ནང་ཆོས་རྨང་གཞི་བྱས་ནས་ཚན་རིག་སློབ་སྦྱོང་བྱེད་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༣ཟླ་༡་༡༨ཉིན། ཟླ་འདིའི་ཕྱི་ཚེས་༡༧ཉིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག གདན་ས་ཆེན་པོ་འབྲས་སྤུངས་ཏུ་ཉིན་གྲངས་༦རིང་གི་༼སེམས་དང་སྲོག༽བགྲོ་གླེང་ཚོགས་ཆེན་ཐེངས་༢༦པ་དབུ་འཛུགས་ཀྱི་མཛད་སྒོ་ཚོགས་ཡོད་འདུག

བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག ཁ་སང་ཕྱི་ཚེས་༡༧གྱི་ཞོགས་པར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌི་རུ་ཡོད་པའི་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གི་འདུ་ཁང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནས་ཆེད་ཕེབས་གནང་བའི་ཚན་རིག་པ་༢༠ལྷག་དང་ཆོས་བརྒྱུད་རིས་མེད་ཀྱི་སྐུ་ཚབ་བཅས་ལྷན་ཞུགས་ཀྱིས། སེམས་དང་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་༢༦པ་དབུ་འཛུགས་ཀྱི་མཛད་སྒོ་ཚོགས་ཡོད་འདུག

སྐབས་དེར་༧གོང་ས་མཆོག་གིས་གསུངས་རྒྱུར། ངོས་ཀྱིས་ནང་ཆོས་དང་ཚན་རིག་དབར་བགྲོ་གླེང་བྱེད་དགོས་པའི་དམིགས་ཡུལ་གཉིས་ཡོད།  དང་པོ། ནང་ཆོས་དང་ཚན་རིག་ཕྱོགས་གཉིས་ཀའི་ཤེས་ཚད་གོང་དུ་སྤེལ་རྒྱུ་ཙམ་མ་ཟད། ཕྱོགས་གཉིས་ཀྱིས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་དོན་ཐོག་ནས་འགྲོ་བ་མིའི་རིགས་ལ་ཞབས་འདེགས་བསྒྲུབ་རྒྱུ་དེ་ཡིན། གཉིས་པ། རྫས་ཀྱི་རྣམ་གཞག་དེ་དག་ལ་སློབ་སྦྱོང་བྱས་ནས་གཏན་ལ་ཕབ་སྟེ་ཤེས་པའི་ལས་རྗེས་ལྟ༌བུ་འདི་དཔེར་ན། སྨན་ལ་ཆ་བཞག་ན། བརྟག་དཔྱད་རིམ་པ་བྱས་མཐར་ལུས་པོར་ཕན་ཐོགས་ཡོད་པ་དེ་དག་ཚུར་དང་དུ་བླངས་ཏེ་ གོང་འཕེལ་རྒྱ་ཆེར་སྤེལ་དགོས་པ་དང་། གནོད་པའི་རིགས་ཉུང་དུ་བཏང་ནས་སྔོན་འགོག་གི་ཐབས་ཤེས་བྱ་རྒྱུ་དེ་རྫས་ཀྱི་ནུས་པར་ཤེས་པའི་སྒོ་ནས་རིམ་པ་གཉིས་པ་དེ་བླང་དོར་ཐོག་སླེབ་ཀྱི་ཡོད། དེ་བཞིན་ནང་སེམས་ཀྱི་རྟོག་པའི་རྣམ་གཞག་དེ་དག་ཀྱང་ཞིབ་ཚགས་ཐོག་ནས་འགྲོ་སྟངས་ཤེས་པའི་མཚམས་ལ་སྐྱེ་བ་ཕྱི་མ་དང་ཐར་པ། ཐམས་ཅད་མཁྱེན་པའི་སྐད་ཆ་ཤོད་ཀྱི་མེད། མི་ཚེ་འདི་གར་འཛམ་གླིང་འདི་བདེ་བ་དང་མི་སྒེར་སོ་སོ་ཡང་སེམས་སྐྱིད་པ་དང་བག་ཕེབས་པ་ཞིག་སེམས་ཀྱི་འགྲོ་སྟངས་དེ་དག་ཡག་པོ་ཤེས་པའི་ཐོག་ནས་སེམས་མ་སྐྱིད་པ་བཟོ་མཁན་རྣམ་རྟོག་ག་རེ་བྱེད་ཀྱི་འདུག དེར་གཉེན་པོ་གང་འདྲ་ཞིག་བསྟེན་དགོས་ཀྱི་འདུག དེ་དག་ཤེས་པའི་ཐོག་ནས་མི་ལ་ཕན་ཐོགས་བྱ་རྒྱུ་ཞིག་ཡོང་དགོས་ཞེས་དང་།

དེ་ཡང་ཚན་རིག་པ་ཚོས་རང་ཉིད་ཀྱི་སེམས་ཞི་བདེ་བག་ཕེབས་ཤིག་ཡོང་བར་བྱེད་རྒྱུ་གལ་ཆེན་ཡིན་པའི་སྐོར་ལ་༧མགོན་པོ་གང་ཉིད་ཀྱིས། ཐོག་མར་ཚན་རིག་པ་རང་ཉིད་ཀྱང་སེམས་ཞི་ཞིང་དུལ་བ་ཞིག་བྱེད་དགོས། ངོས་ཀྱི་གྲོགས་པོ་ཁག་གཅིག་ཀླད་པའི་ཚན་རིག་སྐོར་ལ་ཧ་ཅང་མཁས་པ་རེད། འོན་ཀྱང་ཁོང་རང་རྫོགས་རྒྱུ་མེད་པའི་སེམས་འཁྲལ་བྱེད་མཁན་ཞིག་འདུག དེར་བརྟེན་ཚན་རིག་པ་རང་ཉིད་ཀྱིས་བདེ་སྡུག་མྱོང་བའི་འགྲོ་སྟངས་རྒྱ་ཆེན་པོ་ཤེས་ཡོང་སྐབས། སྔོན་ལ་ཚན་རིག་པ་རང་ཉིད་ཀྱི་རྒྱུད་ལ་ཞི་བདེ་མང་ཙམ་བསླེབ་ཐབས་བྱེད་དགོས། ང་ཚོའི་ཚན་རིག་སློབ་དཔོན་ཚོར་སེམས་ལ་ཞི་བདེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་བཀའ་སློབ་བསྩལ་འདུག

གཞན་ཡང་། སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། དགེ་འདུན་པ་སློབ་གཉེར་བ་ཚོས་ནང་ཆོས་ཀྱི་སློབ་གཉེར་མ་རྩར་བཞག་སྟེ། ཚན་རིག་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་ཚན་རིག་བསླབ་དགོས་པ་རེད་ཅེས་ཚན་རིག་ལ་དོ་སྣང་གསར་པ་སླེབ་ནས་ཀླད་པའི་ནུས་པ་བརྒྱ་ཆ་མང་བ་ཚན་རིག་ཐོག་གཏོང་རྒྱུ་ཞིག་མིན། ཁྱེད་རང་ཚོ་མང་ཆེ་བ་ངོས་ཀྱི་མདུན་ནས་ཆོས་འབྲེལ་ཐོབ་པ་ཤ་སྟག་རེད། དེར་བརྟེན་སྔོན་ལ་སློབ་དཔོན་ལ་དཔེ་བལྟས་ནས་འགྲོ་དགོས། ངོས་ལ་ཆ་བཞག་ན། ཚན་རིག་ལ་ལྷ་སར་ཡོད་སྐབས་ནས་ཧ་ཅང་དོ་སྣང་ཡོད། འོན་ཀྱང་ངོས་རང་ཉིན་ཞག་གཅིག་ནང་དུས་ཚོད་མང་བ་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་རྒྱུ། དེ་བཞིན་ནང་པའི་གཞུང་དེ་དག་དུས་ཚོད་ནམ་ཁོམ་ལ་སློབ་སྦྱོང་བྱེད་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོས་ཚན་རིག་བསླབ་རྒྱུར་ཨ་གསར་བྱས་ནས་ཚུར་ཕྱོགས་འདིར་ད་ལྟ་བར་དུ་སློབ་གཉེར་བྱས་དང་བྱེད་མུས་ཡིན་པ་དེར་འཐུས་ཤོར་ཕྱིན་ན་རྩ་བ་ནས་འགྲིག་གི་མེད། ནང་ཆོས་སློབ་གཉེར་བྱ་རྒྱུ་དེ་ང་ཚོའི་མ་རྩ་རེད། ༧གུང་ཐང་རིན་པོ་ཆེ་མཆོག་གིས་རྩ་བ་བོར་ནས་ཡལ་ཀ་མ་འཛིན་ཨང། ཞེས་གསུངས་པ་ལྟར། གྲྭ་བཙུན་ཚོས་ནང་ཆོས་གཞི་རུ་བཞག་ནས་ཚན་རིག་སློབ་སྦྱོང་གནང་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་ལམ་སྟོན་བསྩལ་ཡོད་འདུག

ཡང་སྐབས་དེར་སེམས་ཁམས་ཞིབ་འཇུག་གླིང་གི་འགན་འཛིན་སྐུ་ཞབས་རི་ཆཱར་ཌི་(Richard J. Davidson)མཆོག་གིས། འདས་པའི་མི་ལོ་༢༥རིང་ལ་སེམས་དང་སྲོག་སློབ་གཉེར་ཁང་གི་ཚན་རིག་པ་དང་ཆེད་ལས་པ། སེམས་ཁམས་རིག་པ་བ་བཅས་༧གོང་ས་མཆོག་གི་བཞུགས་གནས་དྷ་རམ་ས་ལ་རུ་ཐེངས་མང་ལྷན་འཛོམས་ཀྱིས་བགྲོ་གླེང་ཞིབ་ལྷུག་གནང་ཡོད་ལ། སྐབས་དེར་མི་མང་པོ་མེད་ཀྱང་སྒོམ་ཉམས་ལེན་སོགས་ཀྱི་སྐོར་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད་ལ། དགོན་པ་ཁག་གི་ནང་དུ་ཚན་རིག་སློབ་སྦྱོང་བྱེད་པའི་ལས་གཞི་འདི་བོད་པའི་སྤྱི་ཚོགས་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་པས། གྲྭ་བཙུན་ཚོས་ནང་ཆོས་མིང་གཞི་བྱས་ཐོག་ཚན་རིག་ལ་སློབ་སྦྱོང་གང་ལེགས་གནང་དགོས་པའི་སྐོར་གསུངས་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།