བཅར་འདྲི་གསར་ཤོས།

ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ལངས་ཕྱོགས་འདི་ཚོགས་མི་རང་ངོས་ནས་གདམས་པ་ཞིག་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༤།༠༨།༢༢ཉིན་སྤེལ། བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པས་དགུ་བཅུ་གསུམ་གྱི་ཚོགས་གཙོ་པ་སངས་ཚེ་རིང་ལགས་སུ་ཚོགས་པ་དེའི་ལས་དོན་དང་འབྲེལ་བའི་སྐོར་བཅར་འདྲི་བྱས་པ་ཞིག་གཤམ་དུ་བཀོད་ཡོད་པར་གཟིགས་རོགས།

དང་པོ། ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།
ངའི་མིང་ལ་པ་སངས་ཚེ་རིང་དང་ད་ལྟ་རྒྱུན་ལས་སྐབས་དྲུག་པའི་ཚོགས་གཙོ་ཡིན། ཐོག་མར་རྒྱ་གར་ལ་བཙན་བྱོལ་དུ་སླེབས་ནས་སྣེ་ལེན་ཁང་ཏུ་ཟླ་གཉིས་གསུམ་ཞིག་ལྷག་སོང་། དེ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་གཤིབ་ཁང་དུ་ལོ་ལྔ་ཞིག་ལ་ལས་ཀ་བྱས་ཤིང་། དེ་རྗེས་དགེ་རྒན་འོས་སྦྱོང་ལོ་གཉིས་ལ་བྱས་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་ནས་དགེ་རྒན་ལོ་གཉིས་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གྲྭ་རུ་དགེ་རྒན་ལོ་༡༢ལ་བྱས་པ་ཡིན། ༢༠༡༣།༠༩།༢༧ཉིན་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཆེན་སྐབས་དྲུག་པའི་སྟེང་སྤྱི་མོས་ཀྱིས་ཚོགས་གཙོའི་འགན་ཁུར་བཞག་སྟེ་ལོ་གཅིག་འཁོར་ཙམ་ཡིན།

གཉིས་པ། དགུ་བཅུ་གསུམ་དུ་ཕྱག་ལས་གནང་བཞིན་པའི་སྐབས་སུ་ཁྱེད་རང་གི་ཉམ་མྱོང་སྒང་ནས་བོད་པའི་སྤྱི་ཚོགས་སུ་ཕན་ཐོགས་ག་རེ་བྱུང་ཡོད།
སྤྱིར་བཏང་ང་རང་གིས་དགུ་བཅུ་གསུམ་གྱི་ལས་འགན་འཁུར་ནས་ཟླ་༡༡སྟེ་ལོ་གཅིག་མ་ཟིན་ཙམ་འགྲོ་བསྡད་ཡོད་པའི་རིང་། ཁ་ཡོད་ལག་ཡོད་ཀྱིས་བོད་པའི་སྤྱི་ཚོགས་སུ་ཕན་ཐོགས་འདི་འདྲ་ཞིག་བྱུང་ཡོད་པ་ཐད་ཀར་ཞུ་ཐུབ་མིན་ལ་མ་བལྟས་པར། དང་པོར་ཚོགས་པ་འདིའི་སྒྲིག་འཛུགས་ཡོད་པའི་དབང་གིས་རྒྱ་ནག་གུང་ཁྲན་ཏང་གི་མིག་ནང་ལ་མི་བདེ་བ་ཅིག་རང་བཞིན་གྱིས་ཡོང་བསྡད་ཡོད་པ་དང་། འདི་ཡིས་བོད་པའི་རྩ་དོན་དང་སྤྱི་ཚོགས་སུ་སྤྱི་ཡོངས་ཀྱི་ཆ་ནས་ཕན་བསྡད་པ་ཞིག་རེད་བསམ་གྱི་འདུག དེ་མིན་དགུ་བཅུ་གསུམ་གྱི་ཁྱབ་ཁོངས་སུ་ཡོད་པའི་ལས་བྱེད་དང་ཚོགས་མི་གང་འདྲ་ཞིག་ཡིན་ནའང་། བོད་ནང་དུ་འགྲོ་བའི་ཡིག་ཆ་དག་ལ་བཀག་འགོག་དང་བོད་ནང་དུ་འབྱོར་ཡང་རྗེས་འདེད་དམ་དྲག་བྱེད་བསྡད་ཡོད་པ། ཁོ་ཚོར་ཞེ་སྣང་ཞིག་ཡོང་གི་ཡོད་པ་འདི་ནི་བོད་པའི་སྤྱི་ཚོགས་སུ་ཅུང་ཟད་ཕན་གྱི་ཡོད་པའི་རྟགས་ཤིག་རེད་བསམ་གྱི་འདུག

ཐད་ཀར་ཕན་ཐོགས་ག་རེ་ཡོད་པའི་སྒོ་ནས་ང་ཚོ་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཁྱབ་ཁོངས་སུ་ཡོད་པའི་ཚོགས་མི། བགྲེས་སོང་རྒན་རྒོན་རང་ལོ༦༠ཡན་ཅན་གྱི་མི་༢༠ཡར་མར་ཞིག་ལ་འཚོ་གནས་ཕུལ་ཏེ་ལྟ་སྐྱོང་བྱེད་ཀྱི་ཡོད་པ་དང་། བོད་པའི་སྤྱི་ཚོགས་ནང་གི་འཚོ་བའི་གནས་སྟངས་ཞན་པའི་ཚོགས་མི་༣༦ལྷག་ཅིག་ལ་འཚོ་བའི་ཁ་སྣོན་དང་ལྟ་སྐྱོང་བྱེད་བསྡད་ཡོད།

དེ་བཞིན་ཚོགས་པའི་ཁྱབ་ཁོངས་སུ་ཡོད་པའི་ཚོགས་མི་དང་བོད་པའི་སྤྱི་ཚོགས་ནང་གི་མི་སྣ་མང་པོ་ཞིག་ལ་ང་ཚོའི་ལག་ཤེས་སྡེ་ཚན་གྱི་ངོས་ནས་ལས་ཀ་སྤྲད་པ་དང་ལྟ་རྟོག་བྱེད་པ། དམིགས་བསལ་གྱིས་དགུ་བཅུ་གསུམ་གྱི་ཁྱབ་ཁོངས་སུ་ཡོད་པའི་གློག་ཀླད་ཀྱི་འཛིན་གྲྭ་ཞིག་ཡོད་པའི་ནང་ད་ལོ་སློབ་ཕྲུག་༡༩ཞིག་བཅུག་བཞག་ཡོད་པ་འདི་དག་གིས་བོད་པའི་སྤྱི་ཚོགས་སུ་ཕན་པ་ཅུང་ཟད་ཅིག་ཐོན་ཡོད་པ་གསལ་བོ་རེད།

གསུམ་པ། དགུ་བཅུ་གསུམ་གྱི་ཚོགས་མི་མང་པོར་རྒྱན་ཐོབ་ཀྱིས་ཨོ་སི་ཁྲོ་ལི་ཡར་འགྲོ་བཞིན་པའི་སྐབས་འདིར་ངྷ་རམ་ས་ལའི་ལས་ཁུངས་ཀྱི་ཨ་མར་དཀའ་ངལ་ག་རེ་སྐོར་ནས་ཕྲད་ཀྱི་འདུག
༡༩༩༧ནས་མགོ་འཛུགས་ཀྱིས་ཆབ་སྲིད་བཙོན་པ་ཨོ་སི་ཁྲོ་ལི་ཡར་སོང་བ་རེད། ཨོ་སི་ཁྲོ་ལི་ཡའི་འཆར་གཞི་ཡིན་ན་ལོ་རེར་ནང་མི་ཚུད་པའི་མི་༥༠རེད། ལོ་རེར་ནང་མི་ཚུད་པའི་མི་༥༠རྒྱན་རྒྱབ་ན་ག་དུས་ཡིན་ཡང་བརྡབ་གསིག་ཅིག་ཡོང་གི་ཡོད་པས་ན། དབུས་བོད་མིའི་སྒྲིག་འཛུགས་ངོས་ནས་འགྱུར་བ་བཏང་སྟེ་ལོ་གཉིས་ནང་ལ་མི་བརྒྱ་གཏོང་རྒྱུ་བྱས་པ་རེད། ད་ལོ་ཨོ་སི་ཁྲི་ལི་ཡའི་གནད་ཡོད་མི་སྣ་ཚོས་དམིགས་བསལ་གྱི་དགོངས་བཞེས་ཐོག་ནས་ནང་མི་ཚུད་པའི་མི་༢༥༠ཞིག་འཐེན་པ་རེད།

སྤྱིར་བཏང་ཆབ་སྲིད་བཙོན་པ་ཙམ་མ་ཡིན་པར་བོད་ནས་བཙན་བྱོལ་དུ་འབྱོར་བ་ཉུང་ཉུང་ཆགས་ཡོད་པ་དང་ད་ལོ་ཆབ་སྲིད་བཙོན་པ་༣༠ལྷག་ཅིག་ལས་འབྱོར་ཐུབ་མ་སོང་། དགུ་བཅུ་གསུམ་གྱི་ཁྱབ་ཁོངས་སུ་ཚོགས་མི་༩༠༠མ་ཟིན་ཙམ་ཞིག་ཡོད་པ་དང་། ཨོ་སི་ཁྲོ་ལི་ཡའི་ཕྱོགས་སུ་ཆབ་སྲིད་བཙོན་པ་ཕོན་ཆེན་པོི་ཆགས་ཡོང་གི་ཡོད་པ་དང་རྒྱ་བོད་འབྲུག་གསུམ་ན་ཡོད་པའི་ཚོགས་མི་དག་ཉུང་དུ་འགྲོ་བཞིན་འདུག དེ་འདྲ་ཡིན་དུས་དགུ་བཅུ་གསུམ་གྱི་ལས་འགུལ་སྤེལ་བའི་སྒང་ལ་དཀའ་ངལ་ཅུང་ཕྲད་པ་མ་གཏོགས་གཞན་དམིགས་བསལ་གྱིས་དཀའ་ངལ་ཕྲད་པ་གང་ཡང་མི་འདུག

དེ་མིན་དགུ་བཅུ་གསུམ་སྐབས་སྔོན་མར་གྲོས་ཆོད་ཡོད་པ་དང་ད་ལྟའི་སྐབས་སུ་ཡང་གྲོས་ཆོད་བྱུང་བ་ནང་བཞིན་དུ་ཨོ་སི་ཁྲོ་ལི་ཡ་གཙོས་པས་ས་གནས་ཁག་ཏུ་ས་གནས་ཡན་ལག་འཛུགས་པའི་བཀའ་བརྒྱ་དེ་ནི་ཕྱི་རྒྱལ་ཡན་ལག་ཁག་ལ་བཏང་ཚར་བ་རེད།

བཞི་བ། དགུ་བཅུ་གསུམ་གྱི་སྔོན་མའི་སྐབས་ཀྱི་ལངས་ཕྱོགས་དང་ད་ལྟའི་སྐབས་ཀྱི་ལངས་ཕྱོགས་སུ་མ་འདྲ་བ་ག་རེ་ཡོད་རེད།
དགུ་བཅུ་གསུམ་ཚོགས་པ་རང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་ལ་ད་རེས་གཅིག་པུ་མ་ཡིན་པར་འགྱུར་བ་ཐེངས་གསུམ་ཞིག་ཐེབས་པ་རེད། ཐོག་མར་ཚོགས་པ་བཙུགས་པའི་སྐབས་སུ་རང་བཙན་དང་དེ་ནས་ཞེ་བོ་ཞིག་བྱུང་ཡོད་མེད་ལ་མ་བལྟས་པར་སྤྱི་ཚོགས་ནང་ལ་འབོད་སྒྲ་ཤུགས་ཆེན་པོ་ཞིག་བྱུང་བས་དབུ་མའི་ལམ་ལ་འགྱུར་བ་རེད། ཡང་གནས་སྟངས་ཤིག་གི་འོག་ནས་ཚུར་རང་བཙན་གྱི་ལངས་ཕྱོགས་སུ་ཚུར་འགྱུར་བ་ཕྱིན་པ་དང་། ཉེ་སྔོན་ཚོགས་ཆེན་སྐབས་དྲུག་པའི་སྐབས་སུ་ཚོགས་མི་༡༦༠ལྷག་ནང་ནས་གཅིག་གཉིས་ཤིག་མ་གཏོགས་སོ་སོ་རང་གི་ཐོག་ནས་དབུ་མའི་ལམ་གྱི་ལངས་ཕྱོགས་སུ་འགྱུར་བ་ཐེབས་པ་དེ་ནི། གཅིག་གིས་གཅིག་ལ་བརྒྱུད་སྐུལ་དང་སྐུལ་མ་བཏང་བཞག་པ་གང་ཡང་མིན་པར་ཚོགས་མི་ཚོ་རང་གི་ངོས་ནས་ལངས་ཕྱོགས་འདིའི་སྒང་ལ་འགྲོ་དགོས་ཀྱི་ཡོད་པ་དེ་རེད།

གཅིག སོ་སོ་བོད་མི་ཞིག་ཡིན་དུས་སོ་སོའི་གཞུང་གི་ཆབ་སྲིད་ལངས་ཕྱོགས་གང་ཡིན་པ་དེའི་མངོན་འདོད་དང་མཐུན་པ་བྱས་ནས་འགྲོ་དགོས་ཀྱི་ཡོད་པ་ནི་མི་མང་དཀྱུས་མ་ཞིག་གི་ངོས་ནས་འོས་འགན་ཆགས་བསྡད་ཡོད་རེད། ང་ཚོའི་དབུས་བོད་མིའི་སྒྲིག་འཛུགས་དེ་དབུ་མའི་ལམ་ཆགས་བསྡད་ཡོད་པས་རྣམ་པ་འདིའི་འོག་ནས་བཀའ་གསུང་ཇི་སྒྲུབ་བྱེད་དགོས་པ་དེ་ནི་དོན་དངོས་རེད་བསམ་གྱི་འདུག

གཉིས། ང་ཚོའི་དབུ་མའི་ལམ་འདི་མི་ཉུང་ཤས་ཤིག་གིས་གྲོས་མགོ་བཏོན་པ་དང་གཏན་འབེབས་བྱས་བཞག་པ་ཞིག་མ་ཡིན་པར། ཆབ་སྲིད་ལངས་ཕྱོགས་འདི་དུས་ཚོད་རིང་པོ་ཞིག་གི་ནང་ལ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ཡེ་ཤེས་དབྱེངས་སྤྱད་ཀྱི་ཐོག་ནས་གནང་བ་ཞིག་རེད། དེ་ཙམ་མ་ཟད་༡༩༩༦ལོར་རྒྱལ་ཡོངས་ཚོགས་ཆེན་གྱི་ཐོག་ནས་མང་མོས་བྱས་ཡོད་པ་ཞིག་དང་། རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དང་སྤྱི་འཐུས་གྲོས་ཚོགས་སྐབས་རིམ་པའི་ཐོག་ཏུ་སྤྱི་མོས་གཏན་འབེབས་བྱས་བཞག་ཡོད་པ་སོང་ཙང་། འདིའི་འོག་ནས་རྡོག་རྩ་མཉམ་སྒྲིལ་བྱེད་ཐུབ་པ་ཡིན་ན་དོན་སྒྲུབ་པར་རེ་བ་ཡོད་བསྡད་པ་ཞིག་གི་གནས་ཚུལ་མང་པོ་ཞིག་མཐོང་བའི་སྒང་ནས་དབུ་མའི་ལམ་གྱི་ལངས་ཕྱོགས་སུ་འགྱུར་བ་གཏོང་དགོས་པའི་གདམས་ཀ་བྱས་པ་ཡིན་རྒྱུ་རེད་བསམ་གྱི་འདུག

ལྔ་བ། རྒྱུན་ལས་གསར་བ་མང་པོི་ཞིག་འཕོ་འགྱུར་ཕྱིན་པས་ཚོགས་པའི་ལས་ཀ་ཚག་ཚུད་ཡོང་མིན་ལ་དཀལ་ངལ་འདུག་གམ།
ད་ལྟའི་ཆ་ལ་དམིགས་བསལ་གྱི་དཀའ་ངལ་མེད། ཡིན་ནའང་། དཀའ་ངལ་ཅུང་ཙམ་བྱུང་བ་སྟེ་ལས་འགུལ་ཁ་ཤས་སྤེལ་མ་ཐུབ་པ་བྱུང་བ་དེ་རེད། དཔེར་ན། ཉེ་ལམ་ཐོག་མའི་འཆར་གཞི་བྱས་པ་ལྟར་ན། ལ་དྭགས་ཀྱི་དུས་འཁོར་དབང་ཆེན་སྐབས་སུ་ལས་འཆར་ཁག་མི་འདྲ་བ་བཞི་ཞིག་བསྒྲིགས་ཡོད། འཚོ་བའི་ཁྱབ་ཁོངས་སུ་ཡོད་པའི་ཟ་ཁང་འཛིན་རྒྱུ་དང་ཚོང་ཟོག་ཚོང་འགྲེམས། ཚོགས་པ་འདི་ནི་ལས་འགུལ་གྱི་ངོ་བོ་ཞིག་གི་ཆ་ནས་གྲུབ་ཡོད་པས་པར་རིས་འགྲེམས་སྟོན་གྱི་ཐོག་ནས་ལས་འགུལ་སྤེལ་རྒྱུ། རྒྱ་མིའི་སྡུག་སྦྱོངས་འོག་ནས་དཀའ་ལས་མང་པོ་ཞེ་བོ་ཞིག་དངོས་སུ་མྱངས་པ་མ་ཟད། མང་པོ་ཞིག་རྒྱ་མིའི་བཙོན་ཁང་འོག་ཏུ་སྡུག་སྦྱོང་མནར་གཅོད་ལོ་ནས་ལོ་མཐུད་ནས་མྱངས་བསྡད་པའི་ཚོགས་མི་ལས་གྲུབ་པའི་ཚོགས་པ་ཞིག་ཡིན་དུས། ང་ཚོའི་ངོས་ནས་ཚོགས་མི་དེ་དག་བརྒྱུད་སྐུལ་བྱས་ནས་འཛམ་གླིང་མི་མང་གི་མདུན་བོད་མིའི་གནས་སྟངས་ག་འདྲ་ཡིན་པ་དེ་གཏམ་བརྗོད་ཀྱི་ངང་ནས་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤིག་སྔོན་མ་ནས་སྤེལ་བསྡད་ཀྱི་ཡོད་རེད།

ད་རེས་ཀྱི་དུས་འཁོར་དབང་ཆེན་ལ་རྒྱལ་ཁབ་མང་པོ་ཞིག་ནས་མི་མང་པོ་ཞིག་འདུ་འཛོམས་ཡོང་གི་ཡོད་པའི་གོ་སྐབས་བཟུང་སྟེ། གཏམ་རྒྱུད་ཅིག་གོ་བསྒྲིགས་བྱས་ཡོད་ཀྱང་། གློ་བུར་དུ་རྒྱུན་ལས་༡༡ཞིག་འཕོ་འགྱུར་ཐེབས་པས་ན། མང་མོས་འོས་འདེམས་ཁྲོད་རྒྱུན་ལས་གསར་བ་སླེབས་ཡོད་པ་རེད་མོད། འོན་ཀྱང་རྒྱུན་ལས་གསར་བ་ཚོས་གཏམ་བརྗོད་འཁྲབ་སྟོན་བྱེད་པར་རྒྱུས་མངའ་དེ་ཙམ་མེད་པ་དང་། དུས་ཚོད་ཐུང་ཐུང་ཞིག་ལ་གཏམ་བརྗོད་དེ་གྲ་སྒྲིག་བྱེད་མ་ཐུབ་པར་བརྟེན་གཏམ་བརྗོད་འཁྲབ་སྟོན་དེ་ཡང་བྱེད་ཐུབ་མ་སོང་བ་འདི་ནི་རྒྱུན་ལས་འཕོ་འགྱུར་ཕྱིན་པའི་དཀའ་ངལ་ཞིག་ཆགས་བསྡད་ཡོད་རེད། སྤྱིར་བཏང་ལས་ཀ་ཆུང་ཚགས་ཐོག་ནས་དམིགས་བསལ་གྱི་དཀའ་ངལ་ཅང་མི་འདུག

དྲུག་པ། ང་ཚོའི་དྲི་བར་མ་ཐོན་པའི་སྐད་ཆ་ལྷག་ཡོད་པ་ག་རེ་ཞུ་རྒྱུ་ཡོད།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་འདི་༡༩༩༡ལོ་ཐོག་མར་དབུ་བརྙེས་པ་ནས་ད་ལྟའི་བར་དུ་བོད་པའི་སྤྱི་ཚོགས་ནང་ཏུ། ཆབ་སྲིད་དང་ཤེས་ཡོན། དེ་བཞིན་ཕྱོགས་གང་ཅིའི་ཐོག་ནས་སྤྱི་ཚོགས་ནང་ལ་ཕན་པ་ཅུང་ཟད་བསྒྲུབས་ཡོད་པ་རེད།

དམིགས་བསལ་གྱིས་ཚོགས་པ་འདིའི་ཁྱབ་ཁོངས་སུ་ཡོད་པའི་ཚོགས་མིའི་གྲུབ་ཆ་དེ་དམིགས་བསལ་བ་ཞིག་ཆགས་བསྡད་ཡོད་པ་དང་དེའི་ནང་ནས་ཚོགས་མི་དག་དང་མ་དག་ཟེར་བ་དེ་སྤྱི་ཚོགས་ནང་རང་བཞིན་ཡོང་བསྡད་པ་ཞིག་དང་ཆོས་ཉིད་ཅིག་རེད། སྤྱིར་བཏང་རྩ་བའི་གྲུབ་ཆ་ནི་རྒྱལ་སྤྱིའི་དཔའ་བོ་རྐྱང་རྐྱང་ཡིན་པས་དམིགས་བསལ་རེད་བསམ་གྱི་འདུག དེར་བརྟེན་ཚོགས་པ་འདིའི་སྟོབས་ཤུགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་དུ་ཕན་ཐོགས་ཀྱི་ཡོད་པ་རེད། ང་ཚོའི་ངོས་ནས་ད་ལྟའི་རྒྱུན་ལས་དང་ཚོགས་མི་གསར་རྙིང་སུ་ཡིན་ཡང་མུ་མཐུད་ནས་ཚོགས་པ་འདི་ཡག་ཐོག་ཡག་བཞག་ཅིག་ཡོང་བར་ཕྱ་གྲུ་མཉམ་འདེགས་བྱེད་རྒྱུ་གལ་ཆེན་རེད་མ་གཏོགས་ཚོགས་མི་གཅིག་གཉིས་ཤིག་གིས་གྲུབ་འབྲས་ཤིག་ཐོན་རྒྱུ་མ་རེད་བསམ་གྱིན་འདུག 

བཅར་འདྲི་བ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།