བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ཆོལ་ཁ་གསུམ་ཆིག་སྒྲིལ་ཐུབ་པ་བྱུང་བའི་གཞི་རྩ་ནང་ཆོས་དེ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག༢༠༡༤།༡༢།༠༩ཉིན་སྤེལ། འདི་ག་གསར་ཁང་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་ལ་ཆོས་རིག་ལས་ཁུངས་ཀྱི་ད་ལྟའི་གནས་སྟངས་དང་། ལས་དོན་གནང་ཕྱོགས། འདས་པའི་ལོ་ཤས་ནང་གི་གྲུབ་འབྲས། མ་འོངས་པར་ལས་དོན་གང་སྤེལ་འཆར་ཡོད་མེད་བཅས་ཀྱི་སྐོར་ལ་བཅའ་འདྲི་བྱས་པ་ཞིག་གཤམ་དུ་བཀོད་ཡོད་པས་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་ཡིན།

དྲི་བ། ཐོག་མར་བཀའ་བློན་མཆོག་ལ་བོད་ཀྱི་ཆ་འཕྲིན་གསར་ཁང་གི་ལས་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག ཐོག་མར་བཀའ་བློན་ཁྱེད་རང་གི་སྐོར་གུས་ལ་ངོ་སྤྲོད་ཞིག་གནང་རོགས་གནང་ཞུ་རྒྱུ་ཡིན།
ལན། སྤྱིར་བཏང་ང་རང་བོད་ནས་སྐྱེས་པ་ཞིག་རེད། ཁམས་དཀར་མཛེས་ནས་རེད། སྐབས་དེ་དུས་ཤེས་ཡོན་ཐོག་ལ་སློབ་སྦྱོང་བྱས་པ་ཡིན་། དགོན་པ་ཞིག་གི་ནང་མ་ཕྱིན་པ་ཡིན་ན་ཟུར་དུ་མི་སྐྱ་ལ་དམིགས་བསལ་སློབ་གྲྭ་ཡོད་མ་རེད། དེ་དུས་ང་རང་དཀར་མཛེས་དགོན་པའི་ནང་འཛུལ་བཞུགས་བྱས་པ་ཡིན། སློབ་སྦྱོང་བྱེད་སྟངས་མང་ཆེ་བ་བློ་འཛིན་བྱེད་རྒྱུ་ཤ་སྟག་རེད། དེ་ནི་དེ་རིང་བློ་འཛིན་བྱས་ན་སང་ཉིན་དྲན་པ་བརྗེད་འགྲོ་ཡི་འདུག 

བོད་ས་ཡོངས་རྫོགས་ལ་སྐབས་དེ་དུས་མི་སྐྱ་ལ་སློབ་གྲྭ་ཟེར་བ་ཞིག་ལོགས་སུ་ཡོད་མ་རེད། འོན་ཀྱང་ལྷ་ས་ལ་ཞོལ་སློབ་གྲྭ་ཟེར་བ་ཞིག་ཡོད་རེད། སློབ་གྲྭ་དེའི་ནང་སྐུ་དྲག་རིགས་རྒྱུད་མ་གཏོགས་ཚུད་ཀྱི་ཡོད་པ་མ་རེད། སློབ་གྲྭ་དེ་ནས་ཐོན་པ་ཡིན་ན་བོད་ཡིག་འབྲི་ཀློག་དང་། སུམ་རྟགས་སྙན་ངག་བཅས་མཆོག་ཏུ་གྱུར་བ་ཆགས་ཀྱི་ཡོད་པ་རེད། ཡིན་ཡང་། དེའི་ནང་མི་དཀྱུས་མ་གཅིག་ཀྱང་ཚུད་ཀྱི་ཡོད་པ་མ་རེད་། ཁམས་ཕྱོགས་ལ་ཡིན་ན་སོ་སོའི་ས་གནས་ཀྱི་དགོན་པ་ལ་གཏོང་གི་ཡོད་པ་རེད། ཡང་ཁམས་སྡེ་དགེ་ཕྱོགས་ལ་རྫོང་གསར་བཤད་གྲྭའི་དགོན་པ་ཞིག་ཡོད་པ་རེད། སྐབས་དེ་དུས་ནས་བསླབ་པ་སློབ་གཉེར་ཧ་ཅང་ཡག་པོ་འདུག ཡང་སྡེ་དགེ་པར་ཁང་ཡོད་རེད། དེའི་ནང་ནས་ཆོས་བལྟ་ཀློག་བྱས་ནས་བོད་ཡིག་ཡག་པོ་བཀླགས་ཐུབ་ཀྱི་ཡོད་རེད། ང་ཚོ་དཀར་མཛེས་ལ་ཆ་བཞག་པ་ཡིན་ན་རྫོང་གསར་བཤད་གྲྭ་ལ་ཕྱིན་ནས་མཁས་པ་རེ་གཉིས་ཡོད་རེད། དཔེར་ན། རྡོ་ཐོག་རིན་པོ་ཆེ་ཁོ་རང་གིས་དབྱིན་བོད་ཚིག་མཛོད་ཐོག་མར་བརྩམས་པ་རེད། རིན་པོ་ཆེ་ཁོང་ལ་ཆ་བཞག་པ་ཡིན་ན་རྫོང་གསར་བཤད་གྲྭར་ཕྱིན་པ་དང་སྡེ་དགེའི་པར་ཁང་ནས་དཔེ་ཆ་བཀླགས་ཏེ་མཁས་པ་ཆགས་པ་ཞིག་རེད། དེ་འདྲ་རེ་ཟུང་རེད།

ང་རང་ཕ་ཡུལ་ལ་ལོ་ཁ་བཤས་བསྡད་པའི་རིང་ལ་དགའ་ལྡན་དགོན་པ་ལ་ཕྱིན་པ་ཡིན་དེ་ལ་ཡང་བློ་འཛིན་དང་ངག་ལ་བཟུང་རྒྱུ་ཤ་སྟགས་རེད། དེར་རིག་གནས་སྐོར་ལ་སྐྱོ་བོ་རེད། ༡༩༥༩ལོར་ང་རང་དམག་ལ་བཞུགས་པ་ཡིན། སྐབས་དེ་དུས་ང་ལོ་༡༥་རེད། ལྷ་ས་ལ་བོད་ཆོལ་ཁ་གསུམ་གྱི་ཕྱོགས་བཞི་ནས་ཚོང་པ་མང་པོ་ཡོད་རེད། ལོ་རྒན་པ་དང་གཞོན་པ་ཚོས་དམག་གི་སྣེ་ཁྲིད་བྱེད་ཀྱི་ཡོད་རེད། དེ་འདྲ་བྱས་ནས་༡༩༥༩་ལོར་རྒྱ་གར་ལ་བྲོས་ཡོང་བ་ཡིན། ཐོག་མར་རྒྱ་གར་ལ་སླེབས་སྐབས་ཊལ་ཧོར་ལ་ཕྱིན་པ་ཡིན། དེ་ནས་ཐོག་མར་ལག་ཤེས་བཟོ་གྲྭ་ལ་འཛུལ་བཞུག་བྱེད་དགོས་ཀྱི་འདུག

དེ་ནི་རྒྱ་གར་གཞུང་གིས་བཙུགས་པ་རེད། བཀའ་དྲིན་ཆེན་པོ་ཞེ་དྲག་རེད་འདུག སྐབས་དེ་དུས་ཞོགས་པའི་དུས་ཚོད་རིང་བོད་ཡིག་དང་། དབྱིན་ཇི། ཧིན་ངྷི་བསླབ་ཀྱི་ཡོད་རེད། མི་ཚང་མ་དེ་ལ་ཕྱིན། ས་ཐང་ལ་བསྡད་ནས་སློབ་ཚན་ཁྲིད་ཀྱི་ཡོད་རེད། སྐབས་དེ་དུས་སོ་སོས་དོ་སྣང་བྱས་པ་ཡིན་ན་ཡག་པོ་ཆགས་རྒྱུ་རེད་འདུག འོན་ཀྱང་དེ་དུས་གཞི་རྩ་ཡག་པོ་མེད་ཙང་ཧང་སང་དགོས་པའི་དོ་འཁུར་བྱེད་མཁན་ཡོད་མ་རེད། ང་རང་ལ་ཆ་བཞག་ན་སློབ་སྦྱོང་ལ་དོ་སྣང་ཡག་པོ་བྱས་པ་ཡིན། སྐབས་དེ་དུས་རིན་པོ་ཆེ་ཁ་ཤས་ཡོད་རེད། རྒྱ་གར་གྱི་གསང་བའི་སློབ་གྲྭ་ལ་བོད་ཡིག་སློབ་ཁྲིད་བྱེད་ཀྱི་འདུག ཁོང་ཚོ་དེ་དུས་ནས་དབྱིན་ཡིག་ཡག་པོ་ཤེས་ཀྱི་འདུག སྐབས་དེ་དུས་ཊལ་ཧོར་སློབ་གྲྭའི་སློབ་སྤྱི་དེ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཕེབས་ཡོད་པ་རེད།

ཁོ་རང་གིས་སློབ་ཁྲིད་གནང་སྐབས་ཞ་དང་ཞོར་དུ་ང་རང་གིས་སུམ་རྟགས་སྙན་ངག་སྦྱང་པ་ཡིན། དེ་རྗེས་རྡོ་ཐོག་རིན་པོ་ཆེས་གསང་བའི་སློབ་གྲྭ་དེའི་ཚན་རྩལ་རིག་པའི་སྐོར་གྱི་མཁས་པ་རེད། མ་ཟད་རྒྱ་ཡིག་ཡང་ཧ་ལས་པའི་ཡག་པོ་ཞེ་དྲག་ཡོད་པ་རེད། ཁོང་རང་གིས་ང་ལ་དེ་དུས་དེ་གསུངས་སོང་། ཁྱེད་རང་བོད་པ་འཁྱམས་པོ་བྱས་ནས་བསྡད་མཁན་དེ་འདྲ་ཁྱོན་ནས་ཡིན་ས་མ་རེད། ག་དུས་ཡིན་ཡང་ལག་པའི་ནང་ལ་དེབ་གཅིག་བཟུང་ནས་འགྲོ་སྡོད་ཀྱི་འདུག

སློབ་སྦྱོང་བྱེད་འདོད་འདུག་གམ་ཞེས་དྲིས་བྱུང་། ངས་འདུག་ཞུས་པ་ཡིན། དེ་ནས་ང་རང་ཅཱན་ངྷི་སྒར་ལ་བཏང་བྱུང་། དེ་ནས་མཐོ་སློབ་འགྲོ་རྒྱུ་གོ་སྐབས་ཐོབ་པ་རེད། དེ་ཚར་བ་དང་སློབ་གྲྭ་ཆེན་མོའི་ནང་ལས་ཀ་རགས་པ་རེད། ངས་དེ་ལ་ལོ་༢༠ཙམ་རིང་Department of Central Aisian Studies ཞེས་པ་དེའི་ནང་དགེ་རྒན་བྱས་ནས་བསྡད་པ་ཡིན། སློབ་གྲྭ་དེའི་ནང་རྒྱ་ཡིག་རྒན་ལགས་གཅིག་དང་། ཨུ་རུ་སུ་དགེ་རྒན་གཅིག བོད་ཡིག་དགེ་རྒན་གཅིག་བཅས་ཡོད་རེད། ངས་དེ་དུས་བོད་པའི་ཆོས་དང་རིགས་གཞུང་རྒྱ་གར་གྱི་ལོ་རྒྱུས་སྐོར་ལ་སློབ་ཁྲིད་བྱེད་ཀྱི་ཡོད། ད་ལྟ་ཧི་མ་ཅལ་མངའ་སྡེའི་IAS officer མང་པོ་ཞིག་ངའི་དགེ་ཕྲུག་རེད།

དྲི་བ། བཀའ་བློན་ཁྱེད་རང་གིས་ཆོས་རིག་བཀའ་བློན་གྱི་ཕྱག་ལས་གནང་བའི་དུས་ཡུན་ནང་། ཆོས་རིག་ལས་ཁུངས་ཀྱི་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཡོད་དམ།
ལན། སྤྱིར་བཏང་ཆོས་རིག་ཟེར་དུས་རྩ་ཆེན་པོ་དང་གལ་ཆེན་པོ་ཡོད་པ་རེད། ཡིན་ན་ཡང་དེ་ཙམ་གྱི་གཞི་རྒྱ་ཆེན་པོ་དང་རྩ་ཆེན་པོ་དང་གཏིང་ཟབ་པོ་ཡིན་པ་ཐོག་མར་དྲན་མ་སོང་། ༡༩༧༡ལོར་གཞོན་ནུ་ལྷན་ཚོགས་ཐེངས་མ་དང་པོ་དེ་བོད་གཞུང་ཟློད་གར་ཚོགས་པའི་ནང་འཚོགས་པ་རེད། ང་ཚོ་དེ་དུས་ཚོགས་མི་ཡིན། སྐབས་དེ་དུས་༧སྐྱབས་མགོན་རིན་པོ་ཆེ་ཡིས་དམིགས་བསལ་གྱི་བཀའ་ག་རེ་གནང་སོང་ངམ་ཞེ་ན། ད་ལྟ་ང་ཚོ་མི་ཡུལ་ལ་སླེབས་ཡོད་ཙང་འཛམ་བུ་གླིང་ཐོག་ལ་ངོམ་རྒྱུ་གཅིག་ཡོད་རེད། ངོམ་རྒྱུ་གཅིག་པུ་དེ་མ་གཏོགས་གང་ཡང་ཡོད་མ་རེད། དཔེར་ན། རྒྱལ་རབ་ལོ་རྒྱུས་དང་། དཔལ་འབྱོར། ཚན་རིག་གང་གི་ཐོག་ནས་གང་ཡང་ཡོད་མ་རེད། འོན་ཀྱང་ནང་བསྟན་རིག་པ་སྟེ། བོད་ཀྱི་སངས་རྒྱས་བསྟན་པའི་རྗེས་འཇུག་དང་མཐུན་མོང་མ་ཡིན་པའི་སྒྲུབ་པ་ཉམས་ལེན་བྱེད་སྟངས་དེ་ང་ཚོས་འཛམ་གླིང་འདི་ལ་ངོམ་ཆོག་གི་རེད་གསུངས་ཡོད་པ་རེད། དེས་ང་རང་གི་སེམས་ལ་བག་ཆགས་གཏིང་ཟབ་མོ་ཞིག་བཞག་བྱུང་། ང་རང་གི་སེམས་ལ་བག་ཆགས་གཏིང་ཟབ་མོ་ཞིག་བྱུང་ཡོད་ན་ཡང་དོ་སྣང་དེ་ཙམ་བྱས་མེད། འོན་ཀྱང་ལོ་བཞི་བཅུའམ་བརྒྱད་ཅུ་ལྷག་ཙམ་ནས་མར་ཕྱིར་བལྟས་ཤིག་བྱེད་སྐབས་དེ་ག་རང་༧མགོན་པོ་གང་ཉིད་ཀྱི་གསུངས་པ་ནང་བཞིན་འཛམ་བུ་གླིང་འདི་ལ་ངོམ་ཆོག་པ་དེ་ནང་ཆོས་དེ་རེད་འདུག

འཛམ་བུ་གླིང་གི་མི་ཚང་མ་གཅིག་ཏུ་འཁོར་ས་དེ་ནང་ཆོས་དེ་ལ་བརྟེན་ནས་འཁོར་གྱི་ཡོད་པ་རེད། ང་ཚོས་ཐུན་མིན་གྱི་སྒྲུབ་པ་ཉམས་ལེན་བྱེད་སྟངས་སྐོར་འཛམ་བུ་གླིང་ལ་འགྲེལ་བཤད་བྱེད་ཆེད་ཆོས་ཚོགས་༧༨༠ཙམ་བཙུགས་ཡོད་རེད། ང་མི་སྐྱ་ཞིག་ཆོས་རིག་བཀའ་བློན་བྱས་ནས་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་ཁག་ལ་འགྲོ་དགོས་བྱུང་ན་འགྲོ་ས་རགས་ཀྱི་མི་འདུག ཡིན་ནའང་ཆོས་ཞུ་བའི་ཐོག་ནས་ཆོས་དེའི་མིང་འཁུར་ནས་ཆོས་ཀྱི་ལས་དོན་གྱི་ཐོག་ལ་གདན་ཞུ་བྱས་ནས་འགྲོ་ཆོག་གི་འདུག བྱས་ཙང་དེ་འདྲའི་ཆ་ནས་ངས་དུས་དང་རྣམ་པ་ཀུན་ཏུ་བཤད་ཀྱི་ཡོད། ནང་ཆོས་དེ་རྩ་ཆེན་པོ་ཡིན་མ་ཡིན། ད་ལྟའི་འཆར་འཛམ་བུ་གླིང་འདིས་བོད་ཅེས་དང་། བོད་མི་རིགས། བོད་ཀྱི་རྒྱལ་ཁབ། བོད་ཀྱི་ནང་ཆོས་དེ་དག་འཛམ་བུ་གླིང་འདི་ལ་ཡོངས་གྲགས་ཆགས་ཡོད་རེད། ཡོངས་གྲགས་ཆགས་དགོས་པ་གཙོ་བ་དེ་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་རེད།

གཉིས་པ་དེ། ནང་ཆོས་དེ་སྤུས་དག་པོ་ཞེ་དྲག་རེད། ད་ལྟ་བར་དུ་སྐྱེས་ཆེན་དམ་པ་མང་པོ་ཞིག་འཛམ་བུ་གླིང་འདི་ལ་ཕེབས་ནས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་གསུང་ནས་ཡུལ་མི་དེ་དག་ག་པར་ཡིན་ཡང་ཡིད་འཚིམས་པ་ཞིག་དང་གོ་མ་མྱོངས་བ་ཞིག་གོ་ཐུབ་པ་རང་ཉིད་ཀྱི་མི་ཚེ་བསྐྱལ་སྟངས་ཐོག་ལ་ཕན་ཐོགས་ཐུབ་པ་མང་པོ་ཞིག་བཀའ་སློབ་གནང་ཡོང་དུས་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་གནས་སྟངས་གཅིག་པུ་མ་ཡིན་པར་འགྲོ་བ་ཐམས་ཅད་ཀྱི་མི་ཚེ་དང་འབྲེལ་བ་ཡོད་པ་འགྲེལ་བཤད་མི་འདྲ་བ་ཞིག་གསུངས་ཡོང་དུས། ཁོང་ཚོས་དོ་སྣང་བྱེད་ས་དང་ཡིད་ཆེས་ཀྱི་ལྟེ་བ་བྱེད་ས་ཞིག་རང་བཞིན་གྱིས་སླེབས་གྱི་ཡོད་པ་རེད།

ད་ལྟ་ཡིན་ཡང་ངས་བཤད་ཀྱི་ཡོད། དཔེར་ན། ཆོས་ཚོགས་༨༠༠མ་ཟིན་ཙམ་བཙུགས་ཡོད་རེད། དེའི་ལུང་པ་དེ་དག་སྔོན་མ་ཆོས་མ་ཞུས་གོང་ནས་ང་ཚོས་༡༩༥༩གོང་ལ་བོད་མི་རིགས་དང་བོད་ཀྱི་ནང་ཆོས་གླེང་མི་དགོས་པ་བོད་ཟེར་མཁན་དེ་ཧ་གོ་མཁན་ཕལ་ཆེར་བརྒྱ་ཆ་དགུ་བཅུ་གོ་གྲངས་ཡོད་ཀྱི་མ་རེད། དེའི་རྗེས་ནས་ནང་ཆོས་དེ་བརྒྱུད་ནས་བོད་ཟེར་མཁན་ཞིག་དང་བོད་དེ་ལ་རྒྱ་ནག་གཞུང་གི་སྡུག་པོ་བཏང་གི་ཡོད་པ་དང་། བོད་མི་རིགས་དེ་ད་ལྟ་དཀའ་ངལ་དེ་འདྲ་ཞིག་ལ་སླེབས་ཡོད་པ་དེ། ནང་ཆོས་བརྒྱུད་ནས་འཛམ་གླིང་མི་མང་གི་དོ་སྣང་སྤྲད་ཀྱི་ཡོད་པ་རེད། དེར་བརྟེན་རང་བཞིན་གྱིས་ནང་ཆོས་དེ་བྱིན་རླབས་ཆེན་པོ་ཞིག་དང་རྩ་ཆེན་པོ་ཞིག་ཡིན་པ་དེ་ངོས་འཛིན་བྱེད་ཀྱི་ཡོད་རེད།

ང་ཚོ་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ཡོད་པ་དེ་མ་ཉམས་ཡུན་གནས་བྱེད་པ་དང་དུས་རབས་༢༡པའི་འགྲོ་སྟངས་དང་། དེང་དུས་ཀྱི་ལུགས་དང་མཐུན་པའི་ཐོག་ནས་ནང་ཆོས་དེ་ང་ཚོས་སྤུས་དག་རུ་དང་། གཟི་བརྗིད་ཆེ་རུ་གཏོང་བ། རྩ་ཆེ་རུ་གཏོང་རྒྱུ་དེ་ད་ལྟའི་དུས་རབས་ཀྱི་མི་དེ་དག་གི་ལས་འགན་ཆགས་ཀྱི་ཡོད་རེད། དེར་བརྟེན་ཆོལ་ཁ་གསུམ་ཆིག་སྒྲིལ་ཐུབ་པ་བྱུང་བའི་གཞི་རྩ་ནང་ཆོས་དེ་རེད། ལུང་པ་ཁ་ཁ་རེད། སྐད་ཁ་ཁ་རེད་སྤྱིར་བཏང་གི་མི་རིགས་གཅིག་པ་ཡིན་ཡང་བྱེད་སྟངས། འགྲོ་སྟངས། ཟ་སྟངས། སྡོད་སྟངས་ཏོག་ཙམ་མི་འདྲ་བ་འཛམ་བུ་གླིང་འདི་ལ་ཡོད་རེད། དེ་ག་ནང་བཞིན་བོད་ལ་ཡོད་རེད། དེར་བརྟེན་བོད་ནང་ཆ་བཞག་ན་རིག་གནས་གསར་བརྗེ་ཆེན་མོའི་སྐབས་ལ་དགོན་པ་སྟོང་ཕྲག་དྲུག་ཙམ་རྩ་མེད་བཏང་ཡོད་རེད། ཕལ་ཆེར་ཆོས་ཟེར་བ་དེ་རྩ་མེད་བཏང་རྒྱུའི་སྲིད་བྱུས་བཟོས་ཡོད་རེད། མ་ཟད་མའོ་ཀྲུའུ་ཞིས་༧གོང་ས་མཆོག་ལ་ཆོས་ཟེར་མཁན་དེ་དུག་རེད་ཅེས་བཤད་ཡོད་རེད། དེ་བཤད་མཁན་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་ལྟ་བ་བཟུང་མཁན་དེ་ཚོས་ནང་ཆོས་རྩ་མེད་མ་བཏང་གོང་ནས་ཁོ་རང་ཚོ་མེད་པ་ཆགས་ཚར་བ་རེད། འོན་ཀྱང་ནང་ཆོས་དེ་རྩ་མེད་བཟོ་ཐུབ་ཡོད་མ་རེད།

དེང་སང་བོད་ནང་ཧ་ལས་དགོས་པ་རེད། བོད་ནང་གི་བོད་མི་ཚོས་གཞི་དད་པ་བྱེད་སྟངས་དེ་བློ་རྩེ་གཅིག་གཏད་རེད།  ང་ཚོ་འདྲ་བོས་ཆབ་སྲིད་སྐོར་ལ་སྐད་ཆ་བཤད་མཁན་ལ་ཉན་རྒྱུ་ཁག་པོ་ཆགས་ཚར་བ་རེད། ཡིན་ནའང་གནས་འདི་ནས་ཕར་དགེ་བཤེས་ཤིག་ཕྱིན་ནས་ནང་ཆོས་སྐོར་ལ་འགྲེལ་བཤད་ཅིག་བརྒྱབ་པ་ཡིན་ན་གང་ཟག་རང་ངོས་ནས་ཁས་ལེན་དམ་བཅའ་མང་པོ་ཞིག་བྱས་ནས་དད་པ་ཧང་སང་དགོས་པ་བྱེད་ཀྱི་ཡོད་རེད།

དྲི་བ། ྋགོང་ས་མཆོག་གིས་དུས་ནས་དུས་སུ་དབུས་བོད་མིའི་སྒྲིག་འཛུགས་དེ་ཕྱི་གསལ་ནང་གསལ་ཡིན་པའི་སྐོར་བཀའ་སློབ་རབ་དང་རིམ་པ་ཕེབས་ཡོད་པ་རེད། དེར་བརྟེན་ཉེ་བའི་ལོ་ཤས་ནང་ཆོས་རིག་ལས་ཁུངས་ཀྱི་གྲུབ་འབྲས་ཆེ་བ་གང་དང་གང་ཡིན་གསུང་རོགས་གནང༌།
ལན། ང་ཚོ་ཆོས་རིགས་ལས་ཁུངས་ལ་ཆ་བཞག་པ་ཡིན་ན་རྒྱ་བལ་འབྲུག་གསུམ་བསྡོམས་པས་དགོན་པ་༢༦༥ཡོད་པའི་ནང་ནས་གྲྭ་པ་ཁྲི་བཅུ་ཡོད་པ་དང་། བཙུན་དགོན་༣༢༥ཡོད་པའི་ནང་ནས་བཙུན་མ་སྟོང་ཕྲག་ལྔ་ཙམ་ཡོད་རེད། དེ་ཚོའི་བསླབ་པ་སློབ་གཉེར་བྱེད་སྟངས་ཀྱི་སྤུས་ཚད་དེ་གལ་ཆེན་པོ་ཞིག་ལ་འགན་ལེན་བྱེད་ཀྱི་ཡོད། དེ་རིང་ཁ་སང་གྲྭ་རྒྱུན་ཉུང་རུ་འགྲོ་ཡི་ཡོད་ནའང་ཡོད་པ་དེ་སྤུས་དག་པོ་ཞིག་དང་ཚད་ལྡན་ཞིག་ལ་ཡོང་ཆེད་ང་ཚོས་གསར་གཏོད་ཁ་ཤས་བྱས་ཡོད་རེད། ག་རེ་བྱས་ཡོད་རེད་དམ་ཞེ་ན། ཐོག་མར་དེ་ལ་དགེ་བཤེས་མ་གཏོང་རྒྱུ་དེ། ང་ཚོ་ཆོས་རིགས་ལས་ཁུངས་ཀྱི་ངོས་ནས་གསར་གཏོད་བྱས་པ་ཡིན། ཇཱ་མེན་ལ་ཨ་ནེ་བྱམས་པ་བརྩོན་འགྲུས་ཟེར་བ་ཞིག་ཡོད་རེད། ཡང་ཨ་མི་རི་ཀ་ལ་བསྟན་འཛིན་དཔལ་མོ་ཞུ་བ་ཞིག་ཡོད་པ་དང་མཉམ་དུ་ང་ཚོས་བགྲོ་གླེང་མང་པོ་བྱེད་མྱོང་ཡོད། ཁོང་ཚོས་བརྗོད་ན་ཁྱེད་རང་ཚོ་བོད་ནང་ལ་ཕོ་མོ་དབྱེ་འབྱེད་ཤུགས་ཆེན་པོ་བྱས་ཡོད་འདུག ད་ལྟ་བར་དུ་ཁྱེད་རང་ཚོའི་རྒྱལ་རབས་ནང་ལ་དགེ་བཤེས་མ་གཅིག་ཀྱང་མི་འདུག དེ་དབྱེ་འབྱེད་བྱས་ཙང་རེད་མ་གཏོགས་དེ་སང་འཛམ་བུ་གླིང་ནང་ལ་བུ་ཡིས་བྱེད་ཆོག་པ་དང་བུ་མོས་བྱེད་མི་ཆོག་པ་གཅིག་ཀྱང་ཡོད་མ་རེད། འཛམ་གླིང་གི་གསེར་གྱི་གཟིངས་རྟགས་ཐོབ་མཁན་བུ་དང་བུ་མོ་འདྲ་འདྲ་བྱས་ནས་ཐོབ་ཀྱི་མི་འདུག་གམ། འཛམ་གླིང་འདི་ལ་སྲིད་འཛིན་དང་སྲིད་བློན་བུ་མོས་བྱས་པ་ག་ཚོད་མི་འདུག་གམ།

འོན་ཀྱང་ཁྱེད་རང་ཚོ་ལ་གཅིག་ཀྱང་ཡོད་མ་རེད། དེ་ནི་དབྱེ་འབྱེད་རེད་ཅེས་ཟེར་གྱི་ཡོད་པ་རེད། དེ་རྗེས་ང་ཚོས་ག་རེ་ཞུས་ཡོད་དམ་ཞེ་ན། དབྱེ་འབྱེད་བྱས་ནས་མཐའ་གཅིག་ཏུ་སྒྲིག་གཞི་སྒྲིག་འཛུགས་བྱས་ནས་བྱེད་ཆོག་གི་མ་རེད་ཟེར་ནས་རྩ་བ་ནས་ཡོད་མ་རེད། འོན་ཀྱང་རང་བཞིན་གྱི་མི་ཡི་གཤིས་ཀ་དང་མི་ཡི་གོམས་གཤིས་ནང་ལ་ཁོ་རང་ཚོས་བྱེད་ས་མེད་པ་དང་བྱེད་ཟེར་མཁན་ཞིག་མེད་པའི་གནས་སྟངས་ཤིག་ཆགས་ཡོད་རེད། འོན་ཀྱང་༧སྐྱབས་མགོན་རིན་པོ་ཆེ་ཡིས་བཀའ་སློབ་རབ་དང་རིམ་པ་མང་པོ་གནང་ཡོད་རེད།

དེ་ལ་གཞིར་བཟུང་ནས་ང་ཚོ་ན་ནིང་དགེ་བཤེས་མ་གཏོང་རྒྱུ་བྱས་པ་ཡིན། སྐབས་དེ་དུས་ཕྱི་རྒྱལ་བ་མང་པོ་ཡོང་གི་རེད་བྱས་མང་པོས་བཤད་ཀྱི་འདུག ང་ཚོས་ཚད་དང་ལྡན་པ་ཞིག་བཟོས་པ་ཡིན། དགེ་བཤེས་ལྷ་རམ་པ་ཉི་ཤུ་རྩ་གྲངས་གདན་ཞུ་བྱས་ནས་བགྲོ་གླེང་བྱས། འགྲེམ་སྤེལ་བྱས། གཏན་འབེབས་བྱས་ནས་ད་ཆ་ལོ་གཉིས་པ་འགྲོ་ཡི་ཡོད།
 
༢༠༡༦ལོའི་༧སྐྱབས་མགོན་རིན་པོ་ཆེའི་འཁྲུངས་སྐར་དུས་ཆེན་ལ་དགེ་བཤེས་མ་ཉི་ཤུ་ལྷག་ཐོན་ཡོང་གི་རེད། དེ་བོད་ཀྱི་རྒྱལ་རབས་ནང་ལ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད། དེ་ཚོས་ལོ་བཅུ་བདུན་རིང་གཞུང་ཆེན་བཀའ་པོད་ལྔ་ལ་བསླབ་པ་སློབ་གཉེར་བྱས་རྗེས་དེ་ལ་བརྒྱ་ཆ་༦༥ཐོབ་མཁན་གྱི་བཙུན་མ་གཅིག་ལ་བསྐྱར་དུ་ལོ་བཞི་བསྡད་ནས་ཁྱོན་སྡོམ་ལོ་༢༡ཐོག་ལ་དགེ་བཤེས་མ་ཆགས་ཀྱི་ཡོད་རེད། དེ་ང་ཚོས་སྒྲིག་གཞི་གཏནའབེབས་བྱས་ནས་འགྲོ་དང་འགྲོ་བཞིན་པ་རེད། དཔེ་མི་སྲིད་པའི་ཡག་པོ་རེད་ཀྱི་འདུག བཙུན་མ་དེ་ཚོ་ཡིན་ཡང་ན་ནིང་མང་པོ་བཤད་ཀྱི་འདུག ང་ཚོ་ལ་བུ་མེད་རེད་ཟེར་ནས་དབྱེ་འབྱེད་རྩ་བ་ནས་མ་བྱེད་རོགས་གནང་། འདྲ་མཉམ་གྱི་ཐོག་ནས་ང་ཚོས་སློབ་སྦྱོང་བྱེད་ཀྱི་ཡིན། རྒྱུག་སྤྲོད་ཀྱི་ཡིན། ལག་འཁྱེར་ལེན་གྱི་ཡིན་མ་གཏོགས་བུད་མེད་རེད་ཟེར་ནས་ང་ཚོ་ལ་དམིགས་བསལ་རྩ་བ་ནས་མི་དགོས་ཟེར་གྱི་འདུག ན་ནིང་ཐེངས་དང་པོ་དེ་ལ་བཙུན་མ་༢༧གྱི་རྒྱུག་སྤྲོད་བཏང་ནས་གསུམ་ཨང་དང་པོ་དང་གཉིས་རྒྱུག་སྤྲོད་བྱེད་ཐུབ་མི་འདུག ད་ལྟ་འགྲོ་དང་འགྲོ་བཞིན་པ་རེད།

དེའི་འཆར་གཞི་དེ་ཡག་པོ་ཞེ་དྲག་བྱུང་ཐུབ་ཀྱི་ཡོད། ༢༠༡༦གི་འཁྲུངས་སྐར་དུས་ཆེན་ལ་དགེ་བཤེས་མ་༢༠ཕལ་ཆེར་ཐོན་ཐུབ་ཀྱི་རེད། དེ་རྗེས་ལོ་རེ་བཞིན་མང་རུ་འགྲོ་ཡི་རེད། དེ་ང་ཚོས་གསར་གཏོད་བྱས་པ་ཡིན། དེ་༧གོང་ས་མཆོག་གིས་བཀའ་རབ་དང་རིམ་པ་གནང་ཡོད་ནའང་སུ་ཞིག་གིས་ལག་ལེན་བསྟར་ཐུབ་ཡོད་མ་རེད། དེ་དགེ་སློང་རེད་ས་སྐྱ་རྙིང་མ་བཀའ་རྒྱུད་ལ་དཀའ་ངལ་མི་འདུག འོན་ཀྱང་དགེ་སློང་ནང་འདུལ་བ་ལ་མ་སྦྱང་པ་ཡིན་ན་དགེ་བཤེས་མ་བཏང་ཆོག་གི་མ་རེད་ཟེར་བ་ཞིག་ཡོད་རེད། ངས་དེ་ཚོགས་ཆེན་སྐབས་ལབ་ཡིན། ང་ཆོས་རིགས་བཀའ་བློན་ཞིག་ཡིན་པའི་ཆ་ནས་འཛམ་བུ་གླིང་ལ་གསལ་བཤད་བྱས་ན་ཡང་འཛམ་བུ་གླིང་ལ་འདང་གི་མ་རེད་ཞུས་པ་ཡིན། ང་ཚོ་དུས་རབས་ཉེར་གཅིག་གི་ཕྱོགས་ལ་བསམ་བློ་བཏང་། གོམ་པ་རྒྱབ་ནས་འགྲོ་དགོས་རེད་ཟེར་ནས་དགེ་བཤེས་མ་གཏོང་རྒྱུ་བཟོས་པ་རེད།

གཉིས་པ་དེ་ང་ཚོ་ཆོས་རིགས་ལས་ཁུངས་ཀྱི་རིགས་གཅིག་རྐང་འཛིན་བཟོས་ཡོད། དེ་ཡང་༧སྐྱབས་མགོན་རིན་པོ་ཆེ་ཡི་བཀའ་རབ་དང་རིམ་པ་གནང་འདུག འོན་ཀྱང་ལག་ལེན་བསྟར་མི་འདུག ༢༠༡༣ནས་སངས་རྒྱས་བསྟན་པ་གོང་འཕེལ་གྱི་ཚོགས་འདུ་འཚོགས་ནས་གཏན་འབེབ་བྱས་ཏེ་རིགས་གཅིག་རྐང་འཛིན་བྱེད་མགོ་བཙུགས་པ་རེད། དཔེར་ན། དགེ་བཤེས་ལྷ་རམ་པ་ཞིག་ཡིན་ན་གཞུང་ཆེན་བཀའ་པོད་ལྔ་ལ་བྱང་ཆུབ་པ་བཟོ་དགོས་ཀྱི་ཡོད་པ་རེད། ལོ་དྲུག་བསླབ་པ་སློབ་གཉེར་བྱས་ནས་གཞུང་ཆེན་བཀའ་པོད་ལྔ་པོ་དེ་རྒྱུག་སྤྲོད་ཐུབ་པ་བྱེད་དགོས་རེད། དེ་རིགས་གཅིག་གི་ཐོག་ལ་མཁས་པ་ཆགས་ཀྱི་ཡོད་མ་རེད། དེ་སློབ་གཉེར་བྱས་ཚར་རྗེས་ལོ་བཞིའི་རིང་ལ་འདུལ་བའམ། བསྔག། མངོན་པ། དེ་དག་གཅིག་རང་གི་ཐོག་ལ་རིགས་གཅིག་རྐང་འཛིན་ཐོན་གྱི་ཡོད་རེད།

དེང་སང་འཛམ་བུ་གླིང་ཐོག་ལ་སྤྱིར་བཏང་འབུམ་རམས་པས་རྐང་པ་ཚང་མིའི་ཐོག་འགྲོ་ཡི་ཡོད་རེད། འོན་ཀྱང་དམིགས་སུ་བཀར་ནས་མིག་ཡིན་ན་མིག་གི་ན་ཚ་ལ་མཆོག་ཏུ་གྱུར་བ་ཞིག་བྱེད་ཀྱི་ཡོད་པ་རེད། ང་ཚོའི་དམིགས་ཡུལ་དེ་ཡང་དེ་དང་གཅིག་མཚུངས་བཟོས་ཡོད།དེ་ཡང་༢༠༡༧་གྱི་འཁྲུངས་སྐར་དུས་ཆེན་སྐབས་ལ་༢༠ཙམ་ཐོན་ཡོང་གི་རེད། སྤྱིར་བཏང་ཆོས་རྒྱུད་ཚང་མ་རྒྱལ་བའི་སྟན་པ་ཡིན་པ་ཞིག་ལ་ཉམས་ལེན་བྱེད་སྟངས་མི་འདྲ་བ་རེད། དེ་ང་ཚོས་གཅིག་མཚུངས་ཀྱི་ཐོག་ནས་བགོས་ནས་གཞི་བཞག་ས་དེ་སོ་སོའི་རང་གི་གཞུང་དེའི་བལྟ་སྟངས་དེའི་ཐོག་ལ་བཞག་ཡོད། དེ་དང་ཞོར་དུ་ཆོས་རྒྱུད་ཚང་མ་བསྟན་པ་གཅིག་གིས་རྗེས་འཇུག་ཡིན་ཙང་དེའི་ཐོག་ལ་མཁས་པ་ཆགས་རྒྱུ་དེ་ང་ཚོས་གཏན་འབེབས་བྱས་ཡོད།

༧སྐྱབས་མགོན་རིན་པོ་ཆེ་ཡིས་མང་པོ་གསུངས་ཡོད་རེད། དུས་རབས་ཉེར་གཅིག་པའི་ནང་ལ་ཚན་རིག་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། ནང་ཆོས་སློབ་གཉེར་བྱེད་མཁན་ཚོས་མཉམ་དུ་ཚན་རིག་བལྟ་དགོས་ཀྱི་ཡོད་རེད། ཚན་རིགས་མཁས་ཅན་མང་པོ་ཞིག་གིས་ནང་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད་རེད། དེ་ག་ནང་བཞིན་ང་རང་ཚོ་ནང་ཆོས་སློབ་སྦྱོང་བྱེད་པ་དང་མཉམ་དུ་ཚན་རིགས་ཀྱི་སྐོར་ལ་ཡང་དེང་དུས་དང་མཐུན་པའི་ཐོག་ནས་སློབ་སྦྱོང་བྱེད་དགོས་རེད་ཅེས་བཀའ་གནང་ཡོད་རེད། དེ་ལ་བལྟ་སྟངས་རིམ་པ་གཉིས་ཡོང་གི་ཡོད་རེད། ཆུང་ཆུང་སྐབས་ལ་གྲྭ་པ་མཐོ་དམན་ཚང་མར་ཚན་རིག་བསླབ་དགོས་རེད་ཟེར་ན་ཁོང་ཚོས་མོས་མཐུན་བྱེད་ཀྱི་མི་འདུག གང་ཡིན་ཟེར་ན། གཞི་རིམ་དམའ་པོ་ནས་ཚན་རིག་བསླབ་པ་ཡིན་ན། ཕྲུག་གུ་དེ་དག་གིས་གཙོ་བོ་དེ་ཚན་རིག་ཐོག་ལ་མ་གཏོགས་ནང་ཆོས་ལ་དོ་སྣང་སྤྲད་ཀྱི་མི་འདུག བསླབ་པ་སློབ་གཉེར་དེ་བརླགས་འགྲོ་ཡི་འདུག དེར་བརྟེན་རིམ་པ་གང་འཚམས་སླེབས་པའི་རྗེས་ལ་ངོ་སྤྲོད་བྱས་པ་ཡིན་ན་གཞི་རྒྱ་ཆེན་པོ་དང་བློ་རྒྱ་ཆེན་པོ་ཆགས་ཀྱི་འདུག

དེང་སང་ང་ཚོས་འཛམ་བུ་གླིང་དང་འབྲེལ་བ་བཞག་མཉམ་གཤིབ་བྱས་ནས་འགྲོ་དགོས་ཀྱི་རེད་མ་གཏོགས་སོ་སོའི་བོད་པའི་སྤྱི་ཚོགས་དེ་རང་ལ་བསམ་བློ་བཏང་ནས་བསྡད་ན་ཏག་ཏག་བསྡད་ཀྱི་ཡོད་མ་རེད། ནང་ཚན་གཉིས་ལ་བྱང་ཆུབ་པའི་དགེ་བཤེས་ཤིག་གི་ཆོས་གསུངས་ཐུབ་པར་ང་ཚོས་ཤུགས་བརྒྱབ་ཀྱི་ཡོད། ད་ལྟའི་འཆར་ལ་ང་ཚོས་དགོན་སྡེ་ཁག་བཅུའི་ནང་རྒྱ་ཡིག་དགེ་རྒན་བཞག་ཡོད། འཛུལ་བཞུགས་བྱེད་མཁན་ཡོད་ན། ཡང་ང་ཚོའི་ལས་ཀ་དེ་དཀའ་ལས་ཁག་པོ་ཡོད་རེད། གཞན་དག་ཡིན་ན་མར་བཀའ་བཏང་ཆོག་གི་རེད། ང་ཚོ་བཀའ་བཏང་ཡ་ཡོད་མ་རེད། རིམ་བཞིན་གྲོས་བསྡུར་བྱས་ནས་ཁོ་རང་ཚོ་དགོངས་པ་ལ་ག་རེ་ཡོད་མེད་དང་མིང་ཐོ་བཀོད་ཡོད་མེད་ལ་གྲོས་བསྡུར་བྱས་ནས་འགྲོ་ཡི་ཡོད་པ་རེད། དགོན་པ་ཁག་བཅུ་ཙམ་ལ་རྒྱ་ཡིག་བསླབ་ཀྱི་ཡོད་རེད། དེ་ཡང་ཁོ་རང་ཚོའི་འདོད་མོས་བྱས་ནས་རེད་ལ་ཟླ་ཕོག་ཡང་ང་ཚོས་སྤྲད་ཀྱི་ཡོད།

དེ་ག་ནང་བཞིན་སྦི་རི་ཤེས་རབ་གླིང་དགོན་པ་ལ་གྲྭ་པ་༢༥ཙམ་ལ་ཚན་རིག་གཟབ་སྦྱོང་སྤྲད་པ་ཡིན། དགོན་པ་༥༠ལྷག་ལ་བརྡ་ཐོ་ཕུལ་བ་ཡིན་ཡང་དངོས་སུ་གྲྭ་པ་༢༥ལས་སླེབས་མི་འདུག  དེ་ང་ཚོས་མཐུན་འགྱུར་དང་གོ་སྒྲིག་བྱས་ནས་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་གྱིས་ཁོང་རང་ཚོ་ལ་གཟབ་སྦྱོང་གནང་བ་དེར་ང་ཚོས་མཐུན་རྐྱེན་དེ་དག་ཕུལ་ནས་ཉིན་༡༥་རིང་གཟབ་སྦྱོང་སྤྲད་པ་རེད། དེ་ལ་ཕེབས་མཁན་དེ་དག་མུ་མཐུད་ནས་གནང་ཐུབ་པ་ཡིན་ན། དགོན་སྡེ་ཁག་ལ་ཕྱིན་ནས་དགེ་རྒན་བྱེད་ཐུབ་པའི་ནུས་པ་འདོན་ཐུབ་ཀྱི་ཡོད་ཙང་དགའ་བོ་བྱེད་ཀྱི་འདུག གཉིས་ནས་ང་ཚོས་གཞོན་སྐྱེས་ཚོ་རྩ་ཆེན་པོ་རྩི་ཡི་ཡོད་པ་རེད། ནང་ཆོས་ཟེར་དུས་ཐོག་མར་མི་རིགས་དེ་གཙོ་ཆེ་ཤོས་བརྩི་དགོས་ཀྱི་ཡོད་པ་རེད། བོད་ཀྱི་མི་རིགས་དེ་མ་གནས་པ་ཡིན་ན་ནང་ཆོས་གནས་སའི་གཞི་རྩ་དེ་ཡོད་མ་རེད། ནང་དོན་རིག་པ་གནས་པ་ལ་ཡང་གཞོན་སྐྱེས་ཚོས་ནང་ཆོས་དང་འབྲེལ་བ་བྱེད་དགོས་ཀྱི་ཡོད་པ་རེད། སྔོན་མ་ཡིན་ན་ང་ཚོ་སོ་སོའི་ལུང་པ་དང་། མི་རིགས། རྒྱལ་ཁབ་ལ་བསམ་བློ་གཏོང་མི་ཐུབ་པ་དང་། སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྲུང་སྐྱོབ་ལ་བསམ་བློ་གཏོང་མ་ཐུབ་པར་བརྟེན་འདི་ལ་ལྷག་པ་རེད།

ད་ལྟ་ང་ཚོར་ལུང་པ་ཡོད་པ་མ་རེད། དེར་བརྟེན་མི་རིགས་དེ་རྩ་ཆེན་པོ་ཞིག་བརྩི་དགོས་ཀྱི་ཡོད་རེད།  མི་རིགས་ནང་ནས་ཡང་གཞོན་པ་དེ་ཚོ་རྩ་ཆེན་པོ་ཞིག་བརྩི་དགོས་པ་ཡིན་བརྟེན། ནང་དོན་རིག་པ་ཡི་གཟབ་སྦྱོང་སྤྲད་ཀྱི་ཡོད་རེད། ཉེ་བའི་ཆར་ང་ཚོས་རྒྱུད་སྨད་ལ་ནང་དོན་རིག་པའི་སྐོར་ལ་གཟབ་སྦྱོང་ཞིག་སྤྲད་པ་ཡིན།མཐོ་རིམ་སློབ་གྲྭ་ནས་ཐོན་ཚར་མཁན་དང་། སྐབས་དེ་དུས་ཕྱག་ལས་མེད་མཁན་ལ་རེད། གང་ཡིན་ཟེར་ན་རྒྱུད་སྨད་ལ་ཆ་རྐྱེན་ཡག་པོ་ཞེ་དྲག་འདུག བསྡད་ས་གཙང་མ། དགེ་རྒན་བཅས་ཡག་པོ་ཞེ་དྲག་འདུག ང་ཚོ་ཆོས་རིགས་ལས་ཁུངས་ཀྱི་འགྲོ་མགྲོན་བཏང་ནས་ཁྱོན་སྡོམ་སློབ་མ་༢༠འཛུལ་བཞུགས་བྱེད་མཁན་བྱུང་། དེའི་ནང་ལ་སེའུ་སི་ནས་ཡིན་པའི་སློབ་མ་ཞིག་འདུག ང་འདི་ལ་མཉམ་བཞུགས་བྱས་ན་འགྲིག་གི་རེད་པས་ཟེར་གྱི་འདུག 

འགྲིག་གི་རེད་ཞུས་པ་ཡིན། ངྷི་ལི་བར་དུ་གནམ་གྲུའི་ནང་ཁྱེད་རང་གི་འགྲོ་སོང་བཏང་ནས་ཡོང་དགོས་རེད་བཤད་པ་ཡིན། ངྷི་ལི་ནས་འདི་བར་ང་ཚོས་འགྲོ་སོང་གཏོང་གི་ཡོད་རེད། ཟླ་བ་དྲུག་རིང་བཞག་ནས་ཞལ་ལག་དང་དགེ་རྒན་གྱི་གླ་ཕོག་ཡག་པོ་ཞེ་དྲག་མཐུན་རྐྱེན་སྦྱར་བ་ཡིན།  མཛད་རིམ་དང་མཐུན་འགྱུར་ཡག་པོ་གོ་སྒྲིག་བྱས་ཡོད་རེད། དེ་ལ་ང་ཚོས་ཟླ་བ་རེ་ལ་མཁས་པ་རེ་གདན་ཞུ་བྱས་པ་ཡིན། འདི་ནས་དགེ་བཤེས་ལྷག་རྡོར་ལགས་ཕྱིན་པ་རེད། དེང་སང་ང་ཚོས་གདན་ཞུ་བྱེད་སྐབས་གཞི་དེ་གང་འདྲ་རེད་དམ་ཞུས་ན། མར་བཀའ་སློབ་དང་སློབ་སྟོན་གནང་མཁན་དེ་ལ་དེང་དུས་ཀྱི་ཤེས་ཡོན་ཐོག་ལ་གོ་རྟོགས་ཡོད་མཁན་དང་ཉམས་ལེན་ཡོད་མཁན་གོ་སྒྲིག་བྱེད་ཀྱི་ཡོད་རེད། 

ཅུང་ཉམས་ཞན་པ་དེ་ཚོ་ལ་ཐུག་ཡོང་དུས་གཏིང་ཟབ་པོ་བཤད་ནས་རྐྱང་རྐྱང་ཕྱིན་པ་ཡིན་ན་ཁོང་ཚོ་དེ་ལ་དོ་སྣང་བརླག་གི་རེད། དེར་བརྟེན་ཁོང་ཚོའི་འདུན་པ་དང་ནུས་པ་ལ་བསྟུན་ནས་རིམ་བཞིན་བསྐྱོད་ན་མ་གཏོགས་དང་པོ་ནས་དགེ་བཤེས་ཧ་ལས་དགོས་པ་ཞིག་སྐད་བཏང་པ་ཡིན་ན་ཁོས་ཁོང་རང་གི་ཀླད་པ་ལ་ཡོད་པ་དེ་དག་གཅིག་ཕབ་བཞག་དུས་གཞན་པ་ཉན་མཁན་ཚོའི་ཀླད་པ་ལ་སླེབས་ཐུབ་ཀྱི་མིན་པ་རེད། བྱས་ཙང་དགེ་བཤེས་ལྷག་རྡོར་ལགས་གདན་ཞུ་བྱས་པ་ཡིན། ཡང་ཆོས་བརྒྱུད་ཚང་མ་ནས་གདན་ཞུ་མ་བྱས་ན་གྱ་སུན་པོ་ཞེ་དྲག་ཡོད་རེད། ཡང་རྣམ་གྲོལ་གླེང་ལ་མཁས་པ་ཡག་པོ་ཞེ་དྲག་དེ་འདྲ་འདུག མཁན་པོ་ལོ་གཞོན་ཞིག་འདུག ཁོ་རང་གདན་ཞུ་བྱས་པ་ཡིན། ང་ཚོས་མཁས་པ་མང་པོ་གདན་ཞུ་བྱས་པ་ཡིན། དེ་རྗེས་དགེ་བཤེས་དང་མཁས་པ་ཚོ་བྷེལ་ཀོབ་ལ་ཆོས་རྒྱུད་ཚང་མའི་དགོན་པ་ཡོད་པ་རེད། རྒྱ་ཆེན་པོ་ཞེ་དྲག་རེད། དེ་ལ་གནས་འཇལ་ལ་འཁྲིད་པ་ཡིན། ཡང་ཞར་དང་ཞོར་ལ་ཁོ་རང་ཚོ་མེལ་སོར་རྒྱལ་ཁང་ལ་འཁྲིད་པ་ཡིན། ཆོས་རིག་ལས་ཁུངས་ཀྱི་ངོས་ནས་སློབ་སྦྱོང་གནང་མཁན་ཚོ་ལ་དོ་སྣང་དང་སྤྲོ་སྣང་སླེབས་ཐུབ་པའི་ཆེད་དུ་ཐབས་ཤེས་དང་འབད་བརྩོན་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡོད།

ད་ལྟའི་ཆར་བོད་ནས་ཕེབས་མཁན་ཉུང་རུ་འགྲོ་ཡི་ཡོད་རེད། ཡིན་ཡང་སློབ་ཡོན་དང་འཚོ་གནས་ཕུལ་གྱི་ཡོད་རེད། མ་གཞི་དེང་སང་དགོན་པ་༢༦༥ལྷག་གི་ནང་གྲྭ་པ་ཁྲི་བཅུ་ལྷག་ཡོད་པའི་ནང་ནས་བརྒྱ་ཆ་༤༤ལྷག་ཧི་མ་ལ་ཡའི་རི་རྒྱུད་ནས་རེད་འདུག དེ་དག་སོ་སོའི་ཕ་མེས་ནས་ནང་ཆོས་ལ་ཡིད་ཆེས་དད་པ་བྱེད་མཁན་སོང་ཙང་ཡིན་པས་རེད། ཁོང་ཚོའི་ནང་ལ་ཡང་ནང་པའི་ཆོས་དེ་སྤུས་དག་པོའི་ཐོག་ནས་གནས་ཐུབ་པ་ཡིན་ན་དེ་ཡང་ང་ཚོའི་ལེགས་སྐྱེས་ཤིག་རེད། སྤྱི་ཡོངས་ཀྱི་ཆ་ནས་ང་ཚོས་དེ་འདྲ་ཞིག་གནང་གི་ཡོད་རེད།

དྲི་བ། ༢༠༡༦གི་དུས་འཁོར་དབང་ཆེན་ཐེངས་༣༤པ་དེ་ཆོས་རིགས་ལས་ཁུངས་ཀྱི་ངོས་ནས་གཙོ་འགན་བཞེས་ཀྱི་ཡོད་པ་རེད། དེའི་གལ་གནད་སྐོར་ལ་གསུངས་རོགས་གནང་།
སྤྱིར་བཏང་གི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གོ་སྒྲིག་ཞུས་པ་རེད། གཙོ་བོ་སྲིད་སྐྱོང་གི་དགོངས་པ་བཞེས་པ་རེད། དེ་ལ་དབུས་བོད་མིའི་ངོས་ནས་༢༠༡༥ལོར་༧སྐྱབས་མགོན་རིན་པོ་ཆེ་ལ་བརྟན་བཞུགས་ཕུལ་རྒྱུ་བྱས་ཡོད་པ་དང་། ༢༠༡༦ལོར་དུས་འཁོར་དབང་ཆེན་གོ་སྒྲིག་ཞུས་པ་ནང་བཞིན་༧གོང་ས་མཆོག་གིས་དགོངས་བཞེས་གནང་ཡོད་པ་རེད། དགོངས་བཞེས་གནང་བ་ལ་གཞིར་བཞག་ནས་འགན་གཙོ་བོ་དེ་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་འགན་འཁུར་གྱི་ཡོད་པ་རེད། སྤྱིར་བཏང་གིས་ལས་འགན་དེ་གཞི་རྒྱ་ཆེན་པོ་ཞེ་དྲག་རེད། དེ་ཡིན་དུས་ཁ་སང་ང་ཚོས་ཚོགས་ཆུང་གཏན་འབེབས་བྱས་ནས་ལས་ཀ་གོ་རིམ་བཞིན་སྒྲུབ་དགོས་པ་མང་པོ་ཞིག་ཡོད་རེད། དང་པོ་ནས་ལས་ཀ་བྱེད་སྟངས་དེ་དག་འགོ་མ་བཙུགས་པ་ཡིན་ན་རྗེས་ལ་ཡང་ཏག་ཏག་བསྡད་ཀྱི་མི་འདུག དེ་ལ་དམིགས་བསལ་གྱིས་དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་གཞན་དང་མི་འདྲ་བ་གོ་སྒྲིག་ཞུ་རྒྱུ་ཐབས་ཤེས་བྱེད་ཀྱི་ཡོད་རེད།

དྲི་བ་ཆོས་རིགས་ལས་ཁུངས་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས་གནང་།
ལན། སྤྱིར་བཏང་གི་ལྷན་ཁང་གཞན་པ་ནང་བཞིན་སྒྲིག་འཛུགས་ཤིག་ཡོད་རེད། མགོ་ལ་བཀའ་བློན་དང་། དྲུང་ཆེ། དྲུང་འཕར། ཟུང་དྲུང་ལས་ཁུངས་ནས་ལས་བྱེད་གང་ལ་གང་འཚམས་ཤིག་ཡོད་རེད། དེ་དག་གི་ནང་ཆོས་དང་བོད་མི་རིགས་ཀྱི་བསྟན་སྲིད་ཀྱི་དོན་དུ་སྐབས་དང་སྐབས། དུས་དང་དུས་ལ་མང་པོ་ཞིག་འབྱུང་གི་ཡོད་རེད། དགོན་པ་ཉམས་གསོ་བྱེད་རྒྱུ་དང། ཚན་རིག་དང་། ནང་ཆོས། རྒྱ་ཡིག་དགེ་རྒན། ཀོ་གཉེར་བཅས་མང་པོ་ཞིག་ལ་ང་ཚོས་གླ་ཕོགས་སྤྲད་ཀྱི་ཡོད་པ་དང་། གྲྭ་པ་༥༠༠༠ལྷག་ཙམ་ལ་ང་ཚོས་འཚོ་གནས་སྤྲད་ཀྱི་ཡོད་རེད། ལོ་དྲུག་བཅུ་བརྒལ་ཚར་ནས་ལྟ་རྟོགས་མེད་མཁན་གྱི་གྲྭ་པ་དེ་ཚོ་ལ་ང་ཚོས་འཚོ་གནས་དམིགས་བསལ་སྤྲད་ཀྱི་ཡོད་རེད།

དྲི་བ། ཆོས་རིགས་ལས་ཁུངས་ཀྱི་འོག་ལ་གདན་ས་ཁག་གསུམ་གྱིས་གཙོས་པའི་དགོན་སྡེ་ཁག་༢༦༥ལྷག་ཡོད་པ་རེད། དེ་ཚོ་ང་ཚོ་བོད་པའི་ཆོས་དང་རིག་གཞུང་ལྟེ་གནས་ཤིག་ཆགས་ཀྱི་ཡོད་པ་རེད། འདས་པའི་ལོ་ལྔའམ་ཡང་ན་ལོ་བཅུ་དེ་བཞིན་ཉེ་བའི་ལོ་ཤས་ནང་གྲྭ་རྒྱུན་ཡོང་མཁན་དཀོན་པོ་རེད། དེ་ལ་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་གནས་སྟངས་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ།
ལན། གཙོ་བོ། དེ་དག་བསྟན་པ་ཆབ་སྲིད་དང་འབྲེལ་བ་ཡོད་ཙང་། སྒྲིག་འཛུགས་ནང་ལ་བཤད། གསལ་བསྒྲགས་ནང་ལ་མང་པོ་བཤད་ནས་གྲྭ་པ་ཉུང་རུ་འགྲོ་ཡི་འདུག་ལབ་ནས་བློ་འཚབ་བྱས་པ་ཡིན་ན་རྒྱ་ལ་དགོས་རྒྱུ་དེ་ཆགས་ཀྱི་འདུག བོད་ནང་ལ་སྔོན་མ་ནང་བཞིན་ཏིང་ཞའོ་ཕིང་གིས་༡༩༧༩ནས་ནུབ་ཕྱོགས་སྒོ་འབྱེད་བྱས་ཡོང་དུས་ད་ལྟ་བར་དུ། གདན་ས་ཁག་དང་ཆོས་རྒྱུད་ཚང་མའི་གཞི་འཛིན་མཁན་བོད་ནས་ཡོང་མཁན་ཤ་སྟག་རེད། བཙན་བྱོལ་ནང་ཡོད་པའི་གཞིས་ཆགས་ཚོ་ནི་ཁྱེད་རང་ཚོས་མཁྱེན་གྱི་རེད། བུ་ཕྲུག་ཚོ་སློབ་གྲྭ་ལ་ནི་གཏོང་མི་ཐུབ། གྲྭ་པ་བཟོ་བའི་གོམས་གཤིས་དེ་ཁོ་རང་ཚོ་ལ་ཡོད་མ་རེད། དེ་རྩ་ཆེན་པོ་དང་གལ་ཆེན་པོ་རེད་སྟེ། སྤྱི་ཚོགས་ནང་ལ་ཁྱབ་སྒྲགས་དང་ཚགས་པར་ནང་ལ་བཏང་བ་ཡིན་ན་རྒྱ་ལ་དགོས་རྒྱུ་དེ་རེད་འདུག དེ་ཚོ་གསར་འགོད་བྱེད་ཀྱི་ཡོད་མ་རེད། བོད་དེ་ཁ་བྲལ་འགྲོ་བའི་ཉེན་ཁ་གཙོ་བོ་དེ་མི་རིགས་ཀྱི་གོམས་གཤིས་དང་སྐད་ཡིག ཆོས་ལུགས་དེ་དག་རེད་འདུག་ཟེར་གྱི་ཡོད་རེད། ད་ལྟ་བར་དུ་བོད་རིགས་ཁྲི་མང་པོ་བྲོས་འབྱོར་ལ་ཕེབས་ནས་གདན་ས་ཁག་གསུམ་གྱིས་གཙོས་པས་ཆོས་རྒྱུད་ཁག་ཚང་མ་ཧྲ་ཏག་ཏག་བཟོ་མཁན་དེ་བོད་ནད་ཕྱིས་སུ་ཕེབས་མཁན་དེ་དག་རེད། སྔོན་མ་ཡིན་ན་ཟླ་བ་རེ་ལ་གྲངས་ཚད་བརྒྱ་ནས་སྟོང་བར་ཡོང་མཁན་རྒྱུན་མ་ཆད་པ་ཡོད་རེད། དེང་སང་ཡོང་མཁན་དཀོན་པོ་རེད། དེར་བརྟེན་དེང་སང་སྣེ་ལེན་ཁང་སྟོང་པ་རེད། འོན་ཀྱང་ང་ཚོས་སྤུས་དག་པོ་དགོས་པ་དེ་གལ་ཆེན་པོ་བརྩི་ཡི་ཡོད་རེད།

གཉིས་པ་དེ། ང་ཚོས་མི་རིགས་དེ་མང་རུ་འགྲོ་བའི་སྲིད་ཇུས་ཤིག་བཀའ་ཤག་གིས་གཏན་འབེབ་བྱས་ཡོད་པ་རེད། དཔེར་ན་མ་གཅིག་ལ་ཕྲུ་གུ་གསུམ་ལས་མང་བ་བྱུང་བ་ཡིན་ན་འཕྲོད་བསྟེན་ལྷན་ཁང་དང་ཤེས་རིག་ལྷན་ཁང་གི་ངོས་ནས་ལྟ་རྟོགས་བྱེད་ཀྱི་ཡིན་ཞེས་བཤད་ཡོད་པ་རེད།

དྲི་བ། མ་འོངས་པར་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་གཞི་རྒྱ་ཆེ་བའི་ལས་འགུལ་གང་དང་གང་སྤེལ་བརྩིས་ཡོད་དམ།
ལན། དགེ་བཤེས་མ་གཏོང་རྒྱུ་དང་། རིག་གཅིག་རྐང་འཛིན་མང་དུ་བཏང་སྟེ་རིག་པའི་རྣམ་དཔྱོད་ཀྱི་ཐོག་ནས་འཛམ་གླིང་ལ་བདེན་པ་ར་སྤྲོད་བྱེད་རྒྱུ་གལ་ཆེན་ཆགས་ཀྱི་འདུག སྤྱིར་བཏང་ང་ཚོའི་དཀའ་ངལ་དེ་འཛམ་གླིང་རྒྱལ་སྤྱིའི་སྡིང་ཆའི་སྟེང་ནས་འགྲོ་དགོས་ཀྱི་ཡོད་པ་རེད་མ་གཏོགས་ངྷ་རམ་ས་གཅིག་པུ་ནས་གསལ་ཐུབ་ཀྱི་མ་རེད། ང་ཚོས་འཛམ་བུ་གླིང་གི་སྡིང་ཆ་དེའི་ཐོག་ལ་ང་ཚོས་འཐབ་རྩོད་བྱས་ནས་འགྲོ་དགོས་ན་ཤེས་ཡོན་དགོས་ཀྱི་ཡོད་པ་རེད། ཤེས་ཡོན་མེད་ན་འགྲོ་ས་ཁྱོན་ནས་ཡོད་མ་རེད། དེའི་ནང་ལ་དགེ་བཤེས་མ་དང་མཁས་པ་མཆོག་ཏུ་གྱུར་པ་བྱུང་བ་ཡིན་ན། ང་རང་ཚོ་ལ་ནང་དོན་རིག་པ་དེ་ཡོད་བཞིན་པ་དེའི་ཐོག་འཛམ་བུ་གླིང་གི་སྐད་ཡིག ཆབ་སྲིད། གོམས་གཤིས་བཅས་ཀྱི་གནས་སྟངས་ཚད་དང་ལྡན་པ་ཞིག་བྱུང་བ་ཡིན་ན། བོད་སྤྱིའི་རྩ་དོན་ལ་དེ་དག་མེད་དུ་མི་རུང་བ་རེད། དེ་དག་ང་ཚོས་གཞི་ལ་བཞག་ནས་ཡར་རྒྱས་གཏོང་གི་ཡོད་རེད།

དྲི་བ། གོང་གི་དྲི་བ་དང་མ་འབྲེལ་བ་གལ་གནད་ཆེ་བའི་དགོངས་འཆར་གང་དང་གང་གསུང་རྒྱུ་ཡོད་དམ།
ལན། ད་ལྟའི་འཆར་བོད་མི་རིགས་དེ་ཉག་ཕྲ་པོ་ཞིག་དང་ཛ་དྲག་པོ་ཞིག་གི་ཐོག་ལ་འགྲོ་གི་ཡོད་རེད། རྒྱ་ནག་གཞུང་གིས་བྱེད་སྟངས་དེ་ལ་ང་ཚོ་ཡར་ག་ཚོད་འཕགས་པ་ཡིན་ཡང་དེ་ལ་བཀའ་མོལ་ཁྱོན་ནས་གནང་གི་ཡོད་མ་རེད། འོན་ཀྱང་ང་ཚོས་བདེན་མཐའ་དེ་གསལ་ཆེད་མུ་མཐུད་འབད་བརྩོན་གནང་དགོས་ཀྱི་ཡོད་རེད། མ་ཟད་བོད་མི་རིགས་ཟེར་བ་དེ་རྩ་ཆེན་པོ་ཞིག་ལ་བརྩི་དགོས་ཀྱི་ཡོད་པ་རེད། མི་རིགས་དེའི་ཆིག་སྒྲིལ་དང་མི་རིགས་དེའི་ནུས་ཤུགས་སྤེལ་ཐབས་དེ་ལ་ང་ཚོས་འབད་བརྩོན་བྱེད་དགོས་ཀྱི་ཡོད་རེད།

བོད་མི་རིགས་ལ་མཐུན་སྒྲིལ་དང་སྟོབས་ཤུགས་མེད་ན་བདེན་མཐའ་གསལ་ཐབས་ཡོད་མ་རེད། དེ་ག་ནང་བཞིན་དབུས་བོད་མིའི་སྒྲིག་འཛུགས་དེ་ཐབས་ལམ་དང་འབད་བརྩོན་བྱེད་མཁན་གྱི་བླ་སྲོག་ནང་བཞིན་ཆགས་ཡོད་རེད། གལ་སྲིད་སྒྲིག་འཛུགས་དེའི་ནུས་པ་ཤོར་བ་ཡིན་མི་ཞིག་གི་བླ་སྲོག་ཤོར་བ་དང་གཅིག་པ་རེད།

སྔོན་མ་ང་༢༠༠༡་ལོར་བདེ་སྲུང་བཀའ་བློན་བྱས་ཚར་ནས་ང་ཨ་རི་ལ་ཕྱིན་པ་ཡིན། ལོ་བཅུའི་རྗེས་ལ་ཚུར་ཡོང་བ་ཡིན། སྐབས་དེ་དུས་༼ཤེས་བྱ།༽ཟེར་མཁན་དེ་སྔོན་མ་ནས་ཡོད་རེད། དེའི་ནང་གཞུང་གི་སྟངས་འཛིན་བྱས་ནས་གཞུང་འབྲེལ་གྱི་གནད་དོན་དེ་དག་ཡོད་པ་མ་གཏོགས་གསར་འགྱུར་གཞན་དག་ཡོང་གི་ཡོད་མ་རེད། དང་པོ་བོད་ཀྱི་དུས་བབ་བཙུགས་པ་རེད། དེའི་རྗེས་ལ་བོད་ཀྱི་བང་ཆེན་དེ་བཙུགས་པ་རེད། དེ་བཞིན་མང་གཙོ་ཟེར་མཁན་ཞིག་བཅས་ཁ་ཤས་ཤིག་ཡོད་རེད། ཁུངས་ཁྱོལ་བ་དེ་བང་ཆེན་དང་དུས་བབ་རེད། དེ་དག་མང་ཆེ་བ་བོད་ནས་གསར་འབྱོར་ཡོང་མཁན་རྐྱང་རྐྱང་གིས་འགོ་བཙུགས་པ་རེད། དེང་སང་ཡིན་ན་ཡང་བོད་ཀྱི་ཆ་འཕྲིན་དང་བོད་ཀྱི་བདེ་རྩ་ཚོགས་པ། ལྷ་ཚོགས་པ་མང་པོ་ཞིག་བྱུང་བ་དེ་ཡར་རྒྱས་ཀྱི་རྣམ་པ་རེད། ཡག་པོ་ཞེ་དྲག་རེད།

བོད་པ་ཞིག་ཡིན་པའི་ཆ་ནས་བོད་པའི་གནས་སྟངས་དེ་ལ་བསམ་བློ་ཞིག་བཏང་ནས་འཚོར་བ་ཞིག་སླེབས། འགན་འཁུར་ནས་དེ་བསྒྲུབ་རྒྱུའི་ཆེད་དུ་ལས་དོན་སྤེལ་ཡོང་དུས་དེ་ཚོ་སྤྱི་ཚོགས་ནང་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། དཀོན་མཆོག་རེད། ཚོགས་པ་དེ་ཚོས་ག་རེ་གཟིགས་དགོས་རེད་དམ་ཞུས་ན། སོ་སོའི་གཞུང་རང་གི་གནས་སྟངས་དང་བྱེད་ཕྱོགས་ལ་བལྟ་དགོས་པ་རེད་མ་གཏོགས། དགའ་མ་དགའ་ཡི་བྱེད་སྟངས་རྐྱང་རྐྱང་བྱེད་པ་ཡིན་ན་ཏག་ཏག་བསྡད་ཀྱི་ཡོད་མ་རེད། སོ་སོས་འགན་རྩ་བ་ནས་མ་འཁུར་བའི་ཐོག་ནས་བྱེད་མཁན་དེ་ལ་ཁ་མང་པོ་བཏང་བ་ཡིན་ན་དེ་ཡང་ཏག་ཏག་བསྡད་ཀྱི་ཡོད་མ་རེད།

ཡང་སྟངས་འཛིན་བྱས་ནས་དངོས་གནས་ནོར་འཁྲུལ་བྱེད་ཀྱི་ཡོད་པ་ཡིན་ན་རང་གི་སྤུན་མཆེད་དང་དགའ་བོ་ཉེ་བོ་ལ་མཛུབ་མོ་བཙུགས་ནས་ལབ་ཐུབ་མཁན་དང་བསྐྱོན་བརྗོད་བྱེད་ཐུབ་མཁན་ཞིག་དགོས་ཀྱི་ཡོད་རེད། དངོས་གནས་དྲང་གནས་རང་གཉིད་ཀྱི་རྩ་བ་ཉིད་ནས་མི་དགའ་སའི་མི་ཞིག་གིས་ལྷག་བསམ་རྣམ་དག་གི་ཐོག་ནས་གཞུང་གི་ལས་ཀ་བྱེད་ཀྱི་ཡོད་པ་ཡིན་ན་དེ་ལ་བསྟོད་བསྔགས་གཏོང་ཐུབ་དགོས་རེད་བསམ་གྱི་འདུག གཉིས་ནས་རྒྱ་མིའི་ཕྱོགས་ནས་ང་ཚོ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་རེད། རྒྱ་མིའི་བྱེད་སྟངས་དེ་ལ་སྐྱོན་བརྗོད་བྱེད་མཁན་དང་ཁ་གཏད་གཅོག་མཁན་དཀོན་པོ་རེད་ཞག་བསམ་གྱི་འདུག 

གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།