བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བོད་མི་ཡོངས་ཀྱིས་དགའ་བསུ་ཞུ་དགོས་པ་ཞིག་ཡོང་བའི་ཡིད་ཆེས་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༡༡།༡༢ཉིན་སྤེལ། འདི་ག་བོད་ཀྱི་ཆ་འཕྲིན་གསར་ཁང་ནས་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་སུ་ཚོགས་པ་དེས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལས་དོན་གནང་ཕྱོགས་དང༌། ད་ལྟ་འཕྲད་བཞིན་པའི་དཀའ་ཁག སྒོས་སུ་ཉེ་བའི་ཆར་དབུས་ས་གཉིས་དབར་ལྷག་པའི་རྙོག་གླེང༌། དེ་བཞིན་ཚོགས་པ་དེའི་རྩ་དོན་ཆེད་བཞག་པའི་གྲུབ་འབྲས་སོགས་ཀྱི་སྐོར་བཅར་འདྲི་ཞུས་པ་ཞིག་གཤམ་དུ་བཀོད་ཡོད་པས་གཟིགས་པར་འཚལ།

༡ དྲི་བ། སྤྱི་ཁྱབ་དྲུང་ཆེ་ལགས་ཁྱེད་རང་གིས་བཅར་འདྲི་བྱེད་པའི་གོ་སྐབས་འདི་གནང་བར་ངས་བོད་ཀྱི་ཆ་འཕྲིན་གྱི་ལས་མི་ཡོངས་ཀྱི་ཚབ་ཞུས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐོག་མ་དེ་ལ་ཁྱེད་རང་གི་སྐོར་ལ་ངོ་སྤྲོད་ཞིག་གནང་རོགས་གནང༌།
ལན། རེད། ང་ལ་བཅར་འདྲི་བྱེད་པའི་གོ་སྐབས་འདི་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་མིང་ལ་བཀྲ་ཤིས་ལམ་བཟང་ཟེར་གྱི་ཡོད། ད་ལྟའི་ལས་གནས་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡིན། སྤྱིར་བཏང་༢༠༠༣ལོར་རྒྱ་གར་ལ་བཙན་བྱོལ་དུ་སླེབས་པ་ཡིན། བོད་ནང་ས་གནས་གང་ནས་ཡིན་པ་དང་སློབ་གྲྭ་གང་དུ་བསྐྱོད་པ་དེ་ཚོ་དམིགས་བསལ་བཤད་མི་དགོས་པ་བྱས་ན་བསམ་སོང།  གང་ལྟར་༡༩༨༧ལོ་ནས་བཟུང་སློབ་གྲྭར་འགྲོ་རྒྱུ་འགོ་བཙུགས་ནས་སློབ་སྦྱོང་བྱས་པ་རེད། ང་རང་༢༠༠༣ལོར་རྒྱ་གར་ལ་སླེབས་པ་ནས་བཟུང་༢༠༠༦བར་ཤེས་རབ་དགའ་ཚལ་སློབ་གླིང་ནང་སློབ་སྦྱོང་བྱས་ནས་བསྡད་པ་ཡིན།  དེ་རྗེས་༢༠༠༦ནས་༢༠༠༧ལོའི་བར་སུ་ཛི་བོད་དོན་རྒྱབ་བསྐྱོར་ཚོགས་པས་བཙུགས་གནང་བའི་སྒེར་གྱི་སློབ་གྲྭ་(Education Support Trust) ཞིག་གི་ནང་དབྱིན་ཡིག་དང་གློག་ཀླད་ལ་ཆེད་སྦྱོང་བྱས་ནས་བསྡད།

དེ་རྗེས་༢༠༠༧གྱི་ལོ་འཇུག་དེར་སློབ་གྲྭ་ནས་ཡར་ཐོན་ནས་༢༠༠༨བར་མེག་གྷན་དུ་བྱིས་པ་གཉོར་སྐྱོང་ཁང་དང༌། འཚེམ་ཁང༌། ལས་མེད་བཅས་ལ་རོགས་པ་བྱེད་མཁན་གྱི་༼རོགས་པ་ཚོགས་པར་༽ལོ་གཅིག་རིང་རྩིས་པ་དང་བོད་ཡིག་འབྲེལ་མཐུད་པའི་ལས་ཀ་བྱས་ནས་བསྡད་པ་ཡིན།  ༢༠༠༨ ལོར་བོད་ནང་གཞི་རྒྱ་ཆེ་བའི་ལས་འགུལ་བྱུང་བར་བརྟེན་ལས་ཞོར་ལ་དང་བླངས་བོད་རིགས་རེ་ཟུང་ཞིག་དང་མཉམ་དུ་༼བོད་དོན་གླེང་བ་༽ (Talk Tibet) ཞེས་པ་གསར་འཛུགས་ཀྱིས་བོད་རིགས་ནང་ཁུལ་དང་ལྷག་པར་གཞོན་སྐྱེས་ནང་ཁུལ་བོད་དོན་ཐོག་བགྲོ་གླེང་གནང་སའི་སྡིངས་ཆ་ཞིག་བསྐྲུན་ཆེད་དུ་རེས་གཟའ་སྤེན་པ་ནམ་ཡིན་ལ་བོད་དོན་ཐོག་བགྲོ་གླེང་དང༌། འཐབ་རྩོད་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་ཞུས་ནས་གང་ཙམ་ཕན་ཐོག་བྱུང་སོང༌།  ༢༠༠༨ནས་༢༠༡༠བར་ནོར་གླིང་ལ་ཡོད་པའི་ཞི་བདེ་གླིང་དུ་དུས་ཡུན་ལོ་གཉིས་ཀྱི་དུས་ཆད་ཀྱི་ལས་གཞི་ཞིག་ལ་འགན་ཁུར་ཞུས་ནས་བསྡད་པ་ཡིན།  

དེའི་ཞོར་ལ་ནོར་གླིང་ཁུལ་དུ་གནས་བསྡོད་བྱེད་མཁན་བོད་ནས་བསླེབས་པའི་བོད་རིགས་ཚོར་དབྱིན་ཇི་དང། རྒྱ་ཡིག་སློབ་ཁྲིད་ཀྱི་འཛིན་གྲྭ་བཙུགས་པ་དང།  དེ་བཞིན་ནོར་གླིང་དུ་གནས་བཞུགས་བློ་གྲོས་ལགས་ཟེར་བའི་བོད་རིགས་ཤིག་གི་དཔལ་འབྱོར་རོགས་རམ་འོག་གཞོན་སྐྱེས་ཚོར་གློག་ཀླད་ཀྱི་གཟབ་སྦྱོང་སྔ་རྗེས་ཐེངས་གསུམ་ལ་སྤྲད་ཐུབ་པ་སོགས་གང་འཚམ་ཞིག་ཕན་ཐོགས་ཡོད་པའི་ལས་ཀ་ཡང་བྱེད་ཐུབ་པ་བྱུང།  དེ་མ་ཟད་ལས་ཞོར་དུ་སྲིད་སྐྱོང་གི་འོས་བསྡུའི་ལས་རིམ་ནང་མི་མང་གིས་མཉམ་བཞུགས་གནང་དགོས་པའི་གོ་རྟོགས་ལས་འགུལ་སྤེལ་ཆེད་དུ༼མང་གཙོ་གོང་འཕེལ་གཞོན་ནུ་ལྷན་ཚོགས།༽ (Youth for Better Democracy) ཀྱི་ཚོགས་མིར་འཛུལ་བཞུགས་ཀྱིས་ལས་ཀ་གང་ཙམ་བྱེད་ཐུབ་པ་བྱུང།  དེ་རྗེས་༢༠༡༠ནས་༢༠༡༡བར་ཐོས་བསམ་གླིང་(Thosamling Institute) དུ་བོད་ཡིག་དགེ་རྒན་བྱས་པ་ཡིན།  དེ་ནས་༢༠༡༡ནས་༢༠༡༢ བར་ངྷ་རམ་ས་ལའི་ས་གནས་གཞོན་ནུའི་ཤེས་རིག་འགན་འཛིན་གྱི་ལས་འགན་འཁུར།  དེ་དང་མཉམ་དུ་རེ་བ་ཚོགས་པ་(Hope Center) ཡི་འགན་འཛིན་ལས་རོགས་དང་དགེ་རྒན་གཅིག་ལྕོག་གི་ལས་ཀ་བྱས་པ་ཡིན།

༢༠༡༢ནས་༢༠༡༣བར་ངྷ་རམ་ས་ལའི་ས་གནས་གཞོན་ནུའི་དྲུང་ཆེ་ཡི་ལས་འགན་འཁུར་ནས་བསྡད་པ་རེད། སྐབས་དེར་དུས་ཡུན་ལོ་གཅིག་རིང་ནོར་གླིང་ས་གནས་ཀྱི་བོད་རིགས་རོགས་པ་ཁ་ཤས་དང་མཉམ་དུ་ནོར་བུ་གླིང་ཁའི་ས་གནས་མི་མང་ལ་བོད་དོན་ལས་འགུལ་དང༌། སྤྱི་ཚོགས་ཞབས་ཞུ་བཅས་ལས་འགུལ་མང་པོ་ཞིག་སྤེལ་ཆེད་ཐོག་མར་དང་བླངས་རུ་ཁག་དང་དེ་ནས་རིམ་པས༼ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་༽ཞེས་པ་གསར་འཛུགས་ཀྱིས་དེའི་འགན་འཛིན་དུ་འོས་འདེམས་ཀྱིས་འགན་འཁུར་ནས་བསྡད་པ་རེད། ཡིན་ཡང་། ཕྱིས་སུ་ང་རང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ནང་ཆབ་སྲིད་བཙོན་པ་ཚོར་དབྱིན་ཡིག་དགེ་རྒན་གྱི་ལས་ཀ་བྱེད་པ་དང་ས་གནས་གཞོན་ནུར་ཡང་དྲུང་ཆེའི་ལས་འགན་ཁུར་བཞིན་པར་སོང་ཙང་ལས་བྲེལ་གྱི་རྐྱེན་གྱིས་ནོར་གླིང་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ནས་དགོངས་པ་ཞུ་དགོས་བྱུང། འོན་ཀྱང་ལོ་གཅིག་ཙམ་རིང་ཞབས་ཕྱི་གང་ལེགས་ཞུ་ཐུབ་པ་བྱུང།  ད་ལྟའི་འཆར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་འགན་འཁུར་འོག་ལས་ཀ་བྱེད་བཞིན་ཡོད།

༢ དྲི་བ། དྲུང་ཆེ་ལགས། ཁྱེད་རང་གཞོན་ལྷན་གྱི་དྲུང་ཆེ་བྱས་ནས་དུས་ཡུན་གང་ཙམ་ཕྱིན་པའི་ནང༌། ཚོགས་པ་འདིའི་གནས་སྟངས་གང་འདྲ་ཞིག་ལ་སླེབ་ཡོད་དམ།
ལན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བཙུགས་ནས་ད་བར་ལོ་ངོ་༤༥ཕྱིན་ཡོད་པ་དང་། ང་ཚོ་ད་ལྟའི་རྒྱུན་ལས་དེ་སྐབས་༡༥པའི་རྒྱུན་ལས་དེ་ཆགས་ཀྱི་ཡོད་པ་རེད། དེ་འདྲ་སོང་ཙང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་འདས་པའི་ལོ་ངོ་༤༥རིང་ལ་ཆབ་སྲིད་ཀྱི་འཐབ་རྩོད་ཙམ་མ་ཡིན་པར། རིག་གཞུང་སྲུང་སྐྱོབས་དང༌། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཐོག་ལ་ཕྱག་ལས་ཤུགས་ཆེན་པོ་དང་རྒྱ་ཆེན་པོ་ཞིག་གནང་ཡོད་རེད། དེ་ཚོ་དང་བསྡུར་བ་ཡིན་ན་ད་ལྟ་ང་ཚོ་སྐབས་བཅོ་ལྔ་པའི་རྒྱུན་ལས་ཀྱི་ངོས་ནས་ཐོལ་པ་དང་དམིགས་བསལ་འདི་བྱས་པ་ཡིན་ཅེས་ཞུ་ཚོད་ཐིག་གི་མིན་འདུག་ཀྱང༌།  ང་ཚོས་དབུས་རྒྱུན་ལས་ཀྱི་ལས་ཀ་དེ་བརྩིས་ལེན་སྐབས་གཞོན་ནུ་ལྷན་ཚོགས་ཀྱི་ཆེས་དཀའ་ངལ་ཆེ་ཤོས་ཀྱི་དུས་ཚོད་གཅིག་དང།  སྤྱི་ཚོགས་ནང་ལབ་གླེང་མང་པོ་ཡོད་པའི་དུས་སྐབས་གཅིག་ལ་ཁེལ་ཡོད་པ་རེད།  གཞོན་ནུ་ལྷན་ཚོགས་ཀྱི་ནུས་པ་ཉམས་དམས་སུ་ཕྱིན་ན་དེ་ང་ཚོ་བོད་མི་རིགས་དང་བོད་དོན་འཐབ་རྩོད་ལ་གྱོང་གུན་ཞིག་དང༌། དགྲ་བོ་རྒྱ་དམར་ལ་དགོས་རྒྱུ་སྤགས་ལ་སྤགས་ཁུ་ད་ར་ཞེས་པ་དེ་བྱུང་བ་རེད།  དེར་བརྟེན་ཐོག་མར་འགོ་བཙུགས་དུས་ནས་ང་ཚོས་ལོ་གསུམ་གྱི་ནང་འགུལ་བསྐྱོད་བྱེད་རྒྱུའི་སེམས་ཤུགས་དང་ལྷག་བསམ་ཞིག་འཁྱེར་ནས་༼གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་སྲ་བརྟན།༽ དང༌། ༼ མི་རབས་གསར་པའི་འཐབ་རྩོད་ཀྱི་སྙིང་སྟོབས་གོང་འཕེལ།༽  ༼ བོད་སྤྱི་པའི་བདེན་དོན་འཐབ་རྩོད་ཀྱི་ཆེད་དུ་ང་ཚོ་བོད་རིགས་ཚང་མ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ།༽བཅས་ཀྱི་ཆེད་དུ་དམིགས་ཚད་ཅིག་བཟུང་ནས་གཞོན་ལྷན་གྱི་སྒྲིག་གཞིའི་དམིགས་ཡུལ་དང་མ་འགལ་བར་གོམ་པ་སྤོས་པ་རེད།

ལས་འགན་དེ་གསུམ་གཞི་ལ་བཞག་ནས་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྲ་བརྟན་ཡོང་བ་བྱེད་པ་ལ་དབུས་ལས་ཁུངས་ཀྱི་ལས་ཀར་འཐུས་ཤོར་མི་ཡོང་ཆེད་གནད་ཁེལ་པོའི་ཐོག་ནས་དབུས་རྒྱུན་ནང་ཁུལ་གྱི་ལས་འགན་ཆ་འགོས་བྱས་པ་རེད།  མི་མང་མེད་ན་ས་གནས་གཞོན་ནུ་མེད་ལ། ས་གནས་གཞོན་ནུ་མེད་ན་དབུས་གཞོན་ནུ་ཡོང་ཐབས་མེད་པས་དེ་གསུམ་པོ་མ་འཛོམས་ན་ལས་འགུལ་ཚགས་ཚུད་ཡོང་ཐབས་མེད་པ་རེད།  ཕྱོགས་དེ་གསུམ་ཚང་བ་ཙམ་མ་ཟད་འཕྱར་གྲུ་མཉམ་འདེགས་དགོས་པ་རེད།  བྱས་ཙང་དབུས་སའི་འབྲེལ་ལམ་དེ་ཞེ་དྲག་གལ་ཆེན་པོ་རེད།  དེ་ངོས་འཛིན་པའི་ཐོག་ནས་སྔོན་མ་ཡིན་ན་རྒྱུན་ལས་གཅིག་གིས་ས་གནས་ཁག་༨༧ཙམ་ལ་འབྲེལ་བ་ཞུ་ཡི་ཡོད་པ་རེད། དེར་བརྟེན་ཏོག་ཙམ་ལས་ཀ་མང་པོ་འདྲ་བོ་ཆགས་ཡོད་པ་དང་སྐབས་རེ་འཐུས་ཤོར་བྱུང་བ་ཡང་ཡོང་གི་རེད།  ད་ལྟ་ང་ཚོ་སྐབས་༡༥པའི་ངོས་ནས་ས་གནས་གཞོན་ནུ་ཁག་ལ་འབྲེལ་ལམ་ཞུ་མཁན་དེ།  རྒྱ་བལ་འབྲུག་གསུམ་ལ་ཡོད་པའི་ས་གནས་གཞོན་ནུར་འབྲེལ་ལམ་ཞུ་མཁན་རྒྱུན་ལས་གཅིག་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་ས་གནས་གཞོན་ནུར་འབྲེལ་ལམ་ཞུ་མཁན་གཅིག་བཅས་རྒྱུན་ལས་གཉིས་སྐོ་འཇོག་བྱས་ཡོད་པ་རེད། ས་གནས་གཞོན་ནུ་ཁག་གི་འབྲེལ་ལམ་དེ་སྔོན་མ་དང་མི་འདྲ་བར་ཡར་རྒྱས་བཏང་ཡོད་ཟེར་བ་ལབ་ཁེག་པོ་ཡིན་ཡང༌། འཐུས་ཤོར་རུ་རྩ་བ་ཉིད་ནས་བཏང་མེད་ཞུ་རྒྱུ་ཡིན།

དེ་ནས་གཞོན་ལྷན་གྱི་ཡིག་ཆ་ཉར་ཚགས་བྱེད་ཕྱོགས་དེ་རེད།  ཡིག་ཚང་ནང་ལོག་ཡིག་ཆ་ཉར་ཚགས་བྱེད་ཕྱོགས་ཀྱི་གནས་སྟངས་མང་པོ་ཞིག་གི་ཐད་ལ་ཡར་རྒྱས་དང་ཚགས་ཚུད་དུ་བཏང་ཡོད་ཅེས་བཤད་ཀྱང་མི་མཆོག་པ་མེད།  གཞན་གྱི་གནས་སྟངས་མང་པོ་ཞིག་ལ་སྔོན་མ་ནས་ཚགས་ཚུད་པོ་ཡོད་པ་དེ་དག་མུ་མཐུད་ནས་རྒྱུན་སྲིང་བཞིན་པའི་གནས་སྟངས་ཤིག་ཆགས་ཡོད་ཅེས་ཞུ་རྒྱུ་ཡིན།
མི་རབས་གསར་པའི་འཐབ་རྩོད་ཀྱི་སྙིང་སྟོབས་གོང་འཕེལ་ཟེར་བ་དེ་སྔོན་མ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བོད་ཀྱི་གཞོན་སྐྱེས་ཚོས་བོད་སྤྱི་པའི་འཐབ་རྩོད་དང༌། དེ་ག་ནང་བཞིན་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབས་དང་མི་ཉམས་གོང་འཕེལ་རྒྱུད་འཛིན་བྱེད་ཆེད་བཅས་ལ་ནུས་པ་གཅིག་ཏུ་སྤུངས་སའི་སྡིངས་ཆ་ཞིག་ལ་དམིགས་ནས་བཙུགས་པ་ཡིན་ཙང༌།  བོད་རིགས་གཞོན་སྐྱེས་ཀྱིས་འགན་འཁུར་རྒྱུའི་ཐོག་ལ་ང་ཚོའི་ངོས་ནས་སེམས་ཤུགས་འཕར་མ་བསྐྲུན་པ་དང༌། སྙིང་སྟོབས་འཕར་མ་བསྐྲུན་རྒྱུའི་ཐད་ལ་ང་ཚོར་དམིགས་གསལ་གྱི་འགན་ཞིག་ཡོད་པ་རེད།  བྱས་ཙང་ང་ཚོས་སྤྱིར་གཞོན་སྐྱེས་ཡོངས་དང༌། ལྷག་པར་མཐོ་སློབ་ཁག་གི་ནང་ཡོད་པའི་ས་གནས་གཞོན་ནུ་ཁག་ལ་ནམ་ཞག་རྒྱུན་དུ་ནས་བོད་དོན་གོ་རྟོགས་སྤེལ་རྒྱུ་མཚོན་པའི་གཏམ་བཤད་གནང་བ་དང།  བགྲོ་གླེང་གོ་སྒྲིག་བྱེད་པ།  གཟབ་སྦྱོང་སྤྲོད་པ།  དེ་བཞིན་མཐོ་སློབ་གྱི་ས་གནས་གཞོན་ནུ་ཚོར་ནང་ཁུལ་གྱི་བགྲོ་གླེང་གང་མང་གོ་སྒྲིག་ཞུ་དགོས་པའི་ལམ་སྟོན་དང་འབོད་སྐུལ་ཡང་བྱེད་བཞིན་པ་ཡིན།  ད་ལྟའི་གཞོན་སྐྱེས་དེ་དག་མ་འོངས་པའི་བོད་ཀྱི་བདག་པོ་དང་བོད་དོན་འཐབ་རྩོད་རྒྱུན་སྐྱོང་བྱེད་མཁན་ཡིན་པས་ཁོང་ཚོས་བོད་ཀྱི་གནད་དོན་ཤེས་པ་དང། ཁོང་ཚོའི་སེམས་ནང་བོད་རིགས་ཀྱི་ལར་ཞེན་དང༌། རྒྱལ་གཅེས་ཀྱི་བསམ་བློའི་ཆོས་སེམས་བརྟན་པོ་ཡོད་པ་བཟོ་དགོས་རྒྱུ་དེ་ང་ཚོ་ཚང་མའི་འོས་འགན་ཞིག་རེད་བསམ་གྱི་ཡོད།

བོད་སྤྱི་བའི་དོན་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། དེ་ང་ཚོས་གལ་ཆེན་པོ་ཞིག་རྩིས་ཀྱི་ཡོད། སྤྱིར་བཏང་ང་ཚོ་ཚང་མས་མཐུན་སྒྲིལ་དགོས་ཀྱི་འདུག་ཅེས་གསུང་གི་ཡོད་པ་རེད། ལག་ལེན་གྱི་ཐོག་ནས་ད་ལོར་ང་ཚོར་ཆ་བཞག་པ་ཡིན། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཟེར་བ་དེ་ཐོག་མར་དབུས་རྒྱུན་ནང་ཁུལ་དང་དེ་ནས་གཞོན་ནུ་ནང་ཁུལ།  དེ་ནས་རིམ་པས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ལ་འབྲེལ་ལམ་ཡོང་པ་རྒྱུན་སྐྱོང་དང༌།  འབྲེལ་ལམ་མེད་སར་གསར་འཛུགས་བྱས་ཏེ་མཐུན་ལམ་དང་ཆིག་སྒྲིལ་ཡོང་ཐབས་བྱེད་ཀྱི་ཡོད།  དེ་ག་ནང་བཞིན་ང་ཚོ་བོད་རིགས་ནང་ཁུལ་གྱི་ལང་ཕྱོགས་འདྲ་མིན་དང༌། ལྟ་གྲུབ་འདྲ་མིན། ལུང་ཚན་འདྲ་མིན། ཆོས་ལུགས་འདྲ་མིན་ལ་མ་བལྟས་པར་བོད་སྤྱིའི་འཐབ་རྩོད་ཀྱི་ཆེད་དུ་བོད་པ་ཞེས་པའི་མིང་འདིའི་འོག་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དགོས་རྒྱུའི་ཐོག་ལ་ང་ཚོའི་ངོས་ནས་རྩ་འཛིན་བྱེད་ཀྱི་ཡོད་ལ། ང་ཚོའི་ལས་དོན་ཚང་མར་དེ་ཚོ་གཞི་རྩ་ལ་བཞག་ནས་ལས་འགུལ་འགྲོ་དང་འགྲོ་མུས་ཡིན།
 དེང་སང་སྤྱི་ཚོགས་ནང་ཆིག་སྒྲིལ་ཟེར་དུས་འགྲེལ་བཤད་མི་འདྲ་བ་རྒྱག་མཁན་དང་གོ་བ་ཡང་མི་འདྲ་བ་ལེན་མཁན་ཡོད་པ་རེད།  ཆིག་སྒྲིལ་ཟེར་བ་དེ་མི་ཚང་མ་ཆོས་ལུགས་གཅིག་དང་ལྟ་གྲུབ་གཅིག  ལང་ཕྱོགས་གཅིག་དགོས་པ་དེར་ཟེར་གྱི་མེད། དེར་ངོས་འཛིན་བྱས་ན་རྦད་དེ་ནོར་བ་རེད།

གང་ཡིན་ཟེར་ན་མི་ཚང་མ་ཆོས་ལུགས་གཅིག་དང། ལྟ་གྲུབ་གཅིག  ལངས་ཕྱོགས་གཅིག་ཟེར་བ་དེ་ནམ་ཡང་ཡོང་ཐབས་མེད། ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ལ་ཡིན་ན་ཡང་མདོ་སྡེ་པ་དང་དབུ་མ་བ། བྱེ་བྲག་སྨྲ་བ་སོགས་དང། ཡང་ས་དགེ་བཀའ་རྙིང་དང་ཇོ་ནང་སོགས་རིགས་མང་པོ་ཡོད་པ་རེད།  ཆིག་སྒྲིལ་ཟེར་དུས་གཅིག་གིས་གཅིག་ལ་དམའ་འབེབས་དང་འབུར་འཇོམས་བྱེད་པ་དེར་འཛེམས་ནས་གནས་ལུགས་ཀྱི་ཐོག་ཏུ་ཕན་ཚུན་གུས་བརྩི་ཞུ་དགོས་པ་དེ་རེད།  དེ་ལ་ཆིག་སྒྲིལ་ཟེར་གྱི་རེད།  བྱས་ཙང་ང་ཚོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཡིན་ནའང་ད་ལྟའི་སྐབས་ ༡༥ པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ངོས་ནས་གནས་ཚུལ་གཅིག་གསལ་པོ་བཟོས་ཡོད།  དེ་གཞོན་ལྷན་རང་ཉིད་ཀྱི་ངོས་ནས་གཞོན་ལྷན་ཐོག་མར་གསར་འཛུགས་གནང་སྐབས་ཀྱི་དམིགས་ཡུལ་སྒྲིག་གཞི་གཞི་རྩར་བཞག་ནས་ལས་ཀ་བྱེད་རྒྱུ་ལགས་ཀྱང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མིའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དང་བོད་དོན་བདེན་མཐའ་མྱུར་དུ་སེལ་ཆེད་དུ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་འབད་རྩོལ་གནང་བཞིན་པར་ལྷག་བསམ་རྣམ་དག་གིས་གུས་བརྩི་ཞུ་ཡི་ཡོད་ཅེས་པ་དེ་རེད།  དེ་ལབ་པ་ཙམ་མ་ཡིན་པར་ལག་ལེན་གྱི་ཐོག་ནས་ང་ཚོས་ད་ལྟ་བར་གུས་རྩི་མ་ཞུས་པའི་ལས་ཀ་གཅིག་ཀྱང་བྱས་མེད་ལ་མ་འོངས་པར་ཡང་ཡོང་གི་མ་རེད།  

ས་གནས་གཞོན་ནུ་ལ་ཆ་བཞག་པ་ཡིན་ན་འདས་པའི་ལོ་གཅིག་གི་ནང་ལ་ས་གནས་གཞོན་ནུ་མང་པོ་ཞིག་ལ་འཚམས་གཟིགས་འགྲོ་ཐུབ་པ་དེ་འདྲ་ཞིག་བྱུང་ཡོད། དཔེར་མཚོན་ཞིག་ཞུས་པ་ཡིན་ན། བལ་ཡུལ་གྱི་སྤོག་ར་ལ་ས་གནས་གཞོན་ནུ་བཞི་ཡོད་པ་རེད། དེ་ཚོ་ཆ་ཚང་ལ་ན་ནིང་ཕྱིན་པ་རེད། དེས་མ་ཟད་བལ་ཡུལ་གྱི་ས་མཚམས་བློ་ཚེ་རོག་ལ་ས་གནས་གཞོན་ནུ་ཡོད་པ་རེད།  དེར་ས་ཐག་རིང་པོ་དང་འགྲོ་ལམ་དཀའ་ལས་ཁག་པའི་དབང་གིས་ལོ་ངོ་བཅུ་གཉིས་ཙམ་འཚམས་གཟིགས་ཕེབས་མ་ཐུབ་པའི་གནས་སྟངས་བྱུང་ཡོད་ཀྱང་། ད་ལོ་ང་ཚོས་འཚམས་གཟིགས་ལ་བཅར་ཐུབ་པ་དེ་འདྲ་བྱུང་སོང༌།  དེ་བཞིན་ལྷོ་ཕྱོགས་དང་བྱང་ཕྱོགས་ཀྱི་ས་གནས་གང་ཙམ་མང་པོ་ཞིག་ལ་བཅར་ཐུབ་པ་བྱུང༌།  ད་ལྟ་སྤྱི་ཁྱབ་ཚོགས་གཙོ་ལ་ཆ་བཞག་ན་ཡོ་རོབ་ལ་ཕྱིན་ནས་སུད་སི་ས་གནས་གཞོན་ནུ་རེད། བྷེལ་ཇམ་ས་གནས་གཞོན་ནུ། ཧྥ་རན་སི་ས་གནས་གཞོན་ནུ་བཅས་ཡོ་རོབ་ནང་ལ་ཡོད་པའི་ས་གནས་གཞོན་ནུ་ཁག་གསུམ་ལ་འཚམས་གཟིགས་གནང་རྒྱུའི་མཛད་རིམ་ཞིག་སྒྲིག་ནས་ཕེབས་བཞིན་པ་རེད་ལ།  སྔོན་མ་ཨ་རིའི་ནང་གི་ས་གནས་ཁག་གཅིག་ལ་ཡང་བཅར་ཐུབ་པ་རེད།   གང་ལྟར་ལོ་གསུམ་གྱི་ནང་ས་གནས་གཞོན་ནུ་ཚང་མར་བཅར་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།   དེ་འདྲ་སོང་ཙང་ང་ཚོས་ས་གནས་གཞོན་ནུ་ཁག་ལ་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དེ་ལ་ང་ཚོའི་ངོས་ནས་འཐུས་ཤོར་རྩ་བ་ཉིད་ནས་ཕྱིན་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པར་ཞུ་རྒྱུ་ཡིན། ཡང་འབྲེལ་ལམ་གྱི་སྐད་ཆ་བཤད་སྐབས་གཞོན་ལྷན་ཐོག་མར་དབུ་འཛུགས་གནང་བ་ནས་བཟུང་ད་ལྟ་བར་ལྷག་བསམ་ཅན་གྱི་དབུས་རྒྱུན་ཟུར་དགུ་བཅུར་ཉེ་བ་ཞིག་ཡོད་པ་རེད།  དེར་བརྟེན་ང་ཚོའི་ངོས་ནས་ཁོང་རྣམ་པར་ཡང་དུས་རྒྱུན་དུ་་གཞོན་ལྷན་གྱི་ལས་དོན་དང་འབྲེལ་བའི་ཐོག་ནས་འབྲེལ་ལམ་ཞུ་དང་ཞུ་མུས་སུ་ཡོད་པ་ཞིག་ཆགས་ཡོད།


༣ དྲི་བ། ཁྱེད་རང་དྲུང་ཆེ་བྱས་པའི་རིང་གཞོན་ལྷན་ངོས་ནས་ཚོགས་པ་གཞན་དང་མི་འདྲ་བ་རང་བཙན་གྱི་ལས་འགུལ་གང་དང་གང་སྤེལ་ཡོད་དམ།
ལན། སྤྱིར་བཏང་ཚོགས་པ་གཞན་དང་མི་འདྲ་བ་ལབ་དུས་ནམ་རྒྱུན་ཚོགས་པ་གཞན་ལ་མེད་པའི་གནས་བབས་ཤིག་བཤད་དགོས་པ་ཡིན་དུས།  བོད་དོན་ཐོག་ལ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་གིས་ཕྱག་ལས་མང་པོ་གནང་གི་ཡོད་རེད། ཕྱག་ལས་དེ་ཡང་རྒྱ་ཆེན་པོ་དང་རླབས་ཆེན་པོ་གནང་གི་ཡོད་རེད། ད་ལྟའི་དྲི་བ་དེ་ཚོགས་པ་གཞན་དང་མི་འདྲ་བ་རང་བཙན་གྱི་ཐོག་ལ་ཕྱག་ལས་ག་རེ་གནང་གི་ཡོད་རེད་དམ་གསུངས་དུས། དེ་ཕལ་ཆེར་མ་འདྲ་བ་ཞིག་གཏན་གཏན་ཆགས་ཀྱི་རེད་བསམ་པ་དྲན་གྱི་འདུག ད་ལྟ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མང་པོ་ཞིག་ཁོ་རང་ཚོ་ལང་ཕྱོགས་ཀྱི་ཆ་ནས་འཐབ་རྩོད་ཀྱི་ལས་དོན་མང་པོ་ཞིག་ལ་རང་བཞིན་གྱིས་བཀག་རྒྱ་ཞིག་ཡོད་པ་རེད། དེར་བརྟེན་ཁོང་ཚོས་གནང་མི་ཐུབ་པའི་ཕྱག་ལས་མང་པོ་ཞིག་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་ཆ་བཞག་པ་ཡིན། ཚོགས་པ་གཞན་དང་མི་འདྲ་བའི་ཐོག་ནས་གཞོན་ནུ་ལྷན་ཚོགས་ཐོག་མར་བཙུགས་དུས་ནས་ད་ལྟ་བར་རང་བཙན་གྱི་ལང་ཕྱོགས་དེ་ལ་འགྱུར་བ་མེད་པ་ཞིག་རེད།  རང་བཙན་དེ་གཞོན་ལྷན་གྱི་དམིགས་ཡུལ་བཞིའི་ནང་ནས་གཅིག་ཆགས་ཡོད་པ་རེད།  སྤྱིར་བཏང་ནས་ང་ཚོས་ནམ་ཞག་རྒྱུན་དུ་ནས་ཆབ་སྲིད་ཀྱི་ལས་འགུལ་ཚང་མ་བོད་སྤྱིའི་འཐབ་རྩོད་དང་འབྲེལ་བ་ཡོད་པ་དང་ང་ཚོ་གཞོན་ནུ་ལྷན་ཚོགས་ཀྱི་རྩ་བའི་དམིགས་ཡུལ་དང་འབྲེལ་བ་ཡོད་པ་དེ་འདྲ་ཞིག་ཆགས་ཡོད་པ་རེད། ཚོགས་པ་གཞན་དང་མི་འདྲ་བ་ཟེར་དུས། འདས་པའི་ལོ་རྒྱུས་ནང་ལ་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཡིན་པ་དང༌། བོད་མི་རང་ངོས་ནས་ཀྱང་དམར་ཤོག་བཙན་འཛུལ་རྒྱལ་ཁབ་འདིའི་འོག་ན་འདུག་སྡོད་མེད་པ།  ད་ལྟ་རྒྱལ་སྤྱིའི་ཁྲིམས་ལུགས་སོགས་ཀྱི་ཐོག་ནས་ཀྱང་རང་བཙན་བྱེད་པའི་ཐོབ་ཐང་ཆ་ཚང་ཡོད་པ་སོགས་ཀྱི་ཡིག་ཆ་འགྲེམ་སྤེལ་ཞུ་བ་དང༌། ཡང་དེ་མཐུན་གྱི་འབོད་ཚིག་སྒྲོག་པ་སོགས་ཀྱི་ལས་འགུལ་དེ་ཚོ་མི་འདྲ་བ་ཞིག་ཆགས་ཡོད་པ་རེད།

ཡང་དཔེར་མཚོན་ཙམ་ཞིག་ཞུས་པ་ཡིན། འདས་པའི་ལོ་ངོ་གཅིག་གི་ནང་ལོག་ལ་ང་ཚོས་གོམ་བགྲོད་ཅིག་བྱས་ཡོད་པ་རེད། ཕྱི་ཟླ་༢པའི་ཚེས་༨ནས་༣པའི་ཚེས་༡༠བར་བཞུགས་སྒར་ངྷ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ངྷི་ལི་བར་དུ་བོད་མིའི་སྒེར་ལངས་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། དེ་ཡང་ཚོགས་པ་གཞན་དང་མི་འདྲ་བའི་ལས་འགུལ་ཞིག་ཆགས་ཡོད། ལས་འགུལ་གྱི་ངོ་བོ་དེ་བོད་མིའི་སྒེར་ལངས་གོམ་བགྲོད་ཞུ་ཡི་ཡོད་པ་ཡིན་ཙང༌། བོད་མིའི་སྒེར་ལངས་ཀྱི་ཉིན་མོ་དེ་༡༩༥༩ཕྱི་ཟླ་༣ཚེས་༡༠ཉིན་དབུ་འཛུགས་ཞུས་པ་ཞིག་དང༌། དེ་ཡང་སྐབས་དེ་དུས་བོད་ལ་ཡོད་པའི་བོད་མི་ཚང་མས་བོད་ལ་རང་བཙན་དགོས་ཡོད། རྒྱ་མི་བོད་ནས་མཐར་སྤྲོད་གཏོང་གི་ཡིན་ཞེས་པའི་འབོད་སྒྲ་བསྒྲགས་ཡོད་པ་རེད། དེ་དུས་ཀྱི་བོད་མིའི་སྒེར་ལངས་ཀྱི་ངོ་བོ་དེ་རང་བཙན་འཐབ་རྩོད་ཀྱི་ངོ་བོ་ཞིག་ཆགས་ཡོད་པ་དང་ང་ཚོ་གཞོན་ལྷན་གྱི་ངོས་ནས་ཡིན་ཡང་ལོ་རྒྱུས་རང་བཞིན་གྱི་དུས་དྲན་དེ་ཚོགས་པའི་དམིགས་ཡུལ་དང་མཐུན་པ་མ་ཟད།  བོད་མི་ས་ཡ་མང་པོའི་གསོན་པོའི་རེ་འདོད་དང་ཤི་བོའི་ཁ་འཆམས་ལ་དྲན་གསོ་བྱེད་པའི་དུས་དྲན་གྱི་ཉིན་མོ་གལ་ཆེན་པོ་ཞིག་ཆགས་ཡོད་པ་དེ་གནད་འགག་གཅིག་དང༌།

གནད་འགག་གཉིས་པ་དེ་གོམ་བགྲོད་ལ་འགྲོ་མཁན་མི་༥༥ཡོད་པ་ཡིན་ཙང༌། ༡༩༥༩ནས་༢༠༡༤བར་ལོ་ངོ་༥༥རིང་རྒྱ་ནག་གཞུང་གིས་མནར་གཅོད་འོག་བོད་མི་ས་ཡ་དྲུག་གིས་སྡུག་བསྔལ་མྱོང་བ་མཚོན་བྱེད་དུ་མི་༥༥ལས་གྲུབ་པའི་དུས་ཡུན་ཟླ་བ་གཅིག་གི་གོམ་བགྲོད་ཀྱི་ལས་འགུལ་ཞིག་འགོ་བཙུགས་གནང་བ་རེད། དེ་བཞིན་ལས་འགུལ་ལ་འགྲོ་བའི་རིང་ལ་ས་གནས་ས་ཐོག་རང་ལ་སྐར་མ་ནས་ཆུ་ཚོད།  ཆུ་ཚོད་ནས་ཉི་མ། ཉི་མ་ནས་བདུན་ཕྲག་བརྒྱུད་ནས་འགྲོ་སྐབས་ས་གནས་ས་ཐོག་རང་ལ་མི་རིགས་མང་པོ་ཞིག་ཐུག་འཕྲད་ཡོང་གི་ཡོད་རེད། མི་སྣ་ཆེ་འབྲིང་ཆུང་གསུམ་ཚང་མ་ཐུག་གི་ཡོད་རེད། དེ་ཚོ་ཐུག་པའི་སྐབས་ལ་ང་ཚོས་ཧིན་ངྷཱིའི་སྐད་ཡིག་ནང་བོད་དོན་གྱི་སྐོར་ལ་ཡིག་ཆ་ཁྲི་གསུམ་ཙམ་ཞིག་འགྲེམས་སྤེལ་ཞུས་ཡོད་པ་རེད།
སྐབས་དེ་དུས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་དེ་ཧ་ལས་པའི་ཤུགས་ཆེན་པོ་ཞིག་ཆགས་ཀྱི་ཡོད། ཡང་གོམ་བགྲོད་ཚར་རྗེས་རྒྱ་གར་རྒྱལ་ས་ངྷི་ལི་ལ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་རྒྱལ་ཁབ་འདྲ་མིན་གྱི་གཞུང་ཚབ་ཚང་མ་ལ་ཕར་བཅར་ནས་བོད་ཀྱི་གནད་དོན་ཐོག་ལ་རྒྱབ་སྐྱོར་གནང་དགོས་པའི་སྙན་ཞུ་ཕུལ་བ་དང་ལྷག་པར་དུ་ང་ཚོའི་དགོས་འདུན་གལ་ཆེ་ཤོས་དེ་བོད་ནང་ལ་༧ཀུན་གཟིགས་པན་ཆེན་རིན་པོ་ཆེས་གཙོས་པའི་ཆབ་སྲིད་བཙོན་པ་ཚང་མ་གློད་གྲོལ་དགོས་པ་དང༌། བོད་ནང་ལ་རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་འགོད་པ་དང་ཚད་ལྡན་གྱི་རྒྱལ་སྤྱིའི་གཞོན་ནུའི་མཐུན་ཚོགས་ཤིག་གཏོང་དགོས་པ་སོགས་དགོས་འདུན་ཁག་ལྔའི་ཐོག་ལ་སྙན་ཞུ་ཞིག་འབུལ་ཐུབ་པ་བྱུང་ཡོད།

ཞོར་དུ་ཞུ་འདོད་བྱུང་བ་ཞིག་ལ་དེང་སང་སུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་སྐབས། དུས་དྲན་སྲུང་བརྩི་ཞུ་རྒྱུ་ལས་འགལ་ཏེ་ལངས་ཕྱོགས་ཀྱི་སྐད་ཆ་ཞིག་བཤད་ནས་སུམ་བཅུའི་དུས་དྲན་ཉིན་རང་བཙན་སྐད་འབོད་བྱས་མི་ཆོགས་པའི་སྐད་ཆ་ཞིག་སླེབས་ཀྱི་འདུག  སྐད་ཆ་དེ་གང་ནས་བསླེབས་མིན་མི་ཤེས་ཀྱང་གང་ལྟར་ང་ཚོས་སུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་དགོས་པའི་དམིགས་ཡུལ་དེ་སྐབས་དེའི་རྒྱལ་གཅེས་བོད་རིགས་སྤུན་ཟླ་ཚོ་དང་སྐབས་དེའི་ཐབས་སྐྱོ་བའི་གནས་སྟངས་དེ་དྲན་གསོ་བྱེད་ཀྱི་ཡོད་པས་དེ་གཙོ་བོར་འཛིན་དགོས། འབོད་ཚིག་དེ་རང་དབང་ལུང་པར་ཡོད་པའི་ཆ་ནས་མི་མང་རང་ལ་དབང་ཆ་སྤྲོད་དགོས་པ་ལས་ང་ཚོས་འབོད་ཚིག་འདི་ཆོག་པ་དང་འདི་མི་ཆོག་ཟེར་ན་རྩ་བ་ནས་འགྲིགས་ཐབས་མེད།

  ལྷག་པར་དུ་རང་བཙན་སྐད་འབོད་ལ་བཀག་སྡོམ་བྱེད་པ་ནི་སྐབས་དེའི་རྒྱལ་གཅེས་པ་ཚོའི་དགོས་འདུན་ལ་སྣང་ཆུང་དང་ཁྱད་གསོད་བྱས་པ་ཞིག་རང་ཆགས་པ་རེད། མ་འོངས་པར་སུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་སྐབས་ང་ཚོས་དུས་དྲན་གྱི་ངོ་བོ་མ་བརྗེད་པ་དང༌། མི་མང་ལ་རང་དབང་སྤྲོད་དགོས་ཀྱི་འདུག་བསམ་གྱི་འདུག


༤ དྲི་བ། གཞོན་ལྷན་གྱི་ངོས་ནས་མ་འོངས་པར་ཚོགས་པ་གཞན་དང་མི་འདྲ་བ་རང་བཙན་གྱི་ལས་འགུལ་གང་དང་གང་སྤེལ་འཆར་ཡོད་དམ།
ལན། ང་ཚོ་དབུས་རྒྱུན་ལས་ལ་ཆ་བཞག་པ་ཡིན་ན་ལོ་གསུམ་རེད། གཞོན་ནུ་ལྷན་ཚོགས་ཀྱི་འགྲོ་སྟངས་རང་གི་ཐོག་ནས་ལོ་རེ་རེའི་ནང་ལ་ག་རེ་བྱེད་དགོས་མིན་གྱི་འཆར་གཞི་དེ་ལོ་རེ་རེའི་ནང་ལ་འཆར་གཞི་སྒྲིག་གི་ཡོད་རེད། གཞོན་ནུ་ལྷན་ཚོགས་དབུ་འཛུགས་བྱས་པ་ནས་བཟུང་ལོ་རེ་རེའི་ནང་ལ་འགན་འཛིན་ལྷན་ཚོགས་ཐེངས་མ་རེ་རེ་འཚོགས་ཀྱི་ཡོད་པ་རེད། ཐེངས་མ་རེ་རེ་འཚོགས་སྐབས་འབྱུང་འགྱུར་གྱི་ལོ་དེའི་ནང་སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱྭ་དང་འབྲེལ་བའི་ཐོག་ག་རེ་བྱེད་དགོས་ཀྱི་འདུག  ཆབ་སྲིད་ཀྱི་ཐོགས་ནས་ག་རེད་བྱེད་དགོས་ཀྱིོ་འདུག ཆོས་ཕྱོགས་ཀྱི་ཐོག་ནས་ག་རེ་བྱེ་དགོས་ཀྱི་འདུག རིག་གཞུང་སྲུང་སྐྱོབ་ཀྱི་ཆ་ནས་ག་རེ་བྱེད་དགོས་ཀྱི་འདུག སྤྱི་ཚོགས་ཞབས་ཞུའི་ཐོག་ནས་ག་རེ་བྱེད་དགོས་ཀྱི་འདུག  སྒྲིག་འཛུགས་སྲ་བརྟན་ཐོག་ལ་ག་རེ་བྱེད་དགོས་ཀྱི་འདུག་པའི་གྲོས་གཞི་ཁག་མི་འདྲ་བ་བདུན་བརྒྱད་ཅིག་བཟོས་ནས་འགན་འཛིན་ལྷན་ཚོགས་མ་ཚོགས་གོང་གི་ཟླ་བ་གཅིག་སྔོན་ནས་ས་གནས་ཚང་མར་གྲོས་གཞི་དེ་བཀྲམས་པ་དང་།
དེ་རྗེས་ས་གནས་བརྒྱད་བཅུ་གྱ་གྲངས་ཤིག་ཡོད་པའི་ནང་རྒྱུན་ལས་ཀྱི་འགན་འཁུར་འོག་སོ་སོའི་ས་གནས་ཀྱི་ཚོགས་མི་སྐོང་འཚོགས་བྱས་ཏེ་གྲོས་གཞི་ཁག་ལ་གྲོས་བསྡུར་སྦྱང་བཤད་དཔྱིས་ཕྱིན་པ་ཞིག་བྱས།  དེའི་ནང་བྱེད་འོས་པའི་བསམ་ཚུལ་གལ་ཆེ་རྣམས་ས་གནས་ཀྱི་སྐུ་ཚབ་ཀྱིས་འགན་འཛིན་ལྷན་ཚོགས་སྐབས་ཡིག་ངག་གཉིས་ཀྱི་ཐོག་ནས་བསྡུ་རུབ་བྱས་དེ་དག་འགན་འཛིན་ལྷན་ཚོགས་ཀྱི་ཐོག་སླར་ཡང་གྲོས་བསྡུར་ལྷུག་པོ་བྱས་ནས་མཐར་བ་དེ་ལ་འབྱུང་འགྱུར་ལོ་གཅིག་དེའི་ནང་བྱེད་འོས་པ་རྣམས་གྲོས་ཆོད་ལ་བཞག་ནས་ལག་ལེན་ཁེལ་དགོས་ཀྱི་ཡོད།

སྤྱིར་བཏང་ལས་འགུལ་ལ་སྣ་ཁ་མི་འདྲ་བ་མང་པོ་ཡོད་རེད། དེའི་ནང་ནས་གལ་ཆེ་བ་ཞིག་ང་ཚོས་གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་རྒྱུའི་གྲོས་ཆོད་ཅིག་ཡོད་རེད། དེ་ག་དུས་སྤེལ་དགོས་མིན་དང་ག་རེ་སྤེལ་དགོས་མིན་དེ་ད་ལྟ་ང་ཚོའི་ངོས་ནས་གཏན་འབེབ་བྱུང་མེད་ན་ཡང་ལས་འགུལ་སྤེལ་གྱི་ཡོད་པ་དེ་ཐག་ཆོད་ཚར་བ་རེད། དེ་ནས་ཡང་ཚོགས་པ་གཞན་དང་མི་འདྲ་བའི་ལས་འགུལ་ཞིག་ག་རེ་ཆགས་ཡོད་རེད་དམ་ཞུས་ན། ༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་ཡིས་གཙོས་པས་ཆབ་སྲིད་བཙོན་པ་དེ་ཚོ་གློད་གྲོལ་ཡོང་བའི་ཆེད་དུ་དམིགས་བསལ་གྱི་ལས་འགུལ་ཞིག་སྤེལ་རྒྱུའི་འཆར་གཞི་ཞིག་བཏང་ཡོད།

དེ་ནས་གཞན་ཞིག་རྒྱ་གར་ནང་ལོག་ལ་༼བོད་ཀྱི་གཞོན་ནུའི་དུས་སྟོན།༽ཞེས་པ་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད་རེད།  ལས་འགུལ་གལ་ཆེན་གཅིག་ནི་ལོ་ལྟར་སྤྱི་ཟླ་༡༢ནང་གཙོ་བོ་མཐོ་སློབ་ཁག་དང་ས་གནས་གཞོན་ལྷན་ཁག་གི་གཞོན་སྐྱེས་ཚོར་འགོ་ཁྲིད་གཟབ་སྦྱོང་ཞིག་སྤྲོད་བཞིན་ཡོད།  གནས་ཚུལ་གལ་ཆེ་བ་དེ་ཚོ་ཡིན། དེ་མ་ཡིན་པའི་ལས་འགུལ་ཆུང་ཚག་མང་པོ་ཡོད་པ་རེད།


༥ དྲི་བ། ཁྱེད་རང་སྤྱི་ཁྱབ་དྲུང་ཆེ་བྱས་པའི་རིང། ས་གནས་ཡན་ལག་ཁག་ལ་འགྱུར་བ་ཕྱིན་ཡོད་དམ་མེད། གལ་སྲིད་འགྱུར་བ་ཕྱིན་ཡོད་པ་ཡིན་ན་གཞོན་ལྷན་གྱི་ཚོགས་པའི་ངོས་ནས་ཕན་གནོད་ཀྱི་ངོས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་དམ།
ལན། ང་ཚོ་སྐབས་༡༥པའི་དབུས་སྤྱི་ཁྱབ་རྒྱུན་ལས་རྣམས་ཐོག་མར་ལས་ཀ་འགོ་བཙུགས་དུས་ནས་ས་གནས་ཡན་ལག་ཁག་བརྒྱད་ལ་ནང་ཁུལ་གྱི་གནད་དོན་ཞིག་ཡོད་བཞིན་པ་རེད། དེ་གནས་ཚུལ་ག་རེ་བྱུང་ཡོད་མེད་ཡོངས་གྲགས་རེད། ང་ཚོའི་ངོས་ནས་ཀྱང་ས་གནས་ཁག་བརྒྱད་ཆིག་སྒྲིལ་ཡོང་རྒྱུ་དེ་ལས་ཀ་གལ་ཆེན་ཞིག་ལ་བརྩིས་ཡོད།  ཁོང་ཚོའི་བཀའ་མོལ་དེ་ལངས་ཕྱོགས་ཀྱི་དཀའ་ངལ་ཞིག་ཡིན་པར་བརྗོད་ཀྱི་ཡོད་པ་རེད།  སྤྱིར་གནས་ཚུལ་མགོ་འཚོས་མཁན་ཞིག་ཡིན་ན་གཞོན་ནུའི་ཚོགས་ཆེན་ ༡༥ པའི་ཐོག་གནས་ཚུལ་དེ་གསལ་པོ་ཞེ་དྲག་ཆགས་ཚར་བ་རེད། གནད་དོན་དེར་སྐབས་༡༥པའི་ཚོགས་ཆེན་ཐོག་ཏུ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་སློབ་ཕེབས་ཏེ་བར་ལམ་ཞིག་ལ་གཞོན་ལྷན་གྱི་ལས་དོན་བྱེད་ཕྱོགས་རེ་ཟུང་ཞིག་ནས་ཐལ་ཆ་བྱུང་བར་དངོས་ཡོད་ཀྱི་ཐོག་ནས་ཡོ་བསྲང་གནང་ཡོད་ཀྱང༌།  ལངས་ཕྱོགས་དང་འབྲེལ་བའི་ཐོག་ལ་ཁོང་གིས་ཡང་དག་པའི་མང་གཙོའི་ལམ་སྲོལ་ནང་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་བྱུང་རྒྱུ་དེ་གཞི་རིམ་གྱི་ཐོབ་ཐང་དང་ལས་འགན་གཉིས་ཀ་ཆགས་ཀྱི་ཡོད་རེད་གསུངས་སོང་།
  ༧སྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ན་ཡང་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་གྱི་ལངས་ཕྱོགས་བཟུང་ན་འགྲིག་གི་མ་རེད། གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་རེད་ཟེར་ནས་ནམ་ཡང་བཀའ་གནང་ཡོད་པ་མ་རེད་ལ། མ་འོངས་པར་ཡང་བཀའ་གནང་གི་མ་རེད། ཅེས་གསལ་བཤད་གནང་ཡོད་རེད།  

དེ་རྗེས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྤྱི་ལོ་ ༢༠༡༣ ཟླ་བ་ ༩ ཚེས་ ༥ ཉིན་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་སྐབས་སུ་དབུ་མའི་ལམ་གྱི་སྲིད་ཇུས་ལ་མོས་མཐུན་དང་རྒྱབ་སྐྱོར་མི་གནང་མཁན་ཚོར། རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་ཀྱི་ཡོད་མ་རེད། རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་གྱི་ཡོད་རེད་གསུངས་པ་དེ། དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་རྩ་བ་ནས་ཆགས་ཀྱི་ཡོད་མ་རེད། ཕྱོགས་གཉིས་ཀས་ད་ལྟ་བོད་ཆོལ་ཁ་གསུམ་གྱི་མང་ཚོགས་ཀྱིས་མྱང་བཞིན་པའི་སྡུག་བསྔལ་དེ་དག་སེལ་ཐབས་དང༌། བོད་ལ་དགོས་ངེས་ཀྱི་རང་དབང་ཡོང་རྒྱུའི་མངོན་འདོད་དེ་གཅིག་པ་རེད། དེ་གཉིས་ཀའི་བསྒྲུབ་བྱ་དེ་བོད་རིགས་མང་ཚོགས་ཀྱི་བདེན་དོན་དེ་རེད། ཅེས་བཀའ་སློབ་ཕེབས་ཏེ་གཞོན་ལྷན་གྱི་ལངས་ཕྱོགས་ཀྱིས་འགྲིག་གི་མེད་པ་གསུངས་མེད། དེ་གསལ་པོ་ཞེ་དྲག་རེད། དེ་རྗེས་ང་ཚོ་སྐབས་བཅོ་ལྔ་པའི་དབུས་རྒྱུན་ལས་ཀྱི་ངོས་ནས་ཀྱང་གནད་དོན་དེའི་ཐོག་ལ་ཉམས་ཞིབ་རིམ་པ་གཉིས་ཙམ་ཕྱིན་ཡོད་པ་རེད།  ཉམས་ཞིབ་བྱས་པ་བརྒྱུད་གཞོན་ལྷན་གྱི་ལངས་ཕྱོགས་ལ་གནད་དོན་ཡོད་པ་དང་དེ་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་གཅིག་མིན་པ་གསལ་པོ་ཞེ་དྲག་ཆགས་ཡོད།  དེ་ནས་ང་ཚོས་ས་གནས་ཁག་བརྒྱད་ལ་ཡིག་ངག་གཉིས་ཐོག་ནས་འབྲེལ་བ་བྱས་པ་རེད།  

འོན་ཀྱང་ས་གནས་ས་ཁག་གི་རྒྱུན་ལས་ནས་དབུས་གཞོན་ལྷན་ལ་ཡིག་ངག་གཉིས་ཐོག་ནས་འབྲེལ་བ་བྱེད་རྒྱུ་མིན་པའི་ཐག་གཅོད་ཀྱི་དེ་རང་རྩ་འཛིན་གྱིས་ང་ཚོར་ཐུག་འཕྲད་བྱས་མེད།  འོན་ཀྱང་ང་ཚོ་ཕན་ཚུན་ཐུག་འཕྲད་དང་གྲོས་མོལ་མ་བྱས་ན་གནས་ཚུལ་འགྲིག་འཇག་ཡོང་ཐབས་མེད།  གནད་དོན་གང་ཞིག་ཡིན་ཀྱང་ཐུག་འཕྲད་དང་གྲོས་བསྡུར་བྱས་ནས་དཀའ་ངལ་སེལ་དགོས་པ་དེ་ཆོས་ཉིད་རེད།  བྱས་ཙང་ཁོང་རྣམ་པས་ག་རེ་གསུངས་མིན་ལ་མ་ལྟོས་པར་ང་ཚོའི་ཚོགས་གཙོ་དང་ཚོགས་གཞོན་དྲུང་ཆེ་གསུམ་ས་གནས་ས་ཐོག་ལ་དངོས་སུ་བསྐྱོད་ནས་ཁོང་རྣམས་དང་ཐུག་འཕྲད་ཀྱིས་གང་དགའ་ཅི་ལེགས་ཀྱི་གྲོས་བསྡུར་ཡོང་ཐབས་བྱས་ཀྱང་ས་གནས་རྒྱུན་ལས་ཚོས་གཞུང་འབྲེལ་ཐོག་ཐུག་རྒྱུ་མིན་པ་མཐར་སྐྱེལ་བྱས་ཡོད།  

འོན་ཀྱང་ས་གནས་ས་ཐོག་ལ་ཡོད་པའི་རྒྱུན་ལས་རེ་ཟུང་དང།  ཚོགས་མི་སྒེར་པ།  ལྷག་པར་དུ་ས་གནས་རྒྱུན་ལས་ཟུར་པ་ཚོའི་ངོས་ནས་ཕན་ཚུན་གོ་བསྡུར་སྦྱང་བཤད་ཀྱི་ལམ་ནས་མགྱོགས་པོ་འགྲིག་འཇགས་ཡོང་བའི་རེ་བ་ཞིག་རྒྱག་བཞིན་ཡོད་པ་རེད།  ང་ཚོའི་ངོས་ནས་ཀྱང་གཞོན་ལྷན་གྱི་གནད་དོན་གང་ཞིག་ཡིན་ཀྱང་གཞོན་ལྷན་རང་གི་སྒྲིག་གཞི་ལྟར་གསལ་པོ་བཟོ་བ་དང་དཀའ་ངལ་སེལ་དགོས་པ་ཞིག་དང། སེལ་ཐུབ་པ་ཞིག  སེལ་རྒྱུའི་ལམ་ཁ་ཡོད་པ་ཞིག་ཏུ་མཐོང་གི་ཡོད།  འོན་ཀྱང་སྒྲིག་གཞི་ལ་རྩིས་མེད་བཏང་ན་ཐུན་མོང་གི་ཐབས་ལམ་ཞིག་ཐོབ་ཁག་པོ་རེད།  གང་ལྟར་ད་ལྟའི་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་ཚོའི་གནང་སྟངས་དེས་བོད་བསྟན་སྲིད་ཀྱི་ལས་ཀར་ཕན་ཐོགས་མེད་པ་གསལ་པོ་ཞེ་དྲག་རེད།  བྱས་ཙང་ས་གནས་ཁག་བརྒྱད་ཀྱི་ད་ལྟའི་སྐབས་ཐོག་གི་རྒྱུན་ལས་ཡིན་ཡང་རེད། ཚོགས་མི་ཡིན་ཡང་རེད། ས་གནས་དེའི་ནང་གི་མི་མང་ཡིན་ཡང་རེད། གང་ལྟར་དངོས་ཡོད་གནས་ཚུལ་མཁྱེན་པའི་ཐོག་ནས་བོད་བསྟན་སྲིད་དང།  བོད་དོན་འཐབ་རྩོད་ལ་མི་གནོད་པ། བོད་མིའི་ཆིག་སྒྲིལ་ལ་མི་གནོད་པ།  གཞོན་ནུ་ལྷན་ཚོགས་དེ་ཁ་ཐོར་མི་དགོས་པའི་ལམ་ཁ་ཞིག་ལ་བསྐྱོད་ཐུབ་པའི་དགོངས་པ་བཞེས་ནས་གོམ་པ་སྤོ་དགོས་རྒྱུ་དེ། ད་དུང་ཕྱིས་དྲགས་མེད་ཅེས་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་དང༌། ཚོགས་མི། མི་མང་བཅས་ཚང་མར་དེ་རིང་དྲན་སྐུལ་དང་འབོད་སྐུལ་གཉིས་ཀ་ཞུ་རྒྱུ་ཡིན།

དཔེར་ན་གཞོན་ནུ་ལྷན་ཚོགས་ཁ་ཐོར་ཕྱིན་པ་ཡིན་ན། དེ་དགའ་མཁན་དེ་རྒྱ་ནག་གཞུང་རེད་མ་གཏོགས་གཞན་བོད་མི་སྙིང་ལ་རུས་པ་ཡོད་མཁན་ཞིག་ཡིན་ན་དགའ་དགོས་པའི་གནས་སྟངས་གང་ཡང་མ་ཡིན་པ་ཞིག་དང༌། གལ་སྲིད་ང་ཚོས་ད་ལྟའི་དཀའ་ངལ་དེ་ནང་ཁུལ་གྲོས་མོལ་དང་ཐུག་འཕྲད་སྦྱང་བཤད་བྱས་ཏེ་གཞོན་ལྷན་གྱི་སྒྲིག་གཞི་གཞིར་བཟུང་ཕན་ཚུན་མཐུན་འགྲིག་བྱུང་ན་སྐབས་དེ་དུས་གཞིས་བྱེས་མི་མང་ཚང་མ་བརྒྱ་ཆ་བརྒྱ་དགའ་པོ་ཡོང་གི་རེད་ལ། དགའ་བསུ་ཡང་ཞུ་གི་རེད།  དེ་ལྟར་ཡོང་བར་ང་ཚོ་ཕྱོགས་གཉིས་ཀྱིས་ཤུགས་སྣོན་རྒྱག་དགོས།  གཞན་ནམ་ཞིག་འགྱོད་པ་སྐྱེས་སྐབས་ཕྱིར་འཐེན་བྱེད་སའི་ལམ་དེ་ཧ་ཅང་གི་ཐག་རིང་པོ་ཞིག་ཆགས་རྒྱུ་རེད་ལ། ལོ་རྒྱུས་ནང་ལ་ཡང་འཁོད་ཟིན་པ་ཞིག་ཆགས་ཚར་བ་རེད།  ད་ལྟའི་ང་ཚོའི་ལས་ཀ་ཚང་མ་མ་འོངས་པའི་བོད་ཀྱི་ལོ་རྒྱུས་རེད།  སྐབས་དེ་དུས་མི་རེ་ཟུང་ཞིག་གིས་ལོ་རྒྱུས་ནང་བོད་ཀྱི་འཐབ་རྩོད་ཐོག་དོ་ཕོག་གཏོང་མཁན་གྱི་མི་སྣའི་གྲལ་ལ་མི་ཚུད་པའི་ངེས་པ་མེད།  ད་དུང་ཁ་སྣོན་ཞིག་ཞུས་པ་ཡིན་ན། ལོ་འདིར་འགན་འཛིན་ལྷན་ཚོགས་འཚོགས་པའི་སྐབས་ལ་ས་གནས་ཁག་བརྒྱད་ཀྱི་ཐོག་ལ་ང་ཚོས་གྲོས་ཆོད་ཅིག་བྱུང་ཡོད་རེད། གྲོས་ཆོད་དེ་ག་རེ་རེད་དམ་ཞུས་པ་ཡིན་ན། ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་ཀྱིས་རང་འགུལ་ངང་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་སྒྲིག་གཞི་ལ་བཟོ་བཅོས་བྱས་པ་ཡིན་ཙང་དེ་ཚོ་ཐག་གཅོད་ཤུགས་ཆེན་པོ་གནང་བ་དང་ལྷག་པར་སྒྲིག་གཞི་བཟོ་བཅོས་བྱས་པ་དེ་ཚོ་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དང་ཡོངས་སུ་འགལ་བ་ལྟག་སྤྲོད་དུ་ཕྱིན་ཡོད་པ་རེད།

སྐབས་དེ་དུས་ཐག་བཅོད་བྱེད་མཁན་གྱི་ས་གནས་རྒྱུན་ལས་དེ་ཚོ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པར་ད་ནས་བཟུང་ངོས་ལེན་བྱེད་ཀྱི་མེད་ཅེས་ཐག་གཅོད་གསར་པ་ཞིག་ཆགས་ཡོད་པ་རེད།  རེ་ཟུང་གིས་དེ་རྒྱབ་ལྗོངས་མེད་པའི་ཐག་ཆོད་བྱས་པ་རེད་ཅེས་གསུང་གི་ཡོད་པ་རེད། དེ་རྒྱབ་ལྗོངས་མེད་པ་དེ་འདྲ་གང་ཡང་མ་རེད།  གྲོས་ཆོད་དེ་འཇོག་དགོས་དོན་གྱི་རྒྱབ་ལྗོངས་ཟེར་ནའང་རེད། རྒྱུ་མཚན་ཟེར་ནའང་རེད། དེ་ང་ཚོའི་གྲོས་ཆོད་དེའི་ནང་གསལ་ཐག་ཆོད་ཡོད་པ་རེད་ལ། མ་ཟད་འགན་འཛིན་ལྷན་ཚོགས་གྲོལ་བའི་རྗེས་ལ་ང་ཚོས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད། དེའི་ནང་ལ་རྒྱབ་ལྗོངས་གསལ་པོ་ཞེ་དྲག་ཡོད་རེད། རྒྱབ་ལྗོངས་གང་རེད་དམ་ཞུས་པ་ཡིན་ན།  ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་རྣམས་ནས་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་གལ་གནད་ཆེ་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་མང་གཙོའི་ལམ་ལུགས་ལ་རྩིས་མེད་རྡོག་རོལ་བཏང་སྟེ་གཞོན་ལྷན་གྱི་དམིགས་ཡུལ་སྒྲིག་གཞིར་རང་དགར་བཟོ་བཅོས་བྱས་པ་མ་ཟད།  ས་གནས་གཞོན་ལྷན་གྱི་མཚན་བྱང་དང་བོད་ཀྱི་གཞོན་ལྷན་གྱི་ངོ་སྤྲོད་ལག་འཁྱེར་ཡང་གསར་བཟོ་བྱས་པ་དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དང་ཡོངས་སུ་འགལ་བའི་ཐལ་ཆེའི་ཐག་གཅོད་གཅིག་ཡིན་ཟེར་བ་དེ་རྒྱབ་ལྗོངས་དང་རྒྱུ་མཚན་རེད།  གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་སྒྲིག་གཞིའི་དེབ་སེར་པོ་འདིའི་ནང་ལ་ཡིག་འབྲུ་རྐང་གཅིག་ལ་འགྱུར་བ་བཏང་དགོས་ཡོད་ན་ཡང་དེ་ཚོགས་ཆེན་རང་གི་ཐོག་ནས་ས་གནས་ཚང་མའི་སྐུ་ཚབ་ཀྱིས་གྲོས་བསྡུར་སྦྱང་བཤད་བྱས་ནས་མང་མོས་དང་སྤྱི་མོས་ཀྱི་ཐོག་ནས་འགྱུར་བ་གཏོང་དགོས་པ་རེད་མ་གཏོགས་ང་ཚོ་དབུས་རྒྱུན་ལས་དང་ཡང་ན་ས་གནས་རྒྱུན་ལས་རེ་ཟུང་ཞིག་གིས་གྲོས་མཐུན་བྱས་ནས་འགྱུར་བ་བཏང་ཆོག་པ་ཞིག་རྩ་བ་ཉིད་ནས་ཡོད་པ་མ་རེད།  དེ་ལྟར་བྱས་ན་སྒྲིག་གཞི་ལ་རྩིས་མེད་རེད། སྒྲིག་འཛུགས་ལ་ཡང་རྩིས་མེད་རེད།
ཡང་ཁག་ཅིག་གིས་དེ་མང་གཙོའི་ཐོག་ནས་ཐག་གཅོད་ཅིག་མ་རེད་ལབ་མཁན་རེ་ཟུང་ཡོང་གི་འདུག གཞོན་ནུ་ལྷན་ཚོགས་ཀྱི་ལས་ཀ་དང༌། ལས་འགུལ། འགྲོ་སྟངས་བཅས་ཚང་མ་གཞོན་ནུ་ལྷན་ཚོགས་འགོ་བཙུགས་པ་ནས་ད་ལྟ་བར་མང་གཙོ་རང་གི་ཐོག་ནས་གྲོས་བསྡུར་སྦྱང་བཤད་བྱས་ནས་འགྲོ་ཡི་ཡོད་པ་རེད། དེ་བཞིན་ད་ལོའི་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཀྱང་ཚོགས་བཅར་བ་ཚང་མས་གྲོས་བསྡུར་སྦྱང་བཤད་བྱས་པ་དང་དེ་ནས་སྤྱི་མོས་ཀྱི་གཏན་ལ་ཕབ་པའི་གྲོས་ཆོད་ཅིག་ཆགས་ཀྱི་ཡོད།

ང་ཚོ་གཞོན་ནུ་ལྷན་ཚོགས་ཀྱི་མང་མོས་དེ་ས་གནས་གཅིག་གཉིས་ཤིག་གི་རྒྱུན་ལས་དང་ཚོགས་མིའི་མང་མོས་ལ་བལྟས་ནས་ས་གནས་དེའི་ཆབ་སྲིད་ལང་ཕྱོགས་སོགས་གཏན་འབེབས་བྱས་པ་ཡིན་ན་གཞོན་ནུ་ལྷན་ཚོགས་དེ་ཆིག་སྒྲིལ་ཆགས་ཐུབ་ཀྱི་མ་རེད་ལ། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་ཡང་རང་བཞིན་གྱིས་ནུས་མེད་ཆགས་འགྲོ་ཡི་ཡོད་པ་རེད།  སྒྲིག་གཞི་ལ་ནུས་མེད་ཆགས་ན་སྒྲིག་འཛུགས་དེ་ཡང་རང་བཞིན་གྱིས་གཞི་འཛིན་ས་མེད་པ་ཆགས་རྒྱུ་རང་རེད།   བྱས་ཙང་ད་ལོའི་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དེ་ཡང་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞིར་རྩ་འཛིན་བྱས་པ་མ་ཟད།  མང་གཙོའི་འགྲོ་སྟངས་དང་གཞོན་ནུ་ལྷན་ཚོགས་ཀྱི་འགྲོ་སྟངས་གང་དང་གང་ལ་ཡང་འགལ་མེད་པའི་ཐག་ཆོད་ཅིག་ཆགས་ཡོད་ཅེས་ཞུ་འདོད་བྱུང༌།


༦ དྲི་བ། གཞོན་ལྷན་གྱི་ཚོགས་པ་དེ་བོད་ཀྱི་ལོ་རྒྱུས་དང༌། ཆབ་སྲིད་གང་གི་ཐད་ནས་གལ་ཆེན་རང་བཞིན་ལྡན་པ་ཞིག་རེད།  ཚོགས་པའི་སྒྲིག་གཞིའི་ནང་༧གོང་ས་མཆོག་གི་དགོངས་གཞིའམ་ཡང་ན་ལམ་སྟོན་འོག་ཤར་བསྐྱོད། ཡང་ན་སྲུང་རྩི་ཞུ་རྒྱུ་ཞེས་འཁོད་ཡོད་པ་རེད། དེ་ལ་གོ་བ་ལེན་སྟངས་གང་འདྲ་ཞིག་རེད་དམ།
ལན། དེ། གཞོན་ནུ་ལྷན་ཚོགས་ལ་རྩ་བའི་དམིགས་ཡུལ་བཞི་ཡོད་རེད། དང་པོ། ༧སྐྱབས་མགོ་རིན་པོ་ཆེ་ཡི་བཀའ་དགོངས་ལམ་སྟོན་འོག་ཤར་བསྐྱོད་འགྲོ་རྒྱུ་ཡིན་ཟེར་བ་དེ་རེད། ཡང་མཚམས་རེ་ཁག་གཅིག་གིས་གོ་བ་ལེན་མ་མཁྱེན་པའི་ཐོག་ནས་སྤྱི་ཚོགས་ནང་བརྡབ་གསིགས་དེ་འདྲ་ཡོང་གི་ཡོད་པ་རེད། ང་ཚོ་གཞོན་ལྷན་གྱི་ངོས་ནས་དམིགས་ཡུལ་བཞི་པོ་ཕན་ཚུན་ནང་འགལ་མེད་པ་མ་ཟད། རྩི་སྲུང་རང་གི་ཐོག་ནས་སྔོན་མ་ནས་འགྲོ་ཡི་ཡོད་རེད་ལ། ད་ལྟ་ཡང་འགྲོ་བཞིན་ཡོད་རེད།  མ་འོངས་པར་ཡང་དམིགས་ཡུལ་བཞི་པོ་ལ་རྩི་སྲུང་རང་གི་ཐོག་ནས་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།   དེ་ལ་གོ་བ་ལེན་སྟངས་གང་འདྲ་ཡིན་ཟེར་ན། ༧སྐྱབས་མགོན་རིན་པོ་ཆེ་ཡིས་སྤྱི་ཡོངས་ཀྱི་ཐོག་ལ་བཀའ་སློབ་ལམ་སྟོན་མང་པོ་ཞེ་དྲག་ཕེབས་ཀྱི་ཡོད་པ་ནི། ཤེས་ཡོན་དང༌། ཆབ་སྲིད།  ཆོས་ལུགས། ཕོ་མོ་འདྲ་མཉམ། ཕྲུ་གུའི་སྐོར། གྲ་བཙུན་གྱི་སྐོར། ཕ་མའི་སྐོར། རྒྱ་ཆེ་ས་ནས་ཞུས་ན་འཛམ་གླིང་ཞི་བདེ་དང་གོ་ལ་གཅིག་གྱུར་སོགས་ཀྱི་ཐོག་ལ་བཀའ་སློབ་རླབས་ཆེན་གྲངས་ལས་འདས་པ་ཞིག་གནང་གི་ཡོད་པ་རེད། བཀའ་སློབ་ལམ་སྟོན་དེ་ཚོ་ཆ་ཚང་ཞུས་ན་གྲངས་ཀྱིས་མི་ཆོད་པ་ཞིག་རེད། དེར་བརྟེན་༧གོང་ས་མཆོག་གིས་སྤྱི་ཡོངས་ལ་གསུངས་པའི་བཀའ་སློབ་ལམ་སྟོན་དེ་ཚོ་ཚང་མ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བྱེད་དགོས་ཅེས་གསུང་གི་ཡོད་མ་རེད་དྲན་གྱི་ཡོད་ལ། བུད་མེད་ལྷན་ཚོགས་ཀྱི་བྱེད་དགོས་ཅེས་ཀྱང་གསུང་གི་ཡོད་མ་རེད་དྲན་གྱི་ཡོད།  དེ་བཞིན་གྱི་དེ་འདྲ་བའི་ཚོགས་སྡེ་མང་པོ་ཡོད་རེད། གཅིག་མཚུངས་རེད།  

དེར་བརྟེན་ང་ཚོས་༧གོང་ས་མཆོག་གིས་བཀའ་དགོངས་ལམ་སྟོན་འོག་ཤར་བསྐྱོད་ཟེར་བ་དེ་༧གོང་ས་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དམིགས་ནས་བཀའ་སློབ་གང་གནང་བ་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཤར་སྐྱོད་བྱ་རྒྱུ་ཡིན་ཟེར་གྱི་ཡོད་པ་རེད། བར་ལམ་ཞིག་ནས་༧གོང་ས་མཆོག་ཆབ་སྲིད་ཀྱི་སྐུ་དབང་བཞག་པར་བརྟེན་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ཚོགས་འདུ་དང་རྒྱུན་ལས་ལ་མཇལ་ཁ་གནང་རྒྱུ་དེ་དགོས་པ་རྒྱུ་མཚན་ཞིག་གིས་རྐྱེན་པས་མཚམས་འཇོག་གནང་ཡོད་པ་རེད།  འོན་ཀྱང་སྔོན་མ་༧སྐྱབས་མགོན་རིན་པོ་ཆེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་འཛུགས་གནང་སྐབས་ནས་བཟུང་ཧ་ལམ་༢༠༡༠ལོ་བར་ཚོགས་ཆེན་དང་འགན་ལྷན་རིམ་པ་མང་པོ་ཞིག་གི་ཐོག་འཆིབ་བསྒྱུར་བཀྲིན་བསྐྱངས་པ་དང༌། ཡང་ན་ཚོགས་མི་དང་རྒྱུན་ལས་ལ་མཇལ་ཁ་གནང་བ་དེ་འདྲ་གནང་ཡོད་པ་རེད།  སྐབས་དེ་དག་ལ་གཞོན་ནུ་ལྷན་ཚོགས་ལ་དངོས་སུ་དམིགས་ནས་བཀའ་སློབ་ལམ་སྟོན་མང་པོ་ཞིག་གནང་ཡོད་རེད། དེ་ཚོ་ཚང་མ་གཞོན་ལྷན་གྱི་ངོས་ནས་འདི་བྱས་མ་སོང་ཟེར་བ་ཞིག་བཤད་རྒྱུ་མེད་པ་ཞིག་ཆགས་ཡོད། དེ་འདྲ་སོང་ཙང་༧སྐྱབས་མགོན་རིན་པོ་ཆེ་ཡིས་གཞོན་ནུ་ལྷན་ཚོགས་ལ་ལམ་སྟོན་གང་གནང་ཡོད་པ་དེ་ལ་གཞོན་ལྷན་ངོས་ནས་ཤར་སྐྱོད་འགྲོ་རྒྱུ་ཡིན་ཟེར་གྱི་ཡོད་པ་རེད།  གཞོན་ལྷན་གྱི་དམིགས་ཡུལ་དང་པོར་གོ་བ་ལེན་སྟངས་དེ་འདྲ་རེད། བྱས་ཙང་ཞོར་ལ་དམིགས་ཡུལ་བཞི་པོར་འགལ་ཟླ་གང་ཡང་མེད་ཅེས་ཞུ་རྒྱུ་ཡིན།

༧ དྲི་བ། ༧གོང་ས་མཆོག་གི་དགོངས་གཞི་གསུམ་པོ་གང་དང་གང་ལ་འབྲེལ་བ་ཡོད་པ་རེད། དེ་གསལ་པོ་བཟོ་རོགས་གནང༌།
ལན།  གཞོན་ལྷན་གྱི་ལས་དོན་དེ་དག་ྋགོང་ས་མཆོག་གི་དགོངས་གཞི་གསུམ་པོ་གང་ལ་འབྲེལ་བ་ཡོད་པ་རེད་གསུངས་དུས།  སྤྱིར་གཞོན་ལྷན་གྱི་ལས་དོན་དང་དམིགས་ཡུལ་དེ་དག་ ༧སྐྱབས་མགོན་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་གཞི་གསུམ་པོ་ལྟར་རྒྱ་ཆེན་པོ་དང་རླབས་ཆེན་པོ་མེད།  ༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་ལ་གཞོན་ལྷན་ལྟ་བུ་ཞིག་གི་དོ་ཟླ་བྱེད་ཐབས་བྲལ་བ་ཞིག་རེད།  འོན་ཀྱང་གཞོན་ལྷན་གྱི་ལས་དོན་དང་དམིགས་ཡུལ་དེ་དག་ཆུང་ས་ནས་ཞུས་ན་༧གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་གསུམ་དང་འབྲེལ་བ་ཏན་ཏན་ཆགས་ཡོད་པ་རེད།  དཔེར་ན་༧ཁོང་གི་དགོངས་གཞི་དང་པོ་དེ་༧ཁོང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་རེད།  གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ད་ལྟ་བར་བོད་རིགས་ནང་ཁུལ་དུ་བོད་མིའི་ཡ་རབ་བཟང་སྤྱོད་གོང་འཕེལ་ཡོང་ཐབས་སུ་ས་གནས་གཞོན་ནུ་ཁག་བརྒྱུད་ནས་ལས་ཀ་གང་ཙམ་བྱས་ཡོད་པ་རེད། སྐབས་རེ་གཞི་རྒྱ་ཆེ་བའི་ལས་ཀ་དེ་འདྲ་ཡང་གནང་ཡོད་པ་རེད། དཔེ་མཚོན་འགའ་ཞུས་ན། གཞོན་ལྷན་ངོས་ནས་བོད་མིའི་བཟང་སྤྱོད་དང་གོམས་གཤིས་མི་ཉམས་རྒྱུན་འཛིན་ཡོང་སླད་སྐུ་སྒེར་དྲུང་ཆེ་བློ་བཟང་སྤྱིན་པ་ལགས་ཀྱིས་མཛད་པའི་༼ཕ་ཡིས་བོུར་གདམས་པ་༽ ཟེར་བའི་དཔེ་དེབ་དེ་དང།  འབྲས་སྤུངས་ཀྱི་སྐུ་ཞབས་ཀླུ་འབུམ་བསྟན་པ་བཀྲིས་ལགས་ཀྱིས་མཛད་པའི་༼བློ་གསར་དད་པའི་སྒོ་འབྱེད།༽ ལྷག་པར་དུ་༧གོང་ས་མཆོག་གི་༼བཀའ་སློབ་སྙིང་གི་ནོར་བུ་༽ཞེས་པ་དཔར་བསྐྲུན་འགྲེམས་སྤེལ་རྒྱ་ཆེ་ཞུས་པ་དང།  ཡང་༼དགེ་སྐུལ་༽ ཞེས་པའི་༧གོང་ས་མཆོག་གི་བཟང་སྤྱོད་དང་འབྲེལ་བའི་བཀའ་སློབ་ཕྱོགས་བསྒྲིགས་ཀྱི་དེབ་ཆུང་ཞིག་ཀྱང་འགྲེམས་སྤེལ་རྒྱ་ཆེ་ཞུ་ཡི་ཡོད་པ་རེད། དེ་ཚོ་ནི་བཟང་སྤྱོད་གོང་འཕེལ་གྱི་ལས་དོན་ལ་དམིགས་པའི་ཞབས་ཞུ་ཞིག་ཆགས་ཀྱི་ཡོད།
 
༧གོང་ས་མཆོག་གི་དགོངས་གཞི་གཉིས་པ་དེ་༧ཁོང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས་འཛམ་གླིང་གི་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དེ་རེད།  གཞོན་ལྷན་གྱི་ངོས་ནས་དེ་དང་འབྲེལ་བ་ཡོད་པ་གཅིག་ག་རེ་ཆགས་ཀྱི་འདུག་ཟེར་ན། ཐོག་མར་གཞོན་ནུ་ལྷནཚོགས་བཙུགས་དུས་ནས་ཆོས་ལུགས་རིས་མེད། ཆོལ་ཁ་རིས་མེད། ཕོ་མོ་དབྱེར་མེད། རིགས་རུས་དབྱེར་མེད་བྱས་ནས་འགྲོ་ཡི་ཡོད་པ་རེད། གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དེ་དག་དབྱེ་འབྱེད་བྱས་པ་དེ་འདྲ་རྩ་བ་ནས་ཡོད་པ་མ་རེད།  ཚོགས་པ་འདི་བཙུགས་ནས་ལོ་ངོ་༤༥རིང་ལ་དབུས་རྒྱུན་ལས་འདེམས་དུས་ཡིན་ཡང་རེད། ནམ་ཞག་རྒྱུན་དུ་ཕྱག་ལས་གནང་དུས་ཡིན་ཡང་རེད། སྤྱི་ཚོགས་ནང་ཞབས་ཕྱི་ཞུ་དུས་ཡིན་ཡང་རེད། མི་སྐྱོ་བོ་ཞིག་ལ་རོགས་པ་བྱེད་དུས་ཡིན་ཡང་རེད། ད་ལྟ་བར་དུ་འཐེན་འཁྱེར་རྩ་བ་ཉིད་ནས་མེད་པའི་ཐོག་ནས་ཕྱག་ལས་སྒྲུབ་ཀྱི་ཡོད་པ་དང།  ཆོས་ལུགས་ཁག་གྱི་བླ་ཆེན་དང་གྲྭ་བཙུན་རྣམ་པར་ལས་དོན་ཐོག་འབྲེལ་བ་བྱེད་སྐབས་ཀྱང་ཆོས་ལུགས་དང་གྲུབ་མཐའི་དབྱེ་བ་གཅིག་ཀྱང་མེད་པར་འདྲ་མཚུངས་རང་གི་ཐོག་ནས་འབྲེལ་བ་བྱེད་ཀྱི་ཡོད་པ་རེད།  དེ་ཡང་༧སྐྱབས་མགོན་རིན་པོ་ཆེ་ཡི་དགོངས་གཞི་གཉིས་པ་དེ་དང་འབྲེལ་བ་ཡོད་ཅེས་བརྗོད་ཆོག་པ་ཞིག་རེད་དྲན་གྱི་འདུག

༧སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་གསུམ་པ་དེ། ༧གོང་ས་མཆོག་བོད་མི་ཞིག་དང་ཏཱ་ལའི་བླ་མིའི་མཚན་གནས་ཡོད་པའི་ཆ་ནས་དང༌། ལྷག་པར་དུ་བོད་ཕྱི་ནང་གི་སེར་སྐྱ་མི་མང་ཚང་མས་ཡིད་ཆེས་བློ་གཏད་བཅོལ་གྱི་ཡོད་པའི་ཆ་ནས་བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང་བཙན་འོག་ལ་ཚུད་པའི་བོད་མི་དེ་ཚོའི་རང་དབང་གི་མགྲིན་ཚབ་པ་བྱེད་རྒྱུར་མགོན་པོ་གང་ཉིད་ཀྱི་ཐུགས་འགན་ཞིག་ཁུར་ཡོད་རེད།  གཞོན་ནུ་ལྷན་ཚོགས་ཀྱི་ལས་ཀ་ལ་ཆ་བཞག་པ་ཡིན་ནའང་༧གོང་ས་མཆོག་གི་དམིགས་ཡུལ་གསུམ་པ་དེ་དང་ཐད་ཀར་འབྲེལ་བ་ཤུགས་ཆེ་པོ་ཡོད་པ་ཞིག་ཆགས་ཡོད་ཞུ་རྒྱུ་ཡིན།  གང་ཡིན་ཟེར་ན་གཞོན་ལྷན་ཐོག་མར་གཙུགས་དུས་ནས་བཟུང་སྤྱིར་བོད་མི་ས་ཡ་དྲུག་དང་ཡང་སྒོས་བོད་ནང་གི་བོད་མི་ཚོར་རྒྱ་དམར་གྱིས་བཙན་གནོན་ཚད་མེད་གཏོང་བཞིན་པ་དེ་ལས་ཐར་ཐབས་དང།  རང་ཉིད་ཀྱི་རྒྱལ་ཁབ་དེ་དགྲ་བོ་རྒྱ་དམར་གྱི་ལག་ནས་ཚུར་བླངས་ཏེ་བོད་མི་རྣམས་ཀྱིས་རང་དབང་བདེ་སྐྱིད་ཀྱི་འཚོ་བ་ལ་ལོངས་སུ་སྤྱོད་ཐུབ་པ་ཡོང་ཐབས།  དེ་བཞིན་བོད་མིའི་བླ་སྲོག་ལྟ་བུའི་རིག་གཞུང་དང་གོམས་གཤིས་བཟང་པོ་མི་ཉམས་རྒྱུན་འཛིན་ཡོང་ཐབས་སོགས་ཀྱི་དམིགས་ཡུལ་ཞིག་བཟུང་ཡོད་པ་དང།  དེ་དག་དོན་འཁྱོལ་ཡོང་ཐབས་སུ་འདས་པའི་ལོ་ངོ་༤༥རིང་འབད་བརྩོན་རྒྱུན་ཆད་མེད་པར་ཞུས་ཡོད།  དེ་ཚོ་ཚང་མ་༧སྐྱབས་མགོན་རིན་པོ་ཆེ་ཡི་དམིགས་ཡུལ་གསུམ་པ་དང་འབྲེལ་བ་ཐད་ཀར་ཆགས་ཀྱི་ཡོད་རེད་ཅེས་ཞུ་རྒྱུ་ཡིན།
༨ དྲི་བ། གཞོན་ལྷན་གྱི་ཆིག་བསྒྲིལ་དེ་རང་བཙན་འཐབ་རྩོད་ཆེད་སྟོབས་ཤུགས་བླ་ན་མེད་པ་ཞིག་རེད། ད་ལྟ་འཕྲད་བཞིན་པའི་དཀའ་ངལ་དེ་ལ་ནང་འགྲིག་ཡོང་ཐབས་གང་དང་གང་གནང་གི་ཡོད་དམ།
ལན། རེད།  ད་དེའི་སྐོར་དེ་གོང་དུ་གཅིག་ཞུས་ཟིན་པ་འདྲ་གཅིག་བྱུང་སོང། འོན་ཀྱང་ཁ་སྣོན་རེ་ཟུང་གཅིག་ཞུས་ནའང་མ་འགྲིག་པ་མིན་འདུག  ནང་འགྲིག་ཡོང་ཐབས་ལ་ཐོག་མར་ང་ཚོས་ལས་ཀ་ག་རེ་བྱས་པ་རེད་ཞུ་ན། དབུས་རྒྱུན་ལས་འཁོད་པ་དང་གཞོན་ལྷན་གྱི་སྒྲིག་འཛུགས་སྲ་བརྟན་དང་ཐད་ཀར་འབྲེལ་བ་ཆགས་པའི་ཐོག་ནས་ས་གནས་ཁག་བརྒྱད་ཀྱི་གནད་དོན་སེལ་རྒྱུ་དེ་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱས་ཡོད་པ་རེད། ངོས་འཛིན་བྱས་པའི་ཐོག་ནས་སྐབས་བཅོ་ལྔ་པའི་དབུས་རྒྱུན་ལས་ཀྱིས་དེའི་ཐོག་ལ་ཚོགས་འདུ་རིམ་པ་མང་པོ་འཚོགས་ནས་གྲོས་བསྡུར་ཡང་རིམ་པ་མང་པོ་བྱས་ཡོད་པ་རེད།  ས་གནས་ཁག་བརྒྱད་ཀྱིས་ལང་ཕྱོགས་དང་འབྲེལ་བ་ཡོད་པར་གསུངས་བཞིན་པར་སོང༌ཙང༌།   གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ཀྱི་ཐད་ལ་འགྲིག་མི་འགྲིག་དེ་ང་རང་ཚོ་དབུས་རྒྱུན་ལས་རང་གིས་གཞོན་ལྷན་གྱི་འདས་མ་ད་གསུམ་གྱི་གནས་ཚུལ་ཕྱོགས་མང་པོ་ཞིག་ལ་ཉམས་ཞིབ་བྱས་པ་ཙམ་མ་ཟད། དབུས་རྒྱུན་ཟུར་པ་ཚོ་དང༌།  གནད་ཡོད་མི་སྣ།  དེ་བཞིན་ཉམས་མྱོང་ཅན་དང་རྒན་རབ་པ་མང་པོ་ཞིག་ལ་ལམ་སྟོན་ཞུས་པའི་བརྒྱུད་རིམ་ཡང་འགྲིམས་ཡོད་པ་རེད།  གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ནང་ལ་དབུས་བོད་མིའི་སྒྲིག་འཛུགས་ལ་ཞབས་ཕྱི་ཞུ་མྱོང་བ་མང་པོ་ཞིག་ཡོད་པ་རེད།  དེ་ག་ནང་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྤྱི་ཚོགས་ནང་ལ་ནམ་ཞག་རྒྱུན་དུ་གནད་ཡོད་ཀྱི་ཕྱག་ལས་གནང་མཁན་དེ་འདྲ་མང་པོ་ཞིག་ཡོད་པ་རེད། ཉམས་མྱོང་དང་མཁྱེན་ཡོན་ལྡན་པ་དེ་འདྲ་མང་པོ་ཞིག་ལ་ཕར་བཅར་དགོས་ས་ལ་ཕར་བཅར། ཚུར་གདན་ཞུ་བྱེད་དགོས་ས་ལ་ཚུར་གདན་ཞུ་བྱས་ཡོད་པ་རེད། དེ་བཞིན་ངྷ་སའི་ཕྱི་ལ་ཡོད་པའི་དབུས་རྒྱུན་ཟུར་པ་དེ་ཚོ་ལ་ཡིག་ཐོག་ནས་འབྲེལ་བ་ཞུས་ནས་སྤྱིར་གཞོན་ལྷན་གྱི་ལས་དོན་བྱེད་ཕྱོགས་རེད།  དེ་ནས་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་དེ་ལ་གདོང་ལེན་བྱེད་ཕྱོགས་དང་དཀའ་ངལ་དེ་སེལ་བའི་ཆེད་དུ་ལམ་སྟོན་ཞུས་པ་དེ་དག་བརྒྱུད་རིམ་གཅིག་རེད།

བརྒྱུད་རིམ་དེ་འདྲ་མང་པོ་འགྲིམས་པའི་ནང་ནས་འདས་ཟིན་པའི་ནང་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་རེ་ཟུང་ཞིག་ལ་དུས་དང་གནས་བབ་སོགས་ལ་བསྟུན་ནས་ཐལ་ཆ་སོང་བ་རེ་ཟུང་བྱུང་ཡོད་པ་དང༌། དེ་དག་ལ་རྗེས་ཕྱོགས་ཡིད་གཟབ་བྱ་དགོས་པའི་ལམ་སྟོན་ཟེར་ན་རེད། དགོངས་ཚུལ་གནད་ལ་ཁེལ་བ་དེ་འདྲ་གནང་ཡོད་པ་རེད།  གཞན་མ་གཏོགས་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་གྱི་ལང་ཕྱོགས་བཟུང་བ་དེ་འགྲིག་གི་མ་རེད་ཅེས་སུས་ཀྱང་གསུངས་མེད།  ད་ལྟ་བར་དུ་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་གྱི་དམིགས་ཡུལ་བཟུང་བ་དེ་ནོར་འདུག་དེ་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་ཅེས་མཁྱེན་ཡོན་ལྡན་པ་སུས་ཀྱང་གསུངས་མེད།  དེ་དོན་དངོས་ཀྱི་གནད་དོན་ཞིག་རེད། སྤྱིར་བཏང་མི་རེ་ཟུང་གིས་གཞོན་ལྷན་གྱི་ལངས་ཕྱོགས་ལ་བསྒྱུར་བ་གཏོང་དགོས་པའི་བསམ་ཚུལ་ཡོང་གི་ཡོད་པ་རེད་ལ། དེ་མང་གཙོའི་སྤྱི་ཚོགས་ནང་ཡོང་ཆོག་པ་ཞིག་ཀྱང་རེད།  
དེ་དང་འབྲེལ་བའི་གནས་དོན་དེ་དག་ང་ཚོས་ན་ནིང་ཕྱི་ཟླ་༡༠ཚེས་༧ཉིན་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་ཉིན་མོའི་བསྒྲགས་གཏམ་ནང་ལ་ཆ་ཚང་ཡོངས་གྲགས་ཀྱི་ཐོག་ནས་གསལ་བཤད་བྱས་ནས་ཞུས་ཡོད་རེད། དེ་ང་ཚོ་ནང་འགྲིག་ཡོང་ཐབས་ཀྱི་གཞི་རྩའི་གོམ་པ་དང་པོ་དེ་རེད།

གོམ་པ་གཉིས་པ་དེ་གནད་དོན་ལ་གདེང་ཚོད་དང་རྒྱུས་མངའ་ཆ་ཚང་ཡོད་པའི་ཐོག་ནས་ས་གནས་ལ་འབྲེལ་བ་བྱེད་རྒྱུ་དེ་རེད།  བྱས་ཙང་ང་ཚོས་ས་གནས་རང་གི་རྒྱུན་ལས་ལ་ཞལ་པར་ཕུལ་ནས་ང་ཚོ་མར་ཡོང་གི་ཡིན། དུས་ཚོད་བཟོ་རོགས་བྱོས། ང་རང་ཚོ་ནང་ཁུལ་གྲོས་བསྡུར་བྱས་ན་ཡག་པོ་འདུག་ཟེར་ནས་ཁོ་རང་ཚོ་ལ་ཡི་གེ་ཕུལ་བ་དང༌། ཞལ་པར་ཕུལ་ནས་འབྲེལ་བ་བྱས་ཡོད་པ་རེད། དེ་ལ་ཡང་ཁོ་རང་ཚོ་ངོས་ནས་ང་ཚོ་དབུས་རྒྱུན་ལས་དང་རྩ་བ་ཉིད་ནས་ཐུག་གི་མིན་ཁྱེད་རང་ཚོའི་ངོས་ནས་ང་ཚོ་ལ་ཐུག་དགོས་བསམ་ཡང་དེ་ཚོ་ཚང་མ་སྟོང་བསམ་རང་རེད་ཟེར་ནས་ཁོང་རང་ཚོའི་ངོས་ནས་གཅིག་གྱུར་གྱི་ཐོག་བཀའ་མོལ་དེ་ག་རང་གསུངས་ཀྱི་ཡོད་པ་རེད། ང་ཚོའི་ངོས་ནས་ཁོ་རང་ཚོས་བཀའ་མོལ་དེ་འདྲ་གསུངས་མིན་ལ་མ་ལྟོས་པར་ང་ཚོས་འགན་ཁུར་ནས་དཀའ་ངལ་དེ་སེལ་ཐུབ་པ་ཞིག་བྱེད་དགོས་པ་རེད། དཀའ་ངལ་དེ་ལྷག་བསྡད་པ་ཡིན་ན་བོད་སྤྱི་ལ་ཕན་ཐོགས་རྩ་བ་ཉིད་ནས་ཡོད་མ་རེད། གཞོན་ནུ་ལྷན་ཚོགས་དེ་ངེས་པར་དུ་ཆིག་བསྒྲིལ་བྱེད་དགོས་ཀྱི་འདུག་ཅེས་ལབ་ནས་དེ་གཞི་རྩ་ལ་བཞག་ནས་ཁོང་ཚོས་ཐུག་འཕྲད་བྱེད་མིན་ལ་མ་ལྟོས་པར་ས་གནས་ས་ཐོག་ལ་མར་བཅར་ཡོད་རེད། ས་གནས་ས་ཐོག་ལ་མར་བཅར་བའི་རྗེས་ལ་སྐབས་ཐོག་གི་རྒྱུན་ལས་ཚོའི་ངོས་ནས་གཞུང་འབྲེལ་ཐུག་འཕྲད་བྱ་རྒྱུ་མིན་པ་དེར་འགྱུར་བ་གང་ཡང་མེད་པར་མཐར་བསྐྱེལ་བ་རེད།  འོན་ཀྱང་ང་ཚོས་ས་གནས་ཀྱི་གནད་ཡོད་མི་སྣ་དང་ཚོགས་རྒྱུན་ལས་ཟུར་བ་སོགས་ལ་ཐུག་འཕྲད་ཀྱིས་ས་གནས་ཀྱི་གནས་ཚུལ་ལ་རྒྱུས་མངའ་བྱས་པ་དང་གང་དགའ་ཅི་ལེགས་ཀྱི་གྲོས་བསྡུར་བྱུང་སོང།  ཁོང་ཚོའི་ངོས་ནས་ཀྱང་གནད་དོན་དེར་སེམས་ཁུར་ཆེན་པོ་གནང་གི་འདུག ལངས་ཕྱོགས་གང་ཡིན་ཡང་ཆིག་སྒྲིལ་དགོས་ཟེར་བ་དེ་མང་པོ་གསུང་གི་འདུག གཞན་སྐབས་ཐོག་གི་རྒྱུན་ལས་རེ་ཟུང་ལ་ཐུག་པ་རེད།  དེ་དུས་ང་ཚོའི་ངོས་ནས་ཞུ་དགོས་པ་ཆ་ཚང་ཞིག་ཞུས།  ཡིན་ཡང་རྡོག་རྡོག་དེ་ཁོ་རང་ཚོ་ངོས་ནས་ཐུག་འདོད་མེད་པ་དང་ཐུག་རྒྱུ་མིན་པ་དེ་གསལ་པོ་ཞེ་དྲག་རེད། དེ་ང་ཚོའི་ཆིག་སྒྲིལ་ཡོང་ཐབས་བྱེད་པའི་གོམ་པ་གཉིས་པའི་བརྒྱུད་རིམ་དེ་རེད།


གོམ་པ་གསུམ་པ་དེ་ད་ལོའི་འགན་འཛིན་ལྷན་ཚོགས་དེ་རེད། ད་ལོའི་འགན་འཛིན་ལྷན་ཚོགས་དེ་ཁོང་རང་ཚོའི་ངོས་ལ་ཆ་བཞག་ན་གོ་སྐབས་ཡག་པོ་ཞིག་རེད། འགན་འཛིན་ལྷན་ཚོགས་ལ་ཕེབས། ཁོང་རང་ཚོའི་དགོངས་ཚུལ་གང་ཡིན་པ་དེ་གསུངས། སྒྲིག་གཞི་དང་མཐུན་པའི་སྒོ་ནས་ལམ་ཁ་འཚོལ་རྒྱུ་ཡོད་རེད།  སྒྲིག་གཞི་ལ་འགྱུར་བ་གཏོང་དགོས་ཚེ་ཚོགས་ཆེན་ལ་མ་གཏོགས་འགྱུར་བ་བཏང་ཆོག་གི་མེད། འོན་ཀྱང་ང་ཚོ་ནང་ཁུལ་གྲོས་བསྡུར་ལྷུག་པོ་ཞིག་དང༌།  དེ་ལ་བསྟུན་པའི་ལམ་ཁ་ཞིག་ཏན་ཏན་བརྙེད་ཀྱི་རེད་བསམས་སོང།  དེར་བརྟེན་ང་ཚོའི་ངོས་ནས་འགན་འཛིན་ལྷན་ཚོགས་ཐེངས་༤༥དེ་ལ་ས་གནས་ཁག་བརྒྱད་གྱི་རྒྱུན་ལས་ཚོ་ཕེབས་རོགས་གནང་ཟེར་ནས་ས་གནས་ཁག་གཞན་ལྟར་གཅིག་མཚུངས་ཀྱི་ཡི་གེ་ཞིག་བཏང་བ་རེད། དེ་ཕུལ་དགོས་པའི་རྒྱུ་མཚན་དེ་ང་ཚོས་ད་ལྟ་བར་དུ་གནས་སྟངས་གང་འདྲ་བྱུང་མིན་ལ་མ་ལྟོས་པར་ས་གནས་ཁག་བརྒྱད་གཅིག་མཚུངས་ལ་ཡི་གེ་བཏང་ཡོད་རེད་མ་གཏོགས་ལོགས་སུ་འཛིན་གྱི་ཡོད་མ་རེད།  དེ་རྗེས་སྤྱིར་བཏང་ནང་ཁུལ་དཀའ་ངལ་ཡོད་པའི་ཆ་ནས་ཆེད་དུ་དམིགས་ནས་ས་གནས་ཁག་བརྒྱད་གྱི་སྐུ་ཚབ་ངེས་པར་དུ་ད་ལྟའི་འགན་འཛིན་ལྷན་ཚོགས་ལ་ཕེབས་རོགས་བྱོས་ཟེར་ནས་ཡང་བསྐྱར་ཡི་གེ་ཞིག་བཏང་ཡོད་རེད།  འགན་འཛིན་ལྷན་ཚོགས་སྐབས་ས་གནས་ཁག་བརྒྱད་གྱི་གནད་དོན་དང་འབྲེལ་བའི་ཐོག་གང་དགའ་ཅི་ལེགས་ཀྱི་ཐོག་ནས་གྲོས་མོལ་བྱེད་ཀྱི་ཡིན་ལ། དེ་ལ་ཉིན་མ་གཅིག་ཆ་ཚང་བཏང་གི་ཡིན་ངེས་པར་དུ་ཕེབས་རོགས་གནང་ཟེར་ནས་ཡི་གེ་ཕུལ་ཡོད་རེད།  དེས་མ་ཟད་ང་ཚོའི་འགན་འཛིན་ལྷན་ཚོགས་ཀྱི་གོ་སྒྲིག་ཚོགས་ཆུང་དབུས་རྒྱུན་ལས་ཀྱི་ངོས་ནས་ཞལ་པར་ཕུལ་ནས་ཕེབས་དགོས་པའི་འབོད་སྐུལ་ཡང་ཞུས་པ་དང།  གོ་སྒྲིག་བྱེད་སའི་སྒང་ཏོག་ས་གནས་རྒྱུན་ལས་ཀྱི་ངོས་ནས་ཀྱང་ཁྱེད་རང་ཚོ་འགན་འཛིན་ལྷན་ཚོགས་ལ་ཕེབས་རོགས། ནང་ཁུལ་དཀའ་ངལ་སེལ་ཐབས་ཀྱི་ལམ་ཁ་ང་ཚོར་ཡོད་རེད་ཅེས་ཞུས་ནས་ཞལ་པར་ཕུལ་ཡོད་རེད། དབུས་ས་གཉིས་ནས་འབད་བརྩོན་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བྱས་མིན་ལ་མ་ལྟོས་པར་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་འགན་ལྷན་ལ་ཕེབས་ཡོད་པ་མ་རེད།  དེ་ང་ཚོས་འབད་བརྩོན་བྱས་པའི་རིམ་པ་གསུམ་པ་དེ་ཆགས་ཡོད་པ་རེད།

གོམ་པ་བཞི་པ་དེ་འདི་ལོའི་འགན་འཛིན་ལྷན་ཚོགས་ཀྱི་སྐབས་དེའི་ཐོག་ལ་གྲོས་བསྡུར་སྦྱངས་བཤད་མང་པོ་ཞིག་བྱས་ནས་མཐར་ས་གནས་རྒྱུན་ལས་ཀྱིས་སྒྲིག་གཞི་དང་འགལ་བའི་ལས་དོན་ཚབས་ཆེན་བྱས་པར་བརྟེན་སྐབས་དེ་དུས་སྒྲིག་གཞི་དང་འགལ་བའི་ཐག་གཅོད་གནང་མཁན་གྱི་ས་གནས་རྒྱུན་ལས་དེ་དག་ད་ནས་བཟུང་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པར་ངོས་ལེན་མེད་ཅེས་ཐག་བཅད་པ་རེད། ཐག་གཅོད་དེ་སྒྲིག་གཞི་དང་འགལ་འཛོལ་བྱེད་མཁན་གྱི་རྒྱུན་ལས་དེ་ཚོར་རེད་མ་གཏོགས་ས་གནས་གཞོན་ནུར་མ་རེད།  གྲོས་ཆོད་ནང་ད་དུང་ས་གནས་ཁག་བརྒྱད་ཀྱི་རྒྱུན་ལས་གསར་པ་དང་ཚོགས་མི་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་འོག་གཞོན་ལྷན་གྱི་སྒྲིག་གཞིར་རྩ་འཛིན་གྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྨན་པའི་ལས་དོན་རྒྱུན་སྐྱོང་གནང་རྒྱུའི་འབོད་སྐུལ་ཞུས་པ་ང་ཚོས་གྲོས་ཆོད་གཞིར་བཟུང་སྐབས་ཐོག་གི་ས་གནས་རྒྱུན་ལས་གསར་པ་དང་ཚོགས་མི་དེ་ཚོ་ལ་ང་ཚོའི་ངོས་ནས་འབྲེལ་བ་ཞུ་བཞིན་ཡོད།  མ་ཟད་མ་འོངས་པར་ང་ཚོ་ཏན་ཏན་ཆིག་སྒྲིལ་གྱིས་གཞིས་བྱེས་བོད་མི་ཡོངས་ཀྱིས་དགའ་བསུ་ཞུ་དགོས་པ་ཞིག་ཡོང་བའི་ཡིད་ཆེས་ཡོད།  སྐབས་ཐོག་གི་ས་གནས་ཁག་བརྒྱད་གྱི་རྒྱུན་ལས་གསར་པ་ཚོ་ཡིན་ཡང་རེད། ཚོགས་མི་ཡིན་ཡང་རེད། མི་མང་ཡིན་ཡང་རེད། ངེས་པར་དུ་དགོངས་པ་ཡག་པོ་ཞིག་བཞེས་ནས་ང་ཚོ་ནང་ཁུལ་གྲོས་མཐུན་བྱས། ཕན་ཚུན་ཐུག་འཕྲད་བྱས་ནས་དཀའ་རྙོག་སེལ་ཐབས་ཀྱི་དགོངས་པ་བཞེས་དགོས་ཀྱི་རེད་ཅེས་དྲན་གྱི་ཡོད། འོན་ཀྱང་ཞུ་རྒྱུ་ཞིག་ལ་མི་སྒེར་པ་ཞིག་གི་ངོས་ནས་ལྷག་བསམ་རྣམ་དག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་ཕྱག་ལས་གནང་གི་ཡོད་ན་དེ་ལ་གུས་བརྩི་ཞུ་གི་ཡོད། དེ་ཡག་པོ་རེད་ཅེས་ཞུ་གི་ཡོད། དབུ་རང་གང་ཡིན་ཡང་བོད་སྤྱི་པའི་བདེ་སྡུག་གི་ཆེད་དུ་རེད། འོན་ཀྱང་སྒྲིག་འཛུགས་ཞིག་གི་ནང་ཡོད་དུས་སྒྲིག་འཛུགས་དེའི་སྒྲིག་གཞི་ལ་རྩ་འཛིན་བྱེད་དགོས་ཀྱི་རེད། དེ་ཚང་མས་མཁྱེན་དགོས་ཀྱི་རེད་ཅེས་ཞུ་འདོད་བྱུང།

 ༩ དྲི་བ། ཁྱེད་རང་སྤྱི་ཁྱབ་དྲུང་ཆེ་བྱས་པའི་རིང་ལ་གྲུབ་འབྲས་ཆེ་བ་གང་དང་གང་བྱུང་ཡོད་དམ།
ལན། གྲུབ་འབྲས་ཆེ་བ་ཟེར་ནས་ཞུ་རྒྱུ་དེ་དཀའ་ལས་ཁག་པོ་འདུག སྤྱིར་བཏང་གི་བོད་པའི་འཐབ་རྩོད་དེ་ཁོ་ན་ལ་ལོ་གཅིག་གཉིས་ནང་སེལ་ཐུབ་ཀྱི་ཡོད་པ་དེ་འདྲ་མ་རེད། དེ་ག་ནང་བཞིན་གཞོན་ལྷན་གྱི་དམིགས་ཡུལ་བཞི་པོ་དེ་དག་ཆེན་པོ་ཡིན་པ་སོང་ཙང༌། ད་ལྟ་གྲུ་འབྲས་ལེན་ཐུབ་པ་དེ་འདྲ་ཞིག་མིན་པ་དང་། ང་ཚོའི་ངོས་ནས་ད་ལྟ་ལས་ཀ་བྱེད་བཞིན་པ་འདིའི་ནང་ནས་གྲུབ་འབྲས་ཆེ་བ་འདི་ཐོན་མ་སོང་ཞེས་ཞུ་ཚོད་ཐིག་མ་སོང༌།

 འདས་པའི་ལོ་ངོ་གཅིག་གི་ནང་ལས་འགུལ་ཆེ་ཤོས་དེ་བོད་མིའི་སྒེར་ལངས་གོམ་བགྲོད་དེ་རེད། དེའི་སྐབས་སུ་ང་ཚོས་ཧིན་དྷི་སྐད་ཡིག་ནང་ཡིག་ཆ་ཁྲི་གསུམ་ཙམ་འགྲེམ་སྤེལ་དང༌།  གྲོང་ཁྱེར་ཆེ་ཁག་ལ་གསར་འགོད་གསལ་བསྒྲགས་སོགས་ཀྱི་ལས་འགུལ་སྤེལ་བ་དང་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་དང་གཞུང་ཚབ་ཁག་ལ་ཡང་ཞུ་གཏུགས་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། དེར་གོ་རྟོགས་ཀྱི་གྲུབ་འབྲས་ཧ་ཅང་ཡག་པོ་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད། གཞན་ང་ཚོས་རྒྱལ་སྤྱིའི་གནད་ཡོད་མི་སྣ་ཡང་གང་ཙམ་ཐུག་ཐུབ་པ་བྱུང་བ་དང། ཕྱི་རྒྱལ་གྱི་སློབ་ཕྲུག་མང་པོ་ཞིག་ལ་ཡང་བོད་དོན་སྐོར་གྱི་གཏམ་བཤད་མང་དག་ཅིག་བྱས་ཡོད་པ་རེད། དེས་ཏན་ཏན་བོད་དོན་གོ་རྟོགས་ལ་གང་ཙམ་ཕན་ཡོད་རེད།  དེ་ཚོ་དཔེ་མཚོན་ཙམ་རེད།  

གཞན་འདས་པའི་གཞོན་ནུ་ལྷན་ཚོགས་ཀྱི་བྱུང་རིམ་ཡིན་ཡང་རེད། དམིགས་ཡུལ་ཡིན་ཡང་རེད། དེ་ཚོ་དང་མཐུན་པའི་ཐོག་ནས་ད་ལྟ་བར་ལས་དོན་ལ་འཐུས་ཤོར་ཕྱིན་མེད་པ་གཅིག་དང། ཡང་ང་ཚོས་འགན་འཁུར་བྱས་པའི་རིང་དོན་མེད་ཀྱི་དཀའ་རྙོག་གང་ཡང་མེད་པ་ཞིག་བྱུང་ཡོད་དེ་ཚོ་ཚང་མ་གྲུབ་འབྲས་ཤིག་རེད་ལ། ནམ་ཡང་མི་འགྲིགས་པ་མེད་བསམ་གྱི་ཡོད།


༡༠ དྲི་བ། ཚོགས་པའི་འཆར་གཞིའི་ནང་བཀོད་པ་གཞིར་བཟུང་གྲུབ་འབྲས་མ་ཐོན་པ་གང་བྱུང་ཡོད་དམ།
ལན། རེད། གཞོན་ནུ་ལྷན་ཚོགས་ཐོག་མར་བཙུགས་དུས་ནས་སྤྱིར་བཏང་གི་དམིགས་ཡུལ་མང་པོ་ཡོད་པའི་ནང་ནས་སྒྲིག་གཞིའི་ནང་འཁོད་ཡོད་པ་དེ་རྩ་བའི་དམིགས་ཡུལ་བཞི་ཡོད་རེད། དམིགས་ཡུལ་བཞི་པོ་དེའི་ནང་གཞི་བྱེས་བོད་མི་ཡོངས་ཀྱི་རེ་འདོད་ཅི་ཡོད་༧སྐྱབས་མགོན་སྐུ་འཕྲེང་༡༤པ་མཆོག་གིས་ཡང་དག་ངོས་འཛིན་གཞི་རྩར་བཟུང་བའི་ཐོག་ནས་བོད་སྤྱི་འབངས་ཀྱི་ལས་དོན་ལ་ལྷག་བསམ་ཁུར་ནས་རྨང་གཞིར་བཟུང་ཀྱི་ཡིན་ཟེར་བ་དེ་དམིགས་ཡུལ་དང་པོ་རེད༌།
དེའི་ཐོག་ལ་གྲུབ་འབྲས་ཐོན་མ་ཐོན་ཟེར་བ་དེ་འདྲ་ཡོད་མ་རེད། དེ་ལག་ལེན་བསྟར་མ་བསྟར་ཟེར་བ་དེ་རེད། དེ་ལ་ང་ཚོས་ལག་ལེན་བསྟར་དང་བསྟར་བཞིན་པ་ཡིན་ཞུ་རྒྱུ་ཡིན། གཉིས་པ་ལུང་མཚན་དང༌། ཆོས་ལུགས། གྲལ་རིམ་བཅས་ཀྱི་དབར་འཐེན་འཁྱེར་སྤངས་ནས་ནང་ཁུལ་མཐུན་ལམ་དམ་ཚིག་ཆིག་སྒྲིལ་ཡོང་བ་ལ་འབད་བརྩོན་བྱེད་དགོས་ཤེས་པ་དེ་རེད། དེའི་ཐོག་ལ་གཞོན་ནུ་ལྷན་ཚོགས་ཐོགས་མར་བཙུགས་པ་ནས་ད་ལྟ་བར་ཕྱག་ལས་མང་པོ་ཞིག་གནང་ཡོད་རེད།

ཐོག་མར་གཞོན་ནུ་ལྷན་ཚོགས་རང་ཉིད་ངོས་ནས་མནོ་བསམ་ཞིག་བཏང་བ་ཡིན་ཡང་འཐེན་འཁྱེར་གྱི་གནས་ཚུལ་དེ་འདྲ་བྱུང་མྱོང་ཡོ་མ་རེད་ཅེས་ཁ་ཚོན་བཅད་ནས་ཞུ་ཆོག་པ་དེ་འདྲ་ཞིག་ཆགས་ཀྱི་ཡོད་མ་ཟད། སྤྱི་ཚོགས་ནང་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་རིམ་པའི་ཐོག་ནས་གྲོས་ཆོད་བཞག་པའི་ཐོག་ལ་སྐབས་རེ་སྤྱི་ཚོགས་ནང་ཡོ་ཁྱོམ་ཕྲན་བུ་ཕྲན་བུ་ཡོང་བའི་སྐབས་ལ་འགན་ཁུར་བྱས་ནས་ནང་ཁུལ་ཆིག་སྒྲིལ་ཡོང་རྒྱུའི་ཐད་ལ་འབོད་སྐུལ་ཞུ་བ་དང༌། གནད་ཡོད་མི་སྣར་ཐུག་ནས་འབོད་སྐུལ་ཞུ་བ་དང༌། གཞོན་སྐྱེས་ལ་སྐུལ་སློང་བྱས་པ་སོགས་ཀྱི་ཐོག་ནས་ང་ཚོས་འགན་ཤུགས་ཆེན་པོ་ཞིག་ཁུར་གྱི་ཡོད། དེ་ཚོའི་ཐད་ལ་འདས་པའི་ནང་དུ་གྲུབ་འབྲས་གང་ལ་གང་འཚམས་ཤིག་ཐོན་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད།

འོན་ཀྱང་བར་ལམ་ཞིག་ནས་ང་ཚོའི་སྤྱི་ཚོགས་ནང་ཆིག་སྒྲིལ་གྱི་ཐོག་ལ་དཀའ་ངལ་ཕྲན་བུ་ཞིག་ཆགས་རྒྱུའི་ཉེན་ཁར་བསླེབས་པ་རེད། དེར་ང་ཚོ་སྐབས་ ༡༥ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ངོས་ནས་ཐོག་མར་གནད་དོན་དེ་དག་ཕྱོགས་གཉིས་དབར་བསམ་ཤེས་དང་གོ་ཤེས་ཡོད་པ་དང། ཕྱོགས་གཉིས་ཀའི་མངོན་འདོད་དེ་བོད་མི་ས་ཡ་དྲུག་གི་བདེན་དོན་ལ་དམིགས་པ་གཅིག་པ་ཡིན་པ་ངོས་འཛིན་པའི་ཐོག་ནས་ཕན་ཚུན་གུས་བརྩི་དང་གུ་ཡངས་ཀྱིས་བོད་མི་རིགས་ཅེས་པའི་མིང་འདིའི་འོག་ལ་ཆིག་སྒྲིལ་ཞིག་ཡོང་ཐབས་ཀྱི་འབད་བརྩོན་བྱས་དང་བྱེད་མུས་ཡིན། དེ་ལ་ད་ལྟ་བར་དུ་དམིགས་གསལ་གྲུབ་འབྲས་ཆེན་པོ་ཞིག་ཐོན་མ་སོང༌། རྒྱུ་མཚན་ནི་ཁ་ནས་བཤད་པ་ཙམ་མིན་པར་འབྱུར་འགྱུར་མིང་དོན་མཚུངས་པའི་ཆིག་སྒྲིལ་ཅིག་དགོས་ཀྱི་ཡོད་ན་དབུས་རང་གི་ལངས་ཕྱོགས་འཛིན་མཁན་ཕྱོགས་གཉིས་ཀའི་དགོངས་པ་བཞེས་ཕྱོགས་དང་ལས་དོན་བྱེད་ཕྱོགས་ལ་འགྱུར་བ་ཕྲན་བུ་གཏོང་དགོས་ཀྱི་རེད་མ་གཏོགས་ང་ཚོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཅིག་པུས་གུ་ཡངས་དང་གུས་བརྩི་བྱས་ནས་ཕན་ཐོག་མིན་འདུག  དེ་ང་ཚོ་ཚང་མས་ཤེས་དགོས་ཀྱི་འདུག  ཁ་ནས་ཆིག་སྒྲིལ་གསུངས་དོན་ལ་ཆིག་སྒྲིལ་ཡོང་ཐབས་ཀྱི་ལས་ཀ་སྣེ་གཅིག་མ་བྱས་ན་ང་ཚོ་སླེབས་དགོས་ས་དེར་བསླེབས་ཀྱི་མ་རེད་ལ་ཉེན་ཁ་ཆེ་རུ་འགྲོ་སྲིད་པ་རེད།


གསུམ་པ་དེ། ཆོས་དང་ཐུན་མོང་མ་ཡིན་པའི་རིག་གཞུང་དེ་ཚོ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཟེར་བ་དེ་རེད། དེའི་ཐོག་ལ་གཞོན་ནུ་ལྷན་ཚོགས་ཀྱིས་ད་ལྟ་བར་དུ་ཆོས་དང་རིག་གཞུང་ཐོག་ལ་རྒྱ་བཅུ་གྱ་གྲངས་ནང་ནས་བྱེས་ཀྱི་སློབ་གྲྭ་ཁག་ལ་ནང་ཆོས་དགེ་རྒན་དགོས་པའི་ཆེད་དུ་གཞོན་ལྷན་གྱིས་ཤུགས་མང་པོ་རྒྱབ་ཡོད་རེད། སྐབས་དེ་དུས་དབུས་བོད་མིའི་ཤེས་རིག་ལྷན་ཁང་གྱི་སྒྲིག་འཛུགས་དང་འབྲེལ་བའི་ཐོག་ནས་ཞུ་ཡིག་མང་པོ་ཕུལ་ཡོད་པ་རེད། སློབ་གྲྭ་ཁག་ལ་ནང་ཆོས་དང་བོད་ཡིག་དགེ་རྒན་ཚད་ལྡན་དགོས་ཀྱི་ཡོད་པ་དེ་དག་ཐོག་ནས་སློབ་གྲྭ་ཁག་སོ་སོའི་ནང་ཕྱིན་ནས་སློབ་སྤྱི་དང་ཐུག་ནས་ནུས་པ་ཤུགས་ཆེན་པོ་བཏོན་ཡོད་རེད།  


རིག་གཞུང་སྲུང་སྐྱོབ་ལ་ཆ་བཞག་པ་ཡིན་ན།  ས་གནས་གཞོན་ནུ་དེ་རྒྱ་ཆེན་པོ་ཞེ་དྲག་རེད། གཞིས་ཆགས་ཀྱི་ས་ཆ་བརྒྱ་ཆ་བརྒྱ་ཅུ་དགུ་ཅུ་ཙམ་ལ་ས་གནས་གཞོན་ནུ་ཡོད་པ་རེད། དེ་དག་ནང་ས་གནས་གཞོན་ནུས་འགན་ཁུར་བའི་ཐོག་ནས་༧སྐྱབས་མགོན་རིན་པོ་ཆེ་འཁྲུངས་སྐར་དང་གཟེངས་རྟགས་བཞེས་པའི་ཉིན་མོ་རེད། གཞོན་ལྷན་དབུ་བརྙེས་པའི་ཉིན་མོ་རེད། མང་གཙོའི་དུས་དྲན་བཅས་དེ་ཚོའི་སྐབས་ལ་ས་གནས་གཞོན་ལྷན་གྱིས་འགན་ཁུར་བའི་ཐོག་གཞིས་ཆགས་ནང་གི་གཞོན་སྐྱེས་ཚོ་ལ་སྐུལ་སློང་བྱས་ནས་བོད་པའི་ཐུན་མིན་གྱི་གཞས་སྣ་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད།

དེ་བཞིན་སྐབས་ཐོག་གཞིས་ཆགས་སོ་སོའི་ནང་གི་གྲོང་ཚོ་ཆེ་ཁག་དེ་ཚོའི་ནང་ལ་སྐབས་རེ་སྐབས་རེ་དམིགས་བསལ་གྱི་ཐོག་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་བྱས་པ་དེ་འདྲ་གོ་སྒྲིག་ཞུས་འདུག དེ་ཚོ་གཞས་སྣ་ཤེས་མཁན་ལོ་རྒན་པ་དེ་ཚོས་མ་ཉམས་རྒྱུད་འཛིན་བྱེད་པ་དང་བོད་ཀྱི་གཞས་སྣ་མ་ཤེས་མཁན་དེ་ཚོ་ལ་ཤེས་པ་བཟོས་ནས་མ་འོངས་པར་རྒྱུད་འཛིན་བྱེད་པ་ལ་ད་ལྟ་བར་དུ་ནུས་ཤུགས་གང་ཙམ་གཏོན་ཡོད་ཀྱང་ཕྱོགས་ཡོངས་ནས་ང་ཚོར་ད་དུང་འདོད་པ་ཁེངས་པའི་གྲུབ་འབྲས་ཤིག་བྱུང་མེད་པ་གསལ་པོ་རེད། དཔེར་ན་དེང་སྐབས་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོས་བོད་གཞས་ཉན་རྒྱུ་དང་བོད་གཞས་ཁྲབ་རྒྱུ་སོགས་ལ་དགའ་པོ་མེད་པ་དང༌། བོད་ཡིག་གི་ཐོག་ལ་ཡིན་ན་ཡང་ཧ་ལས་པའི་སྐྱོ་པོ་རེད། དེ་ཚོར་གྲུབ་འབྲས་འདོད་པ་ཚིམ་པ་མ་བྱུང་པ་རང་རེད། དེ་ལ་ང་ཚོ་གཞུང་དང་གཞུང་འབྲེལ་མ་ཡིན་པ་ཚང་མས་ཤུགས་སྣོན་རྒྱག་དགོས་ཀྱི་འདུག

བཞི་པ་དེ། བོད་རང་བཙན་གྱི་དམིགས་ཡུལ་བཟུང་ནས་བོད་མི་དེ་ཚོས་དགྲ་བོ་རྒྱ་ནག་ལ་རྒོལ་འཛིང་གི་ལས་འགུལ་བསྔགས་བརྗོད་འོས་པ་དེ་ཚོ་ལ་སྒྲུབ་པའི་ཆེད་དུ་ང་ཚོས་དཀའ་ངལ་དང་ལེན་བྱས་ནས་རང་སྲོག་ཚུན་ལའང་ལྟོས་མེད་ཀྱིས་མདུན་བསྐྱོད་བྱ་རྒྱུ་ཡིན་ཞེས་པ་དེ་རེད། དེ་ཡང་ང་ཚོས་མདུན་བསྐྱོད་བྱེད་རྒྱུ་ཡིན་ཟེར་དུས། ང་ཚོས་ལོ་ངོ་༤༥ནང་ལ་དམིགས་ཡུལ་དེ་ལ་འགྱུར་བ་མེད་པའི་ཐོག་ནས་འཐབ་རྩོད་དང་མདུན་བསྐྱོད་བྱེད་དང་བྱེད་བཞིན་པ་ཡིན་རང་བཙན་ཐོབ་ཟེར་བའི་གྲུབ་འབྲས་དེ་བྱུང་མེད་ཀྱང།  རང་བཙན་ཐོབ་ཆེད་དུ་ལས་དོན་རང་ནུས་གང་ལྕོག་གིས་བྱེད་དང་བྱེད་མུས་ཞིག་རེད།

༡༡ དྲི་བ། ཁྱེད་རང་ལ་གོང་གི་དྲི་བ་དང་མ་འབྲེལ་བའི་གལ་གནད་ཆེ་བའི་དགོངས་འཆར་གསུང་རྒྱུ་ཡོད་དམ།
ལན། རྒྱ་གཞུང་གིས་བོད་མིའི་སྤྱི་ཚོགས་ནང་སིམ་འཛུལ་བྱས་ནས།  ང་རང་ཚོའི་བོད་རིགས་བསམ་མེད་རེ་བཟུང་རྒྱུ་ནོར་གྱི་སླུ་ཁྲིད་བྱས་ནས་བེད་སྤྱོད་ལོག་པར་བཏང། བོད་རིགས་ནང་ཁུལ་གྱི་མཛའ་མཐུན་དང་ཆིག་སྒྲིལ་གཏོར་བཤིག་གཏོང་བའི་ལས་ཀ་དེ་འདྲ་ཕྱོགས་གང་ས་ནས་བྱེད་ཀྱི་ཡོད་པ་དངོས་ཡོད་རེད། དཔེར་ན་༧གོང་ས་མཆོག་ཕྱིའི་རྒྱལ་ཁབ་ཁག་ལ་ཆིབས་བསྒྱུར་སྐྱངས་སྐབས་དོལ་རྒྱལ་རྗེས་འབྲངས་པ་ཉུང་ཤས་ཤིག་ཡོད་པ་དེ་ཚོས་གཞི་རྩ་གང་ཡང་མེད་པར་༧རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུ་བའི་ལས་ངན་ཐབས་སྐྱོ་པོ་ཞེ་དྲག་ཅིག་རྩོམ་གི་ཡོད་པ་རེད།

དེ་བཞིན་རྡོ་རྗེ་ཤུགས་ལྡན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཟེར་བ་ལ་སོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མིང་བེད་སྤྱོད་ལོག་པར་བཏང་ནས་གཞོན་ལྷན་སྒྲིག་འཛུགས་ཀྱང་རྩ་མེད་གཏོང་ཐབས་བྱེད་པའི་གནས་ཚུལ་དེ་འདྲ་ཡང་དེང་སང་ཕྱོགས་གང་ས་ནས་ཡོང་བཞིན་པ་རེད།  དེ་ཚོ་རྒྱ་དམར་གཞུང་གིས་ཕྱོགས་གང་ས་ནས་དངོས་ཤུགས་བརྒྱུད་གསུམ་གྱིས་ང་རང་ཚོ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དབྱེན་སྦྱོར་དཀྲུགས་ཤིང་བྱས། བོད་རིགས་ནང་ཁུལ་གྱི་མཛའ་མཐུན་དང་ཆིག་སྒྲིལ་མེད་པར་བཟོ་རྒྱུའི་བྱུས་ངན་རེད།  བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ནུས་པ་མེད་པར་བཟོ་རྒྱུའི་གོ་རིམ་དང་འཆར་གཞི་ལྡན་པའི་ལས་ངན་སྤེལ་བཞིན་ཡོད་པ་དེ་ཚོར། ང་རང་ཚོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཡིན་ནའང་རེད།  གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དབུ་ཁྲིད་ཚོ་ཡིན་ནའང་རེད། དེ་བཞིན་བོད་རིགས་སེར་སྐྱ་རྒན་གཞོན་ཚང་མས་ཧ་གོ་བའི་ཐོག་ནས་དུས་དང་རྣམ་པ་ཀུན་ཏུ་གཟབ་གཟབ་བྱེད་དགོས་པའི་དུས་ཚོད་ཅིག་རེད་འདུག་ཅེས་ནན་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན།


གསར་འགོད་པ། ཟླ་བ་ཕུར་བུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།