བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བོད་གཞུང་འདི་ལ་ཡོད་ཙང་ང་ཚོ་སྣང་མེད་ཆགས་ཀྱི་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༡༢།༢༡ཉིན་སྤེལ། འདི་ག་གསར་ཁང་ནས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ངག་དབང་ཐར་པ་ལགས་ལ་འདི་གིའི་ས་གནས་འཐུས་ཚོགས་ཀྱི་གནས་སྟངས་དང་། གྲུབ་འབྲས། འགྲོ་ལུགས་འགྲོ་སྟངས། ལས་དོན་གཙོ་བོ་གང་ཡིན་མིན་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་ཞིག་གཤམ་དུ་ཕབ་ཡོད་པས་གཟིགས་པར་ཚལ།

༡ ཐོག་མར་ཁྱེད་རང་གི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས་གནང་།
ལན། ངའི་མིང་ལ་ངག་དབང་ཐར་པ་ཟེར་གྱི་ཡོད། ད་ལྟའི་འཆར་ང་རང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཆགས་ནས་ལོ་གཅིག་འཁོར་གྱི་ཡོད་པ་རེད། ན་ནིང་༢༠༡༣ ཟླ ༡༡ ཚེས་ ༢༡ ཉིན་མི་མང་གི་འོས་འདེམས་བྱས་ནས་ས་གནས་འཐུས་ཚོགས་ནང་ལ་སླེབས་པ་དང་། དེ་ནས་སླར་ཡང་ས་གནས་འཐུས་ཚོགས་ནང་ཁུལ་འོས་བསྡུ་བྱས་ནས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བྱེད་རྒྱུ་བྱས་པ་རེད།

༢ ད་ལྟའི་ས་གནས་འཐུས་ཆོགས་ཀྱི་གནས་སྟངས་སྐོར་ལ་གསུང་རོགས་གནང་།
ལན། སྤྱིར་བཏང་ངྷ་རམ་ས་ལའི་ས་གནས་འཐུས་ཚོགས་དེ་སྐྱོ་བོ་རེད་ལབ་ན་ཡང་ཕལ་ཆེར་མ་འགྲིག་པ་ཡོད་མ་རེད། འདི་ལ་གཞིས་ཆགས་ནང་བཞིན་དབང་ཚད་ཡོད་མ་རེད། འདི་ལ་ཁ་ཐོར་གྱི་བོད་རིགས་རྐྱང་རྐྱང་རེད། མི་ཚང་མས་རང་ཉིད་ཀྱི་འཚོ་བ་དེ་ཁོ་ན་ཉིད་ལ་བརྟེན་ནས་འགྲོ་ཡི་ཡོད་པ་རེད།
མི་མང་ཚོ་ལ་དཀའ་ངལ་འཕྲད་ནས་ཞུས་པ་ཡིན་ན་ལྷན་ཁང་ཁག་ཚང་མ་འདི་ལ་ཡོད་ཙང་ཐོ་ས་དེ་ལ་ཞུ་ཡི་ཡོད་པའི་གནས་སྟངས་ཆགས་ཡོད་རེད། ས་གནས་གྲོས་ཚོགས་ལ་མ་སླེབས་པའི་རྒྱུ་མཚན་གང་རེད་དམ་ཞུས་པ་ཡིན། ལས་ཁུངས་ཆེ་བ་ཚང་མ་འདི་ལ་ཡོད་ཙང་ང་ཚོ་ལ་སྣང་མེད་འདྲ་བོ་ཆགས་ཡོད་རེད། ས་གནས་འཐུས་ཚོགས་འདི་ལ་ཆོལ་ཁ་རིས་མེད་ནས་མི་༡༥འདེམས་ཐོན་བྱུང་གི་ཡོད་རེད།

༣ ས་གནས་འཐུས་ཚོགས་ཀྱི་ལས་དོན་གཙོ་བོ་དེ་ག་རེ་རེད་དམ།
ལན། ས་གནས་འཐུས་ཚོགས་ཀྱི་ལས་དོན་གཙོ་བོ་དེ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་དངུལ་འཛིན་སྟངས་འཛིན་བྱེད་རྒྱུ་དེ་ཆགས་ཡོད་རེད། དཔེར་ན། ས་གནས་འགོ་འཛིན་ལས་ཁུངས་ཀྱི་སྒོར་མོ་གཅིག་ཡིན་ཡང་ས་གནས་འཐུས་ཚོགས་ལ་བཀའ་གྲོལ་ཞུ་དགོས་ཀྱི་ཡོད་རེད།གལ་སྲིད་བཀའ་གྲོལ་མེད་པ་ཡིན་ན་སྒོར་མོ་གཅིག་བེད་སྤྱོད་གཏོང་མི་ཆོག་པ་དེ་འདྲ་ཆགས་ཡོད་རེད། ནམ་རྒྱུན་ཡིན་ན་བར་སྐབས་བཀའ་གྲོལ་ཞུ་རྒྱུ་ཡོད་རེད། སྤྱི་ཡོངས་ཀྱི་དངུལ་འཛིན་བཀའ་གྲོལ་དེ་ཞུ་ཡི་ཡོད་རེད། དེང་སང་ལམ་དང་ལུགས་སྲོལ་ཚང་མ་སྤྱི་འཐུས་ཀྱི་ལམ་དང་ལུགས་སྲོལ་གཅིག་མཚུངས་འདྲ་བོ་གང་ཐུབ་ཐུབ་བསྟུན་ནས་འགྲོ་ཡི་ཡོད་རེད། སྔོན་མ་ས་གནས་འཐུས་ཚོགས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་བ་དེ་དག་ཡང་ས་གནས་འཐུས་ཚོགས་ཀྱི་འགྲོ་སྟངས་དེ་སྤྱི་འཐུས་ཀྱི་འགྲོ་སྟངས་དེ་ག་རང་ལ་བརྟེན་ནས་འགྲོ་ཡི་ཡོད་རེད།

༤ ས་གནས་འཐུས་ཚོགས་ཀྱི་འགྲོ་ལུགས་འགྲོ་སྟངས་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས་གནང་།

ལན། ས་གནས་འཐུས་ཚོགས་ཀྱི་འགྲོ་ལུགས་དེ་ལོ་གཅིག་ལ་ཚོགས་འདུ་ཐེངས་གཉིས་ཚོགས་ཀྱི་ཡོད་རེད། ཚོགས་འདུ་གཉིས་པོ་དེ་ལ་དབྱར་ཚོགས་དང་དགུན་ཚོགས་ཟེར་ནས་ནས་སྤྱི་འཐུས་དང་གཅིག་མཚུངས་འགྲོ་ཡི་ཡོད་རེད། དཔེར་ན་སྤྱི་འཐུས་དེ་ཕྱི་ཟླ་གསུམ་པའི་ནང་ཚོགས་ཡོང་བ་ཡིན་ན་ང་ཚོས་ཕྱི་ཟླ་གསུམ་པའི་ཟླ་འཇུག་ལ་ཚོགས་ཀྱི་ཡོད་པ་རེད། ཕྱི་ཟླ་གསུམ་པའི་ནང་ཚོགས་འདུ་འདི་དངུལ་འཛིན་གྱི་གྲོས་ཚོགས་ཆགས་ཀྱི་ཡོད་རེད། ཕྱི་ཟླ་དགུ་པའི་ནང་ལ་ཟླ་བ་དྲུག་གི་ལས་སྡོམ་དེ་སྟངས་འཛིན་བྱས་ནས་བལྟ་དགོས་པ་དེ་རེད། གཙོ་བོ་དེ་དངུལ་འཛིན་དང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་སྡོམ་ལ་ཞིབ་བཤེར་བྱེད་རྒྱུའི་འགན་གཙོ་བོ་དེ་འདྲ་ཆགས་ཡོད་རེད། འགྲོ་ལུགས་འགྲོ་སྟངས་དེ་སྤྱི་འཐུས་དང་གཅིག་མཚུངས་ཆགས་ཀྱི་ཡོད་རེད། སྤྱི་འཐུས་ལ་ཆ་བཞག་པ་ཡིན་ན་བཀའ་བློན་བཀའ་ཤག་དང་ལྷན་ཁང་ཁག་མང་པོ་ཞིག་ཡོད་རེད། བཀའ་ཤག་འདྲ་བོ་དེ་ས་གནས་འགོ་འཛིན་ལས་ཁུངས་ཆགས་ཡོད་པ་རེད། དེའི་དངུལ་འཛིན་སྟངས་འཛིན་ཆ་ཚང་དེ་དངུལ་འཛིན་བཀའ་གྲོལ་ཞུ་དུས་བཏང་ན་འགྲིག་ས་རེད་མ་རེད་ཞིབ་འཇུག་དང་རྩིས་ཞིབ་ཚོགས་ཆུང་ཟུར་དུ་བཙུགས་ཡོད་རེད།

༥ ཁྱེད་རང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བྱས་པའི་རིང་ལ་གནད་དོན་གལ་འགངས་ཆེ་བ་གང་གི་སྐོར་ལ་གྲོས་གཞི་དང་གྲོས་ཆོད་བཞག་ཐུབ་པ་བྱུང་ཡོད་དམ།
ལན། ངྷ་རམ་ས་ལའི་ལམ་ཁ་དེ་ཡག་པོ་མེད་རྐྱེན་ཕེབས་ལམ་དེའི་སྐོར་ལ་རྒྱ་གར་གཞུང་ལ་སྙན་ཞུ་ཕུལ་བ་དང་སྙན་ཞུ་ཕུལ་རྒྱུ་དེ་ཚོ་ཚང་མ་ས་གནས་འགོ་འཛིན་གྱི་ལས་ཀ་རེད། ས་གནས་འགོ་འཛིན་ལ་རྐུབ་བཀྱགས་བྱེད་མཁན་དེ་ང་ཚོ་ཆགས་ཡོད་དུས་དེ་ས་གནས་འགོ་འཛིན་ལ་ངེས་པར་དུ་ལས་ཀ་ཅིག་བཟོ་དགོས་འདུག་བྱས་ནས་བཟོས་ཡོད་རེད། ཡང་ཁང་པ་༢༡༠གཏོར་བཤིགས་ཐེབས་གྲབ་བྱེད་ཀྱི་ཡོད་རེད།དེའི་ཐོག་ལ་ས་གནས་འགོ་འཛིན་ལ་ཡིན་གཅིག་མིན་གཅིག་ཕྱག་ལས་ཛ་དྲག་པོ་ཞིག་གནང་དགོས་འདུག་ཞུས་ཡོད་རེད།

གཉིས་པ་དེ་ངྷ་རམ་ས་ལའི་ཁོར་ཡུག་དེ་གཙང་མ་བྱེད་དགོས་འདུག་བྱས་ནས་ཁོར་ཡུག་གཙང་བཟོའི་སྐོར་ལ་ངེས་པར་དུ་གྲོས་ཆོད་བཞག་དགོས་ཡོད་རེད། ལྷག་པར་དུ་ནོར་བུ་གླིང་ཁ་ལ་ཆ་བཞག་ན། ངྷ་རམ་ས་ལའི་ཁྱབ་ཁོངས་ཆགས་ཡོད་རེད། མར་ནོར་གླིང་ལ་སྙོབ་མ་ཐུབ་པའི་གནས་སྟངས་ཆགས་བསྡད་ཀྱི་ཡོད་འདུག མར་ལ་ཡན་ལག་ལས་ཁུངས་འཛུགས་དགོས་ཀྱི་འདུག་ཟེར་ནས་གྲོས་བསྡུར་མང་པོ་བྱུང་ཡོད་རེད།
སྤྱིར་བཏང་ང་ཚོ་ས་གནས་འཐུས་ཚོགས་ཀྱི་ངོས་ནས་དམིགས་བསལ་གྱི་ལས་ཀ་བྱེད་དགོས་པ་དེ་འདྲ་གལ་ཆེན་ཆགས་ཀྱི་ཡོད་མ་རེད། ང་ཚོ་རྒྱབ་ལོག་ལ་བསྡད་ནས་ས་གནས་འགོ་འཛིན་ལ་ད་ཁྱེད་རང་འདི་འདྲ་བྱེད་དགོས་འདུག་འདི་འདྲ་གནང་དགོས་འདུག་བྱས་ནས་སྐུལ་འདེད་བྱེད་མཁན་དང་། འགྲོ་མེད་པ་ཡིན་ན་ག་རེ་བྱས་ནས་འགྲོ་མེད་པ་རེད་ཅེས་དེ་ཚོ་ལ་བལྟ་རྟོགས་དང་སྟངས་འཛིན་བྱེད་མཁན་ཞིག་ཆགས་ཡོད་རེད།

ང་ཚོའི་ངོས་ནས་ཁྲིམས་དང་སྒྲིགས་གཞི་དེ་ལ་འགྲོ་དགོས་རེད་ཅེས་བཤད་རྒྱུ་མེད་ན་ཡང་ས་གནས་འགོ་འཛིན་གྱི་རྐུབ་སྟེགས་བཟུང་ནས་འདི་བྱེད་དགོས་ཀྱི་འདུག འདི་གལ་འགངས་ཆེན་པོ་རེད་འདུག་ཅེས་གྲོས་ཆོད་ཁག་གཅིག་བཞག་ཡོད་རེད། ཁག་ཅིག་བསྒྲུབས་པ་དེ་འདྲ་བྱུང་ཡོད་རེད།

སྤྱིར་བཏང་ང་ཚོས་དུས་རྒྱུ་བཤད་པ་ནང་བཞིན་རེད། གཞན་དབང་སྟབས་བསྟུན་ཞེས་བཤད་ཀྱི་ཡོད་རེད། དཔེར་ན་ལམ་ཁ་ཞིག་བཟོ་དགོས་པ་ཡིན་ན་དེ་ལ་མང་པོ་བཤད་རྒྱུ་ལྷག་ཡོད་མ་རེད། དེ་རྒྱ་གར་གཞུང་གི་ཡིན་ཙང་འོན་ཀྱང་ས་གནས་འགོ་འཛིན་ལ་རྒྱ་གར་གཞུང་ལ་འབོད་སྐུལ་ཞུ་དགོས་ཀྱི་འདུག་ཅེས་ང་ཚོས་བཤད་སྡད་ཀྱི་ཡོད་རེད།

༦  ཁྱེད་རང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བྱས་པའི་རིང་ལ་དམིགས་བསལ་གྱི་གྲུབ་འབྲས་ག་རེ་བྱུང་ཡོད་དམ།
ལན། གཙོ་བོ་དེ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་དངུལ་འཛིན་སྟངས་འཛིན་བྱེད་རྒྱུ་དང་ལས་སྡོམ་དེ་ཚོ་ལ་བསྐྱར་ཞིབ་བྱེད་རྒྱུ་དེ་ཆགས་ཡོད་རེད། དེའི་ཐོག་ལ་གང་འཚམས་ཡར་རྒྱས་ཀྱི་རྣམ་པ་ཐོན་གྱི་ཡོད། གང་ཡིན་ཟེར་ན། ང་ཚོས་གྲོས་ཚོགས་དེ་འཚོགས་དུས་ཡིག་ཆ་དེ་ཚོ་དག་ཆ་མ་ནོར་བ་གཙང་མ་བྱས་ནས་བཟོ་ཐུབ་རྒྱུ་དང་། ས་གནས་འགོ་འཛིན་ལས་ཁུངས་ཀྱི་ངོས་ནས་རྒྱ་གར་གཞུང་ལ་འབོལ་སྐུལ་བྱས་པའི་འོག་ད་ལྟའི་འཆར་གཞུང་ལམ་བཟོ་ཡི་ཡོད་པ་དེ་ཡང་གྲུབ་འབྲས་རེད་དྲན་གྱི་ཡོད།

གཙོ་བོ་དེ་ས་གནས་འཐུས་ཚོགས་ཀྱི་ནང་ལ་མི་༡༥་ཡོད་རེད། དེ་ཚོ་འཆམ་མཐུན་ཡག་པོ་ཞིག་ཆགས་ཡོད་རེད། དེ་ཡང་གྲུབ་འབྲས་ཟེར་ཡང་ཆོག་ལ། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་དྲན་གྱི་ཡོད། མ་གཞི་ངས་སྔོན་མ་ནས་ལས་དོན་གྱི་ཐད་ལ་ཧང་སང་དགོས་པ་དེ་འདྲ་བྱས་མེད་ན་ཡང་ནང་ལ་འཆམ་མཐུན་ཡོད་ན་ཕྱི་ཡི་ལས་དོན་ཚང་མ་རང་བཞིན་གྱིས་འགྲུབ་འགྲོ་བ་དེ་འདྲ་ཞིག་ཡོད་རེད།
ས་གནས་འགོ་འཛིན་ལས་ཁུངས་ནང་ལས་ཀ་བྱེད་མཁན་ཞིག་ཡིན་པ་སོང་ཙང་། དེའི་དངུལ་འཛིན་སྟངས་འཛིན་བྱེད་ཕྱོག་ཀྱི་ཐད་ལ་སྔར་ལས་ལྷག་པ་ཞིག་བྱུང་ཡོད་རེད། དེ་ཚོ་གྲུབ་འབྲས་ཤིག་ཡིན་དྲན་གྱི་ཡོད། དམིགས་སུ་བཀར་ནས་ཞུ་རྒྱུ་ཞིག་ལ་གཞུང་གི་ལྷན་ཁང་ཁག་འདི་ལ་ཡོད་ཙང་ང་ཚོ་ལ་ཞུ་འབོད་བྱེད་མཁན་ཞེ་དྲག་ཡོང་གི་མི་འདུག དེར་བརྟེན་དེ་འདྲ་མ་བྱུང་པ་ཡིན་ཙང་དམིགས་བསལ་གྱི་ལས་ཀ་བྱེད་རྒྱུ་ཞིག་ཡོད་མ་རེད།

ཡང་ང་ཚོས་ཐག་གཞན་ཞིག་བཅད་ཡོད་པ་ནི། ས་གནས་འགོ་འཛིན་གྱིས་གཅིག་གནང་ཐུབ་ཀྱི་མི་འདུག གཉིས་བྱེད་ཐུབ་ཀྱི་མི་འདུག་ཟེར་ནས་ཞུ་འབོད་བྱེད་རོགས་གནང་ཟེར་མཁན་ཁག་གཅིག་ཡོད་རེད། དེ་ཚོ་ལ་ང་ཚོས་ལན་འདེབས་གསལ་པོ་གནང་ནས་ཁོ་རང་ཚོ་བློ་མ་ཕམ་པའི་ཐོག་ནས་ཡག་པོ་ཞིག་ཆགས་ཡོད།

༧  གྲུབ་འབྲས་དེའི་སྐོར་ལ་གཅིག་ནས་ལྔ་ཡང་ན་བཅུ་བར་གསུང་རྒྱུ་ཡོད་དམ།
ལན། ང་ཚོའི་གནས་སྟངས་དེ་གང་འདྲ་ཞིག་ཆགས་ཡོད་རེད་དམ་ཞུས་པ་ཡིན། ཚོགས་འདུ་གཙོ་བོ་དེ་ཐེངས་མ་གཉིས་ལ་ཚོགས་ཀྱི་ཡོད་རེད། དེའི་འགྲོ་མགྲོན་ཞིག་ཡོད་རེད་མ་གཏོགས་གཞན་པ་དམིགས་བསལ་གྱི་བཀའ་གྲོལ་དེ་འདྲ་མེད་པ་སོང་ཙང་ས་གནས་འཐུས་ཚོགས་ཟེར་བ་དེ་གཞིས་ཆགས་ཁག་ལ་ཡིན་པ་ཡིན་ན་དབང་ཚད་ཆེན་པོ་ཡོད་པ་ཞིག་ཆགས་ཡོད་རེད། ངྷ་རམ་ས་ལ་ཡིན་པ་ཡིན་ན། སྤྱིར་བཏང་བཞུགས་སྒར་ངྷ་རམ་ས་ལ་ཟེར་དུས་སྐད་གྲགས་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད། འོན་ཀྱང་ལས་དོན་གྱི་སྐོར་ལ་ཞེ་དྲག་བྱེད་རྒྱུ་མེད་པ་འདྲ་བོ་ཆགས་ཡོད་རེད། གཙོ་བོ་དེ། ང་རང་ས་གནས་འགོ་འཛིན་གྱ་ལས་ཀ་བྱེད་མཁན་ཞིག་ཡིན་པ་སོང་ཙང་ས་གནས་འགོ་འཛིན་གྱི་གྲུབ་འབྲས་ཤིག་སྟོན་རྒྱུ་ཡོད་ན་ཡང་དེ་ཚང་མ་མཉམ་དུ་གྲུབ་འབྲས་ཤིག་ཆགས་སྡད་ཡོད་རེད། དེ་ལ་དམིགས་བསལ་གྱི་གྲངས་ཀ་བརྩི་རྒྱུ་གལ་མེད་པ་འདྲ་བོ་རེད། ཚང་མ་ཕན་ཚུན་བསྟུན་ཡོད་ཙང་གྲུབ་འབྲས་ཤིག་ཐོན་ཡོད་ཡང་དེ་ངའི་གྲུབ་འབྲས་ཤིག་ཡིན་ལབ་ན་མ་འགྲིག་པ་ཞིག་ཆགས་ཡོད་རེད། ཁང་པ་༢༡༠དེ་མ་གཏོར་བ་འདྲ་བ་ཞིག་ཆགས་ཡོད་རེད། དེ་ངས་གྲུབ་འབྲས་ཡིན་ཟེར་ན་ལབ་པ་ཡིན་ན་འགྲིག་གི་ཡོད་མ་རེད། དེ་ས་གནས་འགོ་འཛིན་ལས་ཁུངས་གྱི་གཙོ་བོ་ཤུགས་རྒྱབ་བསྡད་ཀྱི་ཡོད་རེད།

༨  གོང་གི་དྲི་བ་དང་མ་འབྲེལ་བའི་གལ་གནད་ཆེ་བའི་དགོངས་འཆར་གང་གསུང་རྒྱུ་ཡོད་དམ།

ལན། དམིགས་བསལ་གྱི་བསམ་ཚུལ་གལ་ཞུ་རྒྱུ་མེད། གང་ཡིན་ཟེར་ན་གནས་སྟངས་དེ་ག་རང་ཆགས་བསྡད་ཡོད་རེད། ༢༠༡༥ལོར་ས་གནས་འགོ་འཛིན་གྱི་ཁང་པ་རྒྱབ་གྱི་ཡོད་རེད། དེ་དང་མཉམ་དུ་ང་ཚོའི་ལས་ཁུངས་ཡང་ཡག་པོ་ཆགས་འགྲོ་ཡི་ཡོད་རེད། གཞན་དག་ས་གནས་འཐུས་ཚོགས་ཁག་ཡིན་པ་ཡིན་ན་མ་འདྲ་བ་ཞིག་ཆགས་ཡོད་རེད། ང་ཚོ་ལ་ཆ་བཞག་པ་ཡིན་ན་འདི་ལ་འགྲོ་སོང་ཡང་མང་པོ་ཞིག་གཏོང་རྒྱུ་མེད་པ་མ་ཟད། འདི་ལ་སྡད་མཁན་གྱི་མི་མང་དེ་ཚོ་ཡང་ཁ་ཐོར་ཆགས་ཡོད་ཙང་ང་ཚོ་ལ་ལས་དོན་ཧང་སང་དགོས་པ་ཞིག་བྱེད་རྒྱུ་མེད་པར་ཆགས་ཡོད་རེད། མི་མང་ཚོ་ལ་དཀའ་ངལ་འཕྲད་ནས་ཞུས་པ་ཡིན་ན་ལྷན་ཁང་ཁག་ཚང་མ་འདི་ལ་ཡོད་ཙང་ཐོ་ས་དེ་ལ་ཞུ་ཡི་ཡོད་པའི་གནས་སྟངས་ཆགས་ཡོད་རེད། ས་གནས་གྲོས་ཚོགས་ལ་མ་སླེབས་པའི་རྒྱུ་མཚན་གང་རེད་དམ་ཞུས་པ་ཡིན། ལས་ཁུངས་ཆེ་བ་ཚང་མ་འདི་ལ་ཡོད་ཙང་ང་ཚོ་ལ་སྣང་མེད་འདྲ་བོ་ཆགས་ཡོད་རེད། 

གསར་འགོད་པ་ཟླ་བ་ཕུར་བུ་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།