ལོ་གསར་ལ་སྤྲོ་སྐྱིད་མི་གཏོང་བའི་འབོད་སྐུལ་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༡ཚེས་༢༥ཉིན། ཟླ་འདིའི་ཕྱི་ཚེས་༢༤ཉིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། འདས་ལོར་རྒྱ་གཞུང་གི་བཙན་གནོན་ལ་ཞི་བའི་ངོ་རྒོལ་གྱིས་ཁྱོན་བོད་མི་སེར་སྐྱ་ཕོ་མོ་༨༣ཙམ་གྱིས་རང་ལུས་མེར་སྲེག་བཏང་ཡོད་བར་བརྟེན། ད་ལོའི་ལོ་གསར་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་ལས་སྤྲོ་སྐྱིད་རྒྱས་སྤྲོས་མི་བྱེད་པའི་འབོད་སྐུལ་གནང་འདུག

ཕྱི་ལོ་༡༩༩༨ལོ་ནས་བཟུང་བོད་ཕྱི་ནང་གཉིས་ནས་བོད་མི་སེར་སྐྱ་ཕོ་མོ་ཁྱོན་བརྒྱ་ལྷག་གིས་རང་ལུས་མེར་སྲེག་བཏང་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་༢༠༡༢ལོ་ཁོ་ནའི་ནང་དུ་བོད་མི་༨༣ཙམ་གྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་གི་བཙན་གནོན་དམ་དྲག་ལ་ཞི་བའི་ངོ་རྒོལ་གནང་ཏེ་སྐུ་གྲོངས་བ་དང་། གར་ཡོད་ཅི་བྱུང་མེད་པར་གྱུར་བ་སོགས་ཀྱིས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལོ་འདི་བོད་དོན་ཞུ་གཏུག་གི་ལོ་ཞིག་ཏུ་སྲུང་བརྩི་བྱེད་པར་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཟིན་པ་ལྟར། ད་ལོའི་ལོ་གསར་གྱི་སྐབས་སུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བ་ལས་སྤྲོ་སྐྱིད་དང་རྒྱས་སྤྲོས་མི་བྱེད་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། འཛམ་གླིང་གི་ཡུལ་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོར་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྤེལ་བའི་བོད་དོན་ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་དགོིས་པའི་འབོད་སྐུལ་གནང་འདུག

དེ་ཡང་སྲིད་སྐྱོང་མཆོག་གི་གསལ་བསྒྲགས་ནང་དུ། ཧ་ཅང་གི་བློ་ཕམ་དང་ཚབས་ཆེ་བའི་གནས་ཚུལ་ཞིག་ལ། རྒྱ་གཞུང་གི་དྲག་གནོན་ལ་ངོ་རྒོལ་བྱེད་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་བརྒྱ་ཟིན་འགྲོ་ཡི་འདུག ༢༠༡༢ ནང་རང་ལུས་མེར་བསྲེགས་གཏོང་མཁན་ ༨༣ བྱུང་བ་ནས། ཕྱི་ཟླ་ ༡༡ པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཚོགས་པའི་སྐབས། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ ༢༨ བྱུང་ཡོད། ཉིན་ཤས་གོང་ཡང་བསྐྱར་རང་ལོ་ ༢༦ ཡིན་པ་དཀོན་མཆོག་སྐྱབས་ནས་རང་ལུས་མེར་བསྲེགས་བཏང་འདུག ལོ་འདིའི་ནང་རང་ལུས་མེར་བསྲེགས་གཏོང་མཁན་གསུམ་པ་དེ་ཆགས་ཡོད།

ཛ་དྲག་གི་གནས་སྟངས་འདི་འདྲའི་དབང་གིས། བོད་རིགས་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་བོད་རྒྱལ་ལོ་ ༢༡༤༠ ལོའི་ལོ་གསར་སྐབས་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་ལས། སྤྲོ་སྐྱིད་དང་རྒྱས་སྤྲོས་རིགས་མ་གནང་རོགས་ཞུ་རྒྱུ་ཡིན། ལོ་གསར་སྐབས་བོད་ཆས་བཞེས་ནས་དགོན་སྡེ་ཁག་ཏུ་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་བཏང་གནང་མཁན་ཡོངས་དང༌། ད་ལྟའི་ཆར་བཙན་བཟུང་འོག་དཀའ་སྡུག་མྱོང་བཞིན་པའི་ཤ་ཁྲག་གཅིག་པའི་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོའི་ཆེད་མཆོད་འབུལ་སྨོན་ལམ་གནང་རོགས་ཞུ་རྒྱུ་ཡིན། དེ་མཚུངས་ང་ཚོས་ཁོང་ཁྲོ་དང་ཞེ་སྡང་གི་གཞན་དབང་དུ་མ་སོང་བར་ཞི་འཇམ་གནས་རྒྱུ་གལ་ཆེན་པོ་ཡིན།

བོད་མིའི་སྒྲིག་འཛུགས་ཀྱིས་ཚབས་ཆེ་བའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ལན་མང་ཞུ་བཞིན་དུ། རང་ལུས་མེར་བསྲེགས་མུ་མཐུད་འབྱུང་བཞིན་པ་རེད། རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་ཡོངས་གྲགས་ཀྱི་མངོན་འདོད་ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་བོད་མིར་རང་དབང་དགོས་པ་གཉིས་ཡིན། དེ་དག་མངོན་འགྱུར་ཡོང་ཐབས་བྱེད་རྒྱུ་ང་ཚོའི་རྩ་ཆེའི་ལས་འགན་ཡིན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་ཕྲན་གྱི་ཡོངས་ཁྱབ་གཏམ་བཤད་ནང་ཕྱི་ལོ་ ༢༠༡༢ དེ་བོད་ཀྱི་ཞུ་གཏུགས་ཀྱི་ལོར་སྲུང་བརྩི་ཞུ་རྒྱུའི་འབོད་སྐུལ་ཞུས་ཡོད་པ་ལྟར། ཚང་མས་འབད་རྩོལ་གནང་བའི་འབྲས་བུར་ད་བར་ཡུ་རོབ་དང༌། ཕ་རན་སི། ཨི་ཊ་ལི། ཨ་རི་བཅས་ཀྱི་གྲོས་ཚོགས་ནང་དངོས་སུ་གྲོས་ཆོད་བཞག་ཐུབ་པ་བྱུང་བ་དང༌། སྦ་ར་ཛིལ་དང་ཉི་ཧོང་སོགས་ཀྱི་གྲོས་ཚོགས་འཐུས་མི་མང་པོས་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་ཡོད།

གོང་གསལ་གྲོས་ཚོགས་ཁག་དང༌། དེ་བཞིན་བོད་ཀྱི་ཛ་དྲག་གནས་སྟངས་ཐོག་ཐུགས་སྣང་དང་ཐུགས་ཁུར་གནང་མཁན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང༌། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང༌། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ། རྒྱལ་མཚམས་རིས་མེད་ཀྱི་གསར་འགོད་མཐུན་ཚོགས། རང་དབང་གི་ཁང་པ་(Freedom House)བཅས་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྔ་ལོ་ང་ཚོས་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བ་རྣམས་གཞི་རྟེན་དུ་བཟུང་ནས་ཕྱི་ལོ་ ༢༠༡༣ དེ་བོད་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལོར་སྲུང་བརྩི་ཞུ་ཆེད་ཕྱོགས་ཡོངས་ནས་མཉམ་ཞུགས་གནང་དགོས། དེ་དང་འབྲེལ་བའི་གཞི་རྒྱ་ཆེ་བའི་ལས་འགུལ་དང་པོ་དེ་སྔ་ལོ་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནེའུ་ཡོག་ཏུ་སྤེལ་བ་དང༌། རང་ལུས་མེར་བསྲེགས་སྐོར་(རྒྱ་ནག་གིས་བོད་ནང་གང་བྱེད་ཀྱི་ཡོད་དམ་)ཞེས་པའི་བརྙན་འཕྲིན་འགྲེམས་སྤེལ་ཞུས་ཡོད། བོད་མི་མང་སྤྱི་འཐུས་རྣམ་པས་རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བཞིན་པ་རེད། ཉིན་ཤས་རྗེས་ཕྱི་ཟླ་ ༡ ཚེས་ ༣༠ རེས་གཟའ་ལྷག་པ་ནས་ཟླ་ ༢ ཚེས་ ༢ བར་ཉིན་བཞིའི་རིང༌། ས་གནས་གང་ས་ནས་བཙན་བྱོལ་བོད་མི་སྟོང་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ལས་འགུལ་རིམ་པ་སྤེལ་རྒྱུ་ཡིན། དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡༠ བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ས་སྦར་སིལ་དུ་ཡུ་རོབ་ཁུལ་དུ་གནས་འཁོད་བཙན་བྱོལ་བོད་མི་རྣམས་མཉམ་འཛོམས་ཀྱིས་ལས་འགུལ་སྤེལ་འཆར་རེད།

བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང༌། བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ཚང་མས་མཉམ་རུབ་ཐོག་ནས། གྲོས་ཚོགས་དང་སྲིད་གཞུང་ཁག་ལ་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རོགས་ཞུ་རྒྱུ་ཡིན། གནས་ཡུལ་ས་གནས་ཀྱི་གསར་འགོད་མི་སྣར་འབྲེལ་བ་བྱས་ཏེ། བོད་ནང་གི་གནས་སྟངས་སྐོར་རྩོམ་བྲིས་སྤེལ་རྒྱུའི་སྐུལ་འདེབས་དང༌། རྒྱལ་སྤྱིའི་སྐུ་ཚབ་ཚོགས་པ་དང་གསར་འགྱུར་བརྒྱུད་ལམ་ཁག་བོད་ནང་འགྲོ་བསྐྱོད་ཆོག་པའི་རེ་འདུན་བཏོན་དགོས། དེ་མཚུངས་ང་ཚོའི་ལས་འགུལ་ཚང་མ་ཞི་བ་དང༌། ཁྲིམས་མཐུན། ཆེ་མཐོང་ལྡན་པ་དགོས་རྒྱུ་སྙིང་བཅང་ཞུ་དགོས།

རྒྱ་རིགས་སྤུན་ཟླ་ཚོས་ཀྱང་བོད་མིའི་མངོན་འདོད་འགྲུབ་ཐབས་སུ་མཉམ་རུབ་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ཞི་བའི་སྒོ་ནས་བོད་དོན་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད། ད་ལྟའི་དཀའ་ངལ་འདིའི་འབྱུང་རྐྱེན་དང་འགན་ཁུར་གཉིས་ཀ་རྒྱ་ནག་གཞུང་ལ་ཡོད།

གཞིས་བཞུགས་བོད་རིགས་སྤུན་ཟླ་ཡོངས་ལ་ཞུ་རྒྱུར། ང་ཚོ་དུས་རྟག་ཏུ་ཁྱེད་ཚོའི་རྒྱབ་ཏུ་ཡོད་མུས་ཡིན། ང་ཚོས་ཆིག་བསྒྲིལ་དང༌། གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་ལྟ་གྲུབ་ཀྱི་ལམ་སྟོན་ལ་བརྟེན་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པ་བྱ་རྒྱུ་དང༌། བོད་མིའི་རང་དབང་བསྐྱར་གསོ་བྱ་རྒྱུའི་དམིགས་ཡུལ་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཀོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
སྲིད་སྐྱོང་ཕྱོགས་ནས།
ལོ་གསར་མེད་གསུངས་པ་དེ་ལ་མོས་མཐུན་ཡོད།
མི་རིགས་ཀྱི་མཆེད་དུ་གཅེས་པའི་ལུས་སྲོག་དམར་པོ་
གཏོང་ཐུབ་པ་ལ་། ང་ཚོ་ལོ་གསར་ཙམ་བློས་བཏང་མི་
ཐུབ་ན། མི་དེ་ཤི་བའི་རོ་དང་འདྲ་བ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།