཟོ་བཀོད། སློབ་དེབ་རྩོམ་བསྒྱུར་སོགས་གནང་ཡོད། 

༦ ཤེས་རིག་ལས་ཁུངས་ཀྱི་འོག་ལ་སློབ་གྲྭ་ཁག་མང་པོ་ཞིག་ཡོད་པས་དེ་ཚོ་མ་འོངས་པར་བོད་མི་རིགས་དེ་སྲ་བརྟན་དང་འཕེལ་རྒྱས་གཏོང་མཁན་ཞིག་ཆགས་ཡོད་ཀྱི་ཡོད་པ་རེད། འོན་ཀྱང་ད་ལྟའི་འཆར་སློབ་གྲྭ་དང་སྤྱི་ཚོགས་གཉིས་ཀའི་ནང་བོད་སྐད་དང་བོད་ཡིག་ལ་ཉམས་ཆགས་ཕྱིན་ཡོད་སྐོར་གསུང་མཁན་ཡོད་པ་རེད། དེའི་ཐོག་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་གནས་སྟངས་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། 

ལན། བོད་སྐད་ཉམས་ཆགས་གཏན་གཏན་འགྲོ་ཡི་འདུག ང་ཚོ་སློབ་གྲྭའི་ནང་ཡོད་པའི་སློབ་མ་ཚོ་ལ་བོད་སྐད་བརྒྱབ་བཅུག་པ་ཡིན་ན་ཡང་ཚིག་གྲུབ་ཐུང་ཐུང་ཞིག་ཡིན་ཡང་ཆ་ཚང་དང་གསལ་པོ་བྱས་ནས་བརྒྱབ་མི་ཐུབ་པ་འདྲ་པོ་ཆགས་ཀྱ་ཡོད་པ་དང་། སྐལ་ཡིག་གཞན་ངེས་པར་མཉམ་དཀྲིས་བཏང་དགོས་ཀྱི་ཡོད་པ་དེ་འདྲ་ཡོང་གི་འདུག
འོན་ཀྱང་བོད་ཡིག་གི་གནད་ཚད་དེ་ཡག་ཏུ་འགྲོ་དང་འདུག་སྡུག་ཏུ་འགྲོ་ཡི་འདུག་ཟེར་ཡོང་དུས། དེ་ཚད་འཇལ་ས་དེ་མེད་པ་ཡིན་དུས་སྤྱི་སྦོམ་བཤད་ཡག་མ་གཏོགས་ཡོད་མ་རེད། དེ་འདྲ་སོང་ཙང་ནཐའ་ཅིག་ཏུ་སྐྱོ་རུ་འགྲོ་འདུག་བཤད་རྒྱུ་ཁག་པོ་འདྲ་བོ་འདུག དཔེར་ན། བལྟ་ཡོང་དུས་བོད་ནས་ཕེབས་པ་བོད་ཡིག་ཡག་པོ་ཡོང་གི་འདུག དེ་འདྲའི་རྐྱེན་བྱས་སློབ་གྲྭ་ཁག་ཅིག་ནང་བོད་ཡིག་སློབ་སྦྱོང་གི་གནད་ཚད་ཡག་པོ་ཡོད་རེད། འོན་ཀྱང་ང་ཚོའི་འདོད་པ་ཁེངས་བ་ཞིག་འདུག་གམ་ཟེར་ན་འདོད་པ་ཁེངས་བ་ཞིག་ཡོད་མ་རེད། བོད་ཡིག་ཙམ་མ་རེད། ཨིན་བོད་གཉིས་ཀའི་ཐོག་ལ་གང་ལྟར་འདོད་པ་ཁེངས་བའི་གནད་ཚད་ཞིག་ཡོང་གི་མེད་པ་རེད། 

ཡང་སམ་བྷོ་ཊའི་ཁོངས་ལ་ཡོད་པའི་སློབ་གྲྭ་ ༡༡ དག་ནང་དེ་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་གྱི་ཡོད་རེད། དེའི་ནང་ཡོད་པའི་སློབ་མ་དེ་ཚོ་བོད་ཡིག་གི་ཐོག་ལ་ཡར་རྒྱས་ཡག་པོ་ཡོང་གི་འདུག ད་ལྟ་འཛིན་གྲྭ་ལྔ་པ་བར་མ་གཏོགས་ལག་ལེན་བསྟར་ཡོད་མ་རེད། རིམ་པས་འཛིན་རིམ་བརྒྱད་པ་བར་བསྟར་རྒྱུ་རེད། དེ་ནས་བོད་པའི་སྐད་དེ་གཏན་གཏན་ཉམས་ཆགས་འགྲོ་ཡི་ཡོད་པ་འདྲ་བོ་མཐོང་གི་འདུག དེའི་ཐོག་ལ་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཡིན་ཡང་དམིགས་བསལ་འབད་བརྩོན་བྱེད་ཀྱི་ཡོད་ལ་སློབ་གྲྭ་ཁག་དང་གཞིས་ཆགས་ཁག་ལ་བསྐྱོད་སྐབས་སློབ་ཕྲུག་དང་མང་ཚོགས་ལ་དོ་སྣང་བྱེད་དགོས་སྐོར་འབོད་བསྐུལ་སློབ་གསོ་ཞུ་བསྡད་ཀྱི་ཡོད།

༧ ད་ལྟའི་འཆར་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་སློབ་གྲྭ་ཁག་ནང་གི་སློབ་ཕྲུག་ཚོའི་ཤེས་ཡོན་ཆུ་ཚད་ཀྱི་ཐད་ལ་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

ལན། འབྲུག་ནང་ལ་སློབ་གྲྭ་ཡོད་མ་རེད། སློབ་གྲྭ་ཡོད་པ་ཚང་མ་རྒྱ་གར་དང་བལ་ཡུལ་ནང་ལ་ཡོད་རེད། ད་ལོ་ང་ཚོ་འཛིན་གྲྭ་༡༢་ནང་ནས་བརྒྱ་ཆ་༧༥ཡན་ལོན་མཁན་གྱི་སློབ་མ་༣༢༡ཡོད་རེད། ན་ནིང་སློབ་གྲྭ་ཐོན་མཁན་ཚོའི་ནང་ནས་བརྒྱ་ཆ་༧༥་ཡན་ལོན་མཁན་གྱི་སློབ་མ་༢༠༠ཙམ་ལས་ཡོད་མ་རེད། དེར་བརྟེན་ད་རེས་བརྒྱ་ཆ་མཐོན་པོ་ལེན་མཁན་ཞེ་དྲག་མང་དུ་ཕྱིན་ཡོད་རེད།

དེ་ལ་བལྟས་པ་ཡིན་ན་ཤེས་ཡོན་གནས་ཚད་སྐྱོ་བོ་འདུག་ལབ་ཐུབ་ཡག་ཡོད་མ་རེད། ལོ་གཅིག་གཉིས་ནང་ལ་རེད། གཙོ་བོ་སྲིད་སྐྱོངས་ནས་ཐུགས་འཁུར་ཆེན་པོ་གནང་ཡོད་རེད། ཤེས་ཡོན་དེ་བཀའ་ཤག་སྐབས་༡༤པས་གལ་ཆེ་ཤོས་ནང་ནས་ཆེ་ཤོས་ཤེས་ཡིན་ངོས་འཛིན་གསལ་བསྒྲགས་གནང་ཡོད་རེད། དེ་གནང་བ་ནང་བཞིན་སྲིད་སྐྱོངས་རང་ངོས་ནས་ཤེས་རིག་བཀའ་བློན་གྱི་འགན་འཁུར་ལོ་གཉིས་ལྷག་བཞེས་པ་རེད། ཕྱོགས་མང་པོ་ཞིག་ནས་བསྡོམ་བརྒྱབ་ཡོང་དུས་ཤེས་ཡོན་ཀྱི་ཐོག་ལ་སྔོན་མ་ལས་ཡག་ཏུ་ཕྱིན་ཡོད་པའི་བལྟ་སྟངས་ཤིག་ཆགས་ཡོད་རེད་ཞུས་ན་འགྲིགས་ཀྱི་འདུག 

༨ མ་འོངས་པར་ཤིས་རིག་ལས་ཁུངས་ཀྱི་ངོས་ནས་ཤེས་ཡོན་དང་འབྲེལ་བའི་ལས་འཆར་གང་དང་གང་ཡོད་དམ་དེའི་སྐོར་ལ་གཅིག་གསུང་རོགས་གནང་།

ལན། ལས་འཆར་མང་དག་ཡོད་རེད། འཆར་ཅན་གྱི་ཞུ་སྒོའི་ཐོག་དམིགས་བསལ་ཤུགས་སྣོན་བསྐྱོན་རྒྱུ་ཁག་ཅིག་གཤམ་གསལ། དགེ་རྒན་ཚད་ལྡན་གསོ་སྐྱོང་དང་། ཁྱད་མཁས་ཡར་རྒྱས་གཏོང་ཐབས་དང་འབྲེལ་བའི་དགེ་རྒན་ཡོངས་རྫོགས་ལ་ཟབ་སྦྱོང་སྤྲོད་ཐབས། གཞི་རིམ་འོག་མའི་ཤེས་ཡོན་སྲ་བརྟན་ཐོག་ཚན་རྩིས་དང་སྐད་ཡིག་སློབ་གསོ་གོང་འཕེལ། བྱིས་པའི་ཀློག་རྩལ་སྦྱོང་བརྡར་དང་འབྲེལ་བའི་བྱིས་སྒྲུང་དེབ་གང་མང་འདོན་ཐབས་སོགས་ཁག་ཅིག་ཞུ་རྒྱུ། 

༩ གོང་གི་དྲི་བ་དང་མ་འབྲེལ་བ་སྐུ་ཉིད་མཆོག་ལ་གལ་གནས་ཆེ་བའི་དགོངས་འཆར་གང་གསུང་རྒྱུ་ཡོད་དམ་།

ལན། གལ་ཆེ་ཤོས་དེ་བོད་པའི་སྐད་ཡིག་ཐོག་ལ་དོ་སྣང་བྱེད་དགོས་པ་དེ་ཛ་དྲག་མཐོང་གི་འདུག དེ་འབྲེལ་སྤྱི་ཚོགས་སྤྱིའི་ཆ་ནས་ཤེས་ཡོན་ལ་དོ་སྣང་དང་། ཤེས་ཡོན་ཡོད་པ་ཚོར་གུས་བཀུར་དང་། ཆེ་བསྟོད་མཐོང་ཆེན་བརྩི་སྲོལ་ཞིག་བྱུང་ན། རིམ་པས་ཤེས་ཡོན་ཅན་གྱི་སྤྱི་ཚོགས་ཤིག་འགྱུར་རེ་ཡོད་རེད། 

དེ་ནས་ཕ་མ་ཚོས་ཕྲུ་གུའི་ཤེས་ཡོན་ཐོག་ལ་ངེས་པར་དུ་དོ་སྣང་བྱེད་དགོས་ཀྱི་འདུག སློབ་སྦྱོང་བསླབ་རྒྱུ་སློབ་གྲྭའི་ནང་ནས་བསླབ་ཀྱི་ཡོད་ན་ཡང་ཕ་མའི་ངོས་ནས་ཕྲུ་གུ་ནང་དུ་ལོག་པའི་སྐབས་དང་། དབྱར་ཁ་དགུན་གུང་གསེང་སྐབས་སོགས་སུ་ཤེས་ཡོན་ལ་ཐུགས་སྣང་དང་བརྒྱབ་བསྐྱོར་གནང་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག དེ་ང་ཚོའི་བོད་པའི་ཕ་མའི་ནང་ལ་སྤྱི་ཡོངས་ཀྱི་ཆ་ནས་ཞན་ཆ་ཆེན་པོ་ཞིག་རེད་འདུག་སྙམ།

གསར་འགོད་པ། ཟླ་བ་ཕུར་བུ་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།